སྤྱོད་འཇུག་ས་འགྲེལ།

(གསུམ་པ་)གཉི་གས་བསྒྲུབས་པའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས། གང་ཆོས་ཉན་པའི་རྒྱུའམ་ཆོས་འཆད་པའི་རྒྱུར་ཐ་ན་གོམ་པ་གཅིག་འདོར་རམ། ཐ་ན་དབུགས་གཅིག་འབྱིན་ནམ་རྔུབ་ཀྱང་རུང་སྟེ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བཀའ་སྩལ་ཞིང༌། དེ་བཞིན་བཤེགས་པའི་གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་གང༌། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་པ་བྱེ་བར་བརྗོད་མཛད་ཀྱང༌། །མཐར་ཕྱིན་པར་ནི་འགྱུར་མ་ལགས། །ཞེས་པ་ལྟར་བསོད་ནམས་བརྗོད་ཀྱིས་མི་ལང་ཞིང་མཐའ་ཡས་པ་རྣམས་འཐོབ་པའོ། ། ༢ རྟོགས་པའི་ཆོས་ལ་སྒྲུབ་པས་འཇུག་ཚུལ། གཉིས་པ་རྟོགས་པའི་ཆོས་ལ་སྒྲུབ་པས་འཇུག་ཚུལ་ནི། དེ་ལྟར་ལུང་རྣམ་པར་དག་པ་ལས་འབྱུང་བའི་དོན་དགེ་བའི་བཤེས་གཉེན་ལས་ཐོས་ཤིང་རང་གིས་ཀྱང་བསམས་པ་ལས་རྟོགས་པ་རྣམས་བླང་དོར་གྱིས་གྲུབ་ཅིང་ཉམས་སུ་ལེན་པར་བྱེད་པ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། ང་ཡིས་རབ་ཏུ་བཟང་བའི་ཆོས་བཤད་ཀྱང༌། །ཁྱེད་ཀྱིས་ཐོས་ནས་ཚུལ་བཞིན་མ་བསྒྲུབ་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་ན་ཡང༌། །རང་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་པ་ལྟར་ཆོས་ཀྱི་དོན་ཤེས་ཀྱང་ཉམས་སུ་མ་བླངས་ན་ནི་སྨན་བཟང་བོ་ཡོད་ཀྱང་མ་སྤྱད་པ་དང་འདྲ་བར་ཉོན་མོངས་པའི་ནད་རབ་ཏུ་ཞི་བར་མི་ནུས་པའི་ཕྱིར་རོ། །དེ་ཡང་ཟབ་མོའི་དོན་མ་བསྒོམས་ན་ཆོས་ཉིད་མངོན་སུམ་དུ་མཐོང་བར་མི་ནུས་པའི་ཕྱིར་གཙོ་ཆེར་མཉམ་བཞག་ཏིང་ངེ་འཛིན་སྒོམ་པ་ལ་བརྩོན་པར་བྱ་སྟེ། མདོ་ལས། ཆོས་འདི་བསྒོམས་པར་མ་གྱུར་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འཐུངས་སྐཽམ་པ་ཇི་ལྟར་སེལ། །ཞེས་པ་ལྟར་རོ། །རང་དོན་འབའ་ཞིག་དོན་དུ་གཉེར་བས་ནི་དེ་ཡང་མི་འགྲུབ་ཅིང་སྡུག་བསྔལ་བར་གནས་པས། གཞན་དོན་གཙོ་བོར་བྱས་ན་གཉི་གའི་དོན་གྲུབ་ནས་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རྗེས་ཐོབ་ཏུ་སེམས་ཅན་ལ་ཕན་པ་ཁོ་ན་བསྒྲུབ་པར་བྱ་སྟེ། རྒྱན་ལས། སྐྱེ་བོ་རྨོངས་པར་རང་གི་བདེ་དོན་བརྩོན། །དེ་མ་ཐོབ་པར་རྟག་ཏུ་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་བརྩོན་པ་ནི། །གཉི་གའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་པ་ལྟར་རོ། །མདོར་ན་ཆོས་ལ་མཁས་པ་ཞེས་པའི་དོན་ཡང་སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ཤེས་བཞིན་དུ་རང་གཞན་ཕན་ལ་པར་འཇུག་པ་སྟེ། རིན་ཆེན་ཕྲེང་བར། གང་ཞིག་ལུས་ངག་ཡིད་ཀྱི་ལས། །ཐམས་ཅད་ལེགས་པར་ཡོངས་བརྟགས་ཏེ། །བདག་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་མཁས་པའོ། ། ཞེས་པ་ལྟར་རོ། །དེ་བཞིན་དུ་བསྟན་པ་འཛིན་པ་ཞེས་བྱ་བའི་དོན་ཡང་ཉེས་སྤྱོད་སྡིག་པའི་ལས་ཐམས་ཅད་སྤངས་ནས་ལེགས་སྤྱོད་དགེ་བའི་ལས་ཕུན་ཚོགས་པ་ལ་བརྩོན་པས་རང་གི་སེམས་རྒྱུད་འདུལ་བར་བྱེད་པ་སྟེ། བཅོམ་ལྡན་འདས་ཀྱིས། སྡིག་པ་ཐམས་ཅད་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་ གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་དལ་འབྱོར་གྱི་ལུས་ཐོབ་ཅིང་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་འདི་ལྟ་བུའི་དུས་སུ་སྐྱེས་བུ་དམ་པའི་སྤྱོད་པ་ལ་འབད་པར་རིགས་ཏེ། དབུ་མའི་སྙིང་པོར། དམ་ཆོས་སྒྲོན་མ་དང་བཅས་ཤིང༌། །མི་ཁོམ་བརྒྱད་སྤངས་དལ་བ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །ཞེས་པ་ལྟར་རོ། ། གཉིས་པ། བསྟན་བཅོས་ཁྱད་པར་དུ་བཤད་པ། (གཉིས་པ་)སྐབས་སུ་བབས་པའི་བསྟན་བཅོས་ཁྱད་པར་དུ་བཤད་པ་ལ། ༼༡༽མཛད་པ་པོའི་སློབ་དཔོན། (གཉིས་ལས།  དང་པོ་)མཛད་པ་པོའི་སློབ་དཔོན་ནི་དཔལ་ལྡན་འཕགས་པ་ཞི་བའི་ལྷ་ཡིན་ཞིང༌། དེ་ཡང༌། རྒྱལ་སྲིད་རབ་སྤངས་༡གྲུབ་པ་བརྙེས༢། །གཙུག་ལག་གཉིས་ཀྱི་ཕྱོགས་༣ལས་རྒྱལ༤། རབ་བྱུང་༥བདེན་གཟིགས་༦རྫུ་འཕྲུལ་བསྟན༧། །ངོ་མཚར་བདུན་ལྡན་དེ་ལ་འདུད། །ཅེས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། བདག་ཉིད་ཆེན་པོ་འདི་ཉིད་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོར་མིའི་དབང་པོ་འཇམ་དཔལ་གོ་ཆ་ཞེས་པའི་སྲས་རྒྱལ་བུ་ཞི་བའི་གོ་ཆ་ཞེས་བྱ་བར་གྱུར་ཅིང༌། དེ་ཡང་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དང༌། ཐར་བ་ཆ་མཐུན་གྱི་དགེ་བའི་རྩ་བ་ཐོབ་པ་དང༌། ཐེག་པ་ཆེན་པོའི་རིགས་ལ་ཡང་དག་པར་གནས་པས། བླ་མ་དང་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པ་རྒན་རབས་ལ་གུས་པ་དང༌། ནང་བློན་དང་མཛའ་བཤེས་དང་ཕོ་བྲང་འཁོར་གྱི་མི་ཐམས་ཅད་ལ་ཡང་ཇི་ལྟར་འོས་པ་བཞིན་ཕན་འདོགས་པ་དང༌། ཕོངས་པ་དང་ནད་པ་དང་སློང་མོ་པ་ལ་སོགས་པ་དམན་མ་རྣམས་ཀྱང་སྙིང་རྗེས་སྐྱོང་བ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པ་འབའ་ཞིག་ལ་ཐུགས་གཞོལ་བའི་ངང་ནས་རིག་པ་དང་སྒྱུ་རྩལ་ཐམས་ཅད་ལ་ཡང་མཁས་པར་གྱུར་པས་རྒྱལ་ཚབ་ཏུ་དབང་བསྐུར་བར་བགྲོས་ཏེ། རིན་པོ་ཆེའི་ཁྲི་ཆེན་པོ་བཤམས་པ་ན་རྨི་ལམ་དུ་ཁྲི་ཆེན་པོ་དེ་ཉིད་ལ་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་ཚུལ་དང་མཐུན་པ་མ་ཡིན་ནོ། །ཞེས་གསུངས་པ་རྨི་བ་དང༌། རང་གི་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པས་ཆུ་དྲོན་མོའི་ཁྲུས་བྱེད་དུ་བཅུག་པ་ན་དེའི་དྲོད་མི་བཟོད་པ་གཟིགས་ནས། བུ་སྙིགས་མའི་དུས་སུ་རྒྱལ་སྲིད་བཟུང་ན་ཉོན་མོངས་བའི་དབང་གིས་མི་དགེ་བ་སྤྱད་དེ། ཕྱི་མ་ངན་སོང་དུ་འདི་བས་ཆེས་དྲག་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། ། དེ་བས་ན་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་ཀྱི་ཤར་ཕྱོགས་བྷང་གའི་ཡུལ་དུ་སོང་ཞིག དེར་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་གསུངས་པ་ལ་བརྟེན་ནས་རྒྱལ་སྲིད་ཀྱི་འབྱོར་པ་ལ་ཆགས་པ་སྤངས་ཏེ༡། རྟ་མཆོག་ལྗང་གུ་ལ་ཆིབས་ནས་ཉིན་ཞག་དུ་མར་བཟའ་བ་དང་བཏུང་བ་ཡིད་ལ་མི་བྱེད་པར་དམ་པའི་ཆོས་་དང་དགེ་བའི་བཤེས་གཉེན་འབའ་ཞིག་ཡིད་ལ་བྱེད་ཅིང་སོང་བ་ལས། བྷང་གའི་ནགས་མཐར་སླེབས་པ་དང་སྤྲུལ་བའི་བུ་མོ་ཞིག་དང་ཕྲད་པ་རྟ་འཛིན་དུ་བཅུག་སྟེ་ངལ་བས་ཆུ་འཐུང་བར་བརྩམས་པ་ན། དེ་ནི་དུག་གི་ཆུ་ཡིན་པས་མ་འཐུང་ཞིག་ཟེར་ནས་བདུད་རྩིའི་ཆུས་ཚིམ་པར་བྱས་པ་ལ་ཁྱེད་གང་ནས་འོངས་ཞེས་དྲིས་པས། ནགས་ཚལ་ཆེན་པོ་འདིའི་དབུས་ན་བདག་གི་བླ་མ་ཡོན་ཏན་དུ་མའི་ཚོགས་ཀྱིས་བརྒྱན་ཞིང༌། ཐུགས་རྗེ་དཔག་ཏུ་མེད་པ་མངའ་བ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་སྒྲུབ་པ་བཞུགས་ཏེ་དེའི་སྤྱན་སྔ་ནས་འོངས་སོ་ཞེས་ཐོས་སོ། །དེ་མ་ཐག་དབུལ་བོས་རིན་པོ་ཆེ་རྙེད་པ་ལྟར་དགའ་བས་དབུགས་ཕྱུང་བར་གྱུར་ཏེ། ཀྱེ་དེ་བདག་ལ་སྟོན་ཅིག་ཅེས་སྨྲས་ནས་སོང་བ་ན་ཤིན་ཏུ་ཟབ་པའི་ཐུགས་དང་ལྡན་ཞིང་ལུས་ངག་དུལ་བའི་སྤྱོད་ལམ་ལ་གནས་པའི་བླ་མ་དེ་ཉིད་གསེར་གྱི་རི་བོ་བཞིན་དུ་གཟི་བྱིན་དང་ལྡན་པར་མཐོང་ནས། གུས་པས་ཕྱག་བྱས་ཏེ་རྟ་མཆོག་རྒྱན་དང་བཅས་པ་ཕུལ་ནས་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྱི་གདམས་པས་རྗེས་སུ་འཛིན་པར་ཞུས་ཤིང་གསོལ་བ་བཏབ་པ་དང༌། དེས་ཀྱང་སྐལ་བ་དང་འཚམ་པར་གདམས་ངག་གནང་ཞིང་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་ཟབ་མོ་རྩེ་གཅིག་ཏུ་བསྒྲུབས་པས་འཇམ་པའི་དབྱངས་ཀྱང་མངོན་སུམ་དུ་གཟིགས་ཏེ་གྲུབ་པ་བརྙེས་པར་༢གྱུར་ཏོ། ། དེ་ནས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོར་སྤྱོད་པའི་བརྟུལ་ཞུགས་ལ་སོང་ཞིག་ཅེས་བླ་མས་རྗེས་སུ་གནང་བ་ལྟར་གཤེགས་ཏེ། མ་ག་དྷཱའི་རྒྱལ་པོའི་སྐུ་སྲུང་མཛད་ཅིང་འཇམ་པའི་དབྱངས་ཀྱི་ཕྱག་མཚན་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཞིག་བཟུང་ནས་ཆོས་ཀྱི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པས་ཕྱིར་རྒོལ་བ་རྣམས་ཟིལ་གྱིས་མནན་ཏེ་སྐྱེ་དགུ་ཐམས་ཅད་བདེ་བར་མཛད་པ་ན་མཚན་ཡང་མི་གཡོ་བའི་སྡེ་ཞེས་གྲགས་ཤིང་བཀུར་སྟི་ཆེན་པོ་ཐོབ་པ་ན། ཕྲག་དོག་ཅན་གཞན་དག་གིས་མ་བཟོད་པར་འདི་ལ་ནི་མཚོན་ཆ་ཡང་ཤིང་གི་རལ་གྲི་ལས་མེད་པའི་ཕྱིར་རྒྱལ་པོའི་སྐུ་སྲུང་མི་ནུས་པས་བརྟག་པར་འཚལ་ལོ་ཞེས་ཞུས་པ་དང༌། ཐམས་ཅད་ཀྱི་མཚོན་ཆ་རིམ་གྱིས་བལྟས་པ་ན་བདག་གི་རལ་གྲི་བལྟ་བར་མི་བཟོད་ཅེས་གསུངས་ཀྱང་ཡང་ཡང་ནན་གྱིས་གསོལ་བ་བཏབ་པས། འོ་ན་ཕྱོགས་དབེན་པར་སྤྱན་ཡ་ཅིག་ཕྱག་གིས་བཀབ་སྟེ་གཟིགས་སུ་གསོལ་ཞེས་སྨྲས་ནས་ཕྱུང་བས་དེའི་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་ཡ་གཅིག་ས་ལ་ལྷུང་སྟེ་དཔུང་དང་བཅས་པ་སྐྲག་ནས་སྐྱབས་སུ་སོང་བ་ལས། མིག་གི་བུ་གར་མིག་བཅུག་ནས་ཟུག་རྔུ་མེད་ཅིང་མཐོང་བར་བྱིན་གྱིས་བརླབས་པས་འཇིག་རྟེན་པ་ཐམས་ཅད་དད་པར་མཛད་༣དོ། ། དེ་བཞིན་དུ་སྤྱོད་པའི་བརྟུལ་ཞུགས་ལ་གནས་བཞིན་དུ་སོང་བ་ལས་ཕྱི་ནང་གཉི་གིས་སྦྱིན་བདག་རྒྱལ་པོ་ཞིག་ཡོད་པའི་སར་ཕྱི་པའི་པཎྜི་ཏ་ཤངྐ་ནནྡ་ཞེས་བྱ་བ་འོངས་ནས་ནང་པ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་ཏེ་གང་ཕམ་པ་རྒྱལ་པ་དེའི་བསྟན་པ་ལ་འཇུག་དགོས་སོ་ཞེས་ཟེར་བ་ཐོས་ནས། ནང་པའི་གནས་བརྟན་ཐུགས་མ་བདེ་བར་འཁོར་རྣམས་ལ་བསྙད་པས་དགེ་བསྙེན་ཞིག་ན་རེ་བདག་གིས་བཀྲུ་བཤལ་དོར་བའི་ཟེགས་མ་ཅུང་ཟད་སྒོ་དྲུང་ན་འདུག་པའི་རྣལ་འབྱོར་པ་ཞིག་གི་ཞབས་ལ་འཐོར་བ་རྣམས་ལྕགས་བསྲེགས་ལ་ཕོག་པ་བཞིན་ཁོལ་ཞིང་འབར་བར་མཐོང་བས་དེས་བཟློག་པར་ནུས་སམ་ཞེས་ཟེར་ཏེ་ཐམས་ཅད་ཀྱིས་བཙལ་ནས་གསོལ་བ་བཏབ་ཅིང་ཞལ་གྱིས་བཞེས་པ་དང༌། རྒྱལ་པོ་ལ་ཞུས་ནས་སྐྱེ་བོ་མང་པོ་འདུས་པའི་དབུས་སུ་ཁྲི་ཆེན་པོ་བཤམས་པ་ལ་ཕྱི་ནང་གི་པཎྜི་ཏ་རྣམས་འཁོད་ནས་གྲུབ་མཐའ་ལ་བརྩད་པས་ཀྱང་སློབ་དཔོན་མཆོག་ཏུ་གྱུར་ཅིང༌། མུ་སྟེགས་པ་རྣམས་ཀྱིས་བར་སྣང་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ན་སློབ་དཔོན་གྱིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་མ་ཐག་དཀྱིལ་འཁོར་དང་བཅས་པའི་མུ་སྟེགས་པ་རྣམས་དང་རྒྱལ་པོ་ཡང་རླུང་གིས་ཁྱེར་ཏེ་ལྗོན་ཤིང་རྣམས་ཀྱང་འགྱེལ་ཞིང་གྲུག་པར་གྱུར་པ་ལ་སོགས་པས་ཚར་བཅད་ཅིང༌། སླར་ཡང་ཏིང་ངེ་འཛིན་གྱི་མཐུས་རྗེས་སུ་བཟུང་སྟེ་མདུན་དུ་བཀུག་པ་ལ་ཁྲུས་དང་བྱུག་པ་དང་གོས་སྦྱིན་པ་ལ་སོགས་པས་བདེ་བར་བྱས་ནས་མུ་སྟེགས་ཅན་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པས་ཆོས་ཀྱི་གཙུག་ལག་ཀྱང་དར་ཞིང་རྒྱས་པར་མཛད་༤དོ། །དེ་ནས་དཔལ་ལྡན་ན་ལེནྡྲའི་གཙུག་ལག་ཁང་ཆེན་པོར་བྱོན་ནས་མཁན་པོའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་མཚན་ཡང་ཞི་བའི་ལྷ་ཞེས་བྱ་བར་བཏགས་ཤིང་༥། སྡེ་སྣོད་གསུམ་ལ་ཐོས་བསམ་རྣམ་པར་དག་པའང་མཛད་ནས་ཤིན་ཏུ་གཅེས་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་དང་སྤྱོད་པ་ལ་འཇུག་པའང་མཛད་ལ། གཙོ་ཆེར་ནང་དུ་ཡང་དག་འཇོག་གི་ཏིང་ངེ་འཛིན་ཟབ་མོ་སྒོམ་པ་ལ་ཆེས་ཆེར་བརྩོན་པར་མཛད་དོ། །དེ་ལྟར་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པས་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་ཡང་གཞན་དག་གིས་དེ་ལྟར་མ་རྟོགས་པར་ཕྱིའི་ཀུན་ཏུ་སྤྱོད་པ་ལ་དཔགས་ཏེ་ཟ་བ་(བྷུཀྟ་)ཉལ་བ་(སུཔྟ་)འཆག་པ་(ཀུཙྪི་ཝ་)གསུམ་ལས་གཞན་མི་བྱེད་པར་སྣང་བས་བྷུ་སུ་ཀུ་པ་ཞེས་བསྒྲགས་ཤིང༌། འདི་ནི་རབ་ཏུ་བྱུང་བའི་བྱ་བ་འཁོར་ལོ་གསུམ་ལས་གང་ཡང་མི་བྱེད་པར་དགེ་འདུན་གྱི་ནང་དུ་འདུག་པར་མི་རིགས་པས་བརྟགས་ལ་སུན་དབྱུང་བར་རིགས་སོ་ཞེས་བགྲོས་ནས། ལོ་རེ་ཞིང་ཆོ་འཕྲུལ་གྱི་ཟླ་བ་ལ་གསུང་རབ་འདོན་པའི་སྲོལ་ཡོད་པ་སློབ་དཔོན་ལ་ཞུས་པས་བདག་གིས་ནི་ཅི་ཡང་མི་ཤེས་སོ་ཞེས་ཡང་ཡང་གསུངས་ཀྱང་ནན་གྱིས་བཅོལ་བ་ཞལ་གྱིས་བཞེས་པ་དང༌། གཙུག་ལག་ཁང་གི་ཕྱི་རོལ་དབང་ལྡན་གྱི་མཚམས་སུ་ས་ཕྱོགས་ཡངས་པར་མཆོད་པ་རྣམ་པ་མང་པོ་བཤམས་ཤིང་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་སེང་གེའི་ཁྲི་མཐོན་པོ་བཤམས་པ་ལ་སྤྱན་དྲངས་ཏེ་བཞུགས་ནས། སྔོན་དྲང་སྲོང་གིས་གསུངས་པ་གྲགས་པ་ཞིག་གདོན་ནམ། དེའི་རྗེས་སུ་བྱུང་བ་སྔར་མ་གྲགས་པ་ཞྀག་གདོན་ཞེས་གསུངས་པ་ན྄ ཐམས་ཅད་ངོ་མཚར་དུ་གྱུར་ཏེ་མ་གྲགས་པ་ཞིག་འདོན་པར་ཞུས་པས། བསྟན་འཆོས་འདི་གསུངས་པ་ལས། གང་ཚེ་དངོས་དང་དངོས་མེད་དགད། ཅེས་པ་ལ་སོགས་པའི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་༦། འཕགས་པ་འཇམ་དཔལ་ཡང་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐྱེ་བོ་མང་པོས་མཐོང་ནས་ཤིན་ཏུ་དད་པར་གྱུར་ཏེ་སྐྱེས་བུ་དམ་པ་འདི་ནི་བློ་གྲོས་མི་ཟད་པའོ་ཞེས་ཀྱང་གྲགས་སོ། ། དེ་ནས་བསྔོ་བའི་ལེའུ་གསུངས་ཤིང་རྗེ་བཙུན་དང་བཅས་པ་ནམ་མཁའ་ལ་འཕགས་ནས་སྐུ་མི་སྣང་བར་གྱུར་ཀྱང་གསུང་ཐོས་པའི་སྒོ་ནས་གཞུང་རྫོགས་པར་གསུངས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་སོ་བ་ནཱ་ཐ་ཞེས་བྱ་བའི་རྟེན་ཡོད་པ་དང་ཉེ་བར་བྱོན་པ་ན། མུ་སྟེགས་ཀྱི་ཀུན་ཏུ་རྒྱུ་ལྔ་བརྒྱ་ཙམ་གནས་པ་ཞག་བདུན་གྱི་བར་དུ་རླུང་ཚུབ་ཆེན་པོ་བྱུང་བས་འཚོ་བ་ཆད་པ་རྣམས་བདག་ཅག་གི་འཚོ་བ་སྒྲུབ་ནུས་པ་ཡོད་ན་དེའི་གསུང་སྤྱི་བོས་ལེན་ཏོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས་འབྲས་ཆན་ལྷུང་བཟེད་གང་ཙམ་གྱི་བསོད་སྙོམས་ཏིང་ངེ་འཛིན་གྱིས་མང་པོར་བྱིན་གྱིས་བརླབས་ནས་ཐམས་ཅད་བདེ་བས་ཚིམ་པར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པར་༧གྱུར་ཏོ། ། དེའི་ཤུལ་དུ་ན་ལེནྡྲར་པཎྜི་ཏ་རྣམས་ཀྱིས་གཞུང་ཡི་གེར་བཀོད་པ་ན་ཁ་ཆེ་བ་རྣམས་ཀྱི་ལེའུ་དགུའི་བདག་ཉིད་ཤློ་ཀ་བདུན་བརྒྱ་ཡོད་པར་བཟུང་ལ། ཡུལ་དབུས་པ་རྣམས་ཀྱིས་ལེའུར་བཅུའི་བདག་ཉིད་ཤློ་ཀ་སྟོང་ཡོད་པར་བཟུང་བ་མ་མཐུན་པ་དང༌། བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་རྣམས་ཀུན་ལས་བཏུས་པའང་བལྟ་ཞེས་གསུངས་པའི་བསྟན་འཆོས་གཉིས་པོའང་མ་རྙེད་པར། གཟུངས་ཐོབ་པའི་པཎྜི་ཏ་གཉིས་ཀྱིས་ཕྱིན་ནས་ཞུས་པས། གཞུང་གི་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་ལ། བསྟན་འཆོས་གཉིས་པོའང་ཁོ་བའི་སྤོང་ཁང་ན་ཡོད་པས་ལྟོས་ཤིག་ཅེས་རྗེས་སུ་བསྟན་ཞིང༌། དེ་དག་གི་ལུང་ཡང་གནང་བས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་མཛད་དེ། གཞན་ཡང༌། འཇམ་དབྱངས་སྤྲུལ་བ་ཞི་བའི་ལྷས། ཞེས་ཛེ་ཏཱ་རིས་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པར་གསུངས་པ་དང༌། འཕགས་པ་ཞི་བའི་ལྷ་ཉིད་ཀྱིས། །ཞེས་ཤེས་རབ་འབྱུང་གནས་ཀྱིས་འཕགས་པའི་གང་ཟག་ཏུ་གསུངས་པ་དང༌། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བ་ལྷ་ཡི་མཛད་པ་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་བི་བྷཱུ་ཏི་ཙནྡྲས་མཛད་པ་ཕུན་སུམ་ཚོགས་པ་ཅན་དུ་གསུངས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའོ། ། ༼༢༽དེས་མཛད་པའི་བསྟན་བཅོས་ལ་བཞི། (གཉིས་པ་)དེས་མཛད་པའི་བསྟན་བཅོས་ལ། དོན་དང་མཐུན་པའི་མཚན་གྱི་དོན། དོན་ཆེན་སྒྲུབ་པ་སྤྱིའི་ཕྱག དོན་མཆོག་ལྡན་པའི་བསྟན་འཆོས་དངོས། དོན་དེ་ལེགས་པར་བསྒྱུར་བའི་ཚུལ་ལོ། ། དང་པོ། དོན་དང་མཐུན་པའི་མཚན་དོན། དང་པོ་ལ་བཞི་ལས། ༼༡༽མཚན་བསྒྱུར་བ། (དང་པོ་)བསྒྱུར་བ་ནི་ལེགས་པར་སྦྱར་བའི་སྐད་ཡིན་ཡང་འདྲ་བ་ལ་བཏགས་ནས་རྒྱ་གར་གྱི་སྐད་དུ་གཞུང་གི་མཚན་བོ་དྷི་སཏྭ་ཙརྻ་ཨ་ཝ་ཏཱ་ར་ཞེས་པ་བོད་སྐད་དུ་བསྒྱུར་ན་བོ་དྷི་བྱང་ཆུབ་སཏྭ་སེམས་དཔའ་ཙརྻ་སྤྱོད་པ་ལ་ཨ་ཝ་ཏཱ་ར་འཇུག་པ་ཞེས་པའོ། ། ༼༢༽མཚན་དོན་བཤད་པ། (གཉིས་པ་) བཤད་པ་ནི་སྤངས་རྟོགས་མཐར་ཕྱིན་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་དེའི་ཐབས་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པའམ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླང་བའི་ཚུལ་ལ་འཇུག་པ་སྟོན་པའོ། ། ༼༣༽མཚན་འདོགས་ཚུལ། (གསུམ་པ་)འདོགས་ཚུལ་ནི་དཔེ་དང་གཞུང་ཚད་དང་ཞུ་བ་པོ་དང་ཡུལ་དང་དུས་དང་བརྗོད་བྱ་ལས་བཏགས་པ་ལ་སོགས་པ་མང་དུ་ཡོད་པ་ལས། འདིར་ནི་བརྗོད་བྱ་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་ཚུལ་སྟོན་པས་ན་རྗོད་བྱེད་ལའང་དེ་སྐད་ཅེས་བྱ་སྟེ། (ཕྱོགས་གླང་གིས་)བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །ཞེས་པ་ལྟར་རོ། ། ༼༤༽མཚན་འདོགས་པའི་དགོས་པ། (བཞི་པ་)དགོས་པ་ལ་སྤྱིར་མིང་བཏགས་པ་ཐམས་ཅད་ཀྱི་དགོས་པ་ནི། གང་ལ་བརྡ་སྦྱར་བ་དེའི་དོན་བདེ་བླག་ཏུ་གོ་བ་སྟེ། མདོ་(ལང་གཤེགས་)ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །ཅེས་པ་ལྟར་རོ། །ཁྱད་པར་བརྗོད་བྱ་དང་མཐུན་པར་བཏགས་པས་ནི་བསྟན་འཆོས་ཀྱི་སྤྱིའི་རྣམ་པ་ཙམ་གོ་བ་ཡིན་ལ་ཀླད་དུ་སྨོས་པ་དང་རྒྱ་སྐད་བོད་སྐད་གཉིས་ཀས་སྨོས་པ་ནི་བདེ་བླག་ཏུ་རྟོགས་པ་དང་ལེགས་སྦྱར་ལ་བག་ཆགས་འཇོག་པ་དང་སྒྱུར་པ་པོའི་བཀའ་དྲིན་དྲན་པ་དང་ཕལ་ཆེར་འབྱུང་ཁུངས་བཟང་བར་ཤེས་པ་ལ་སོགས་པའི་ཆེད་དུའོ།