སྤྱོད་འཇུག་ས་འགྲེལ།

། ༢ གཞན་གྱིས་བརྟགས་པ་དགག་པ། (གཉིས་པ་)བརྟགས་པ་དགག་པ་ལ། གྲངས་ཅན་པས་བརྟགས་པ་དགག་པ་དང༌། རིགས་པ་ཅན་པས་བརྟགས་པ་དགག་པའོ། ། དང་པོ་ལ་བཞི་ལས། (དང་པོ་)སྒྲ་འཛིན་རྟག་པ་དགག་པ་ནི། གྲངས་ཅན་པ་དག་ན་རེ་རྣམ་ཤེས་བདག་མ་ཡིན་པ་མི་འཐད་དེ། བདག་རྟག་པ་ཐམས་ཅད་ལ་ཁྱབ་པ་རྣམ་སྨིན་ལ་ལོངས་སྤྱོད་པ་པོ་ཡུལ་སྒྲ་ལ་སོགས་པ་དེ་ཙམ་ལྔ་རིག་པའི་སེམས་ཀྱི་རང་བཞིན་གྱི་སྐྱེས་བུར་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་སྒྲ་སོགས་དེ་ཙམ་ལྔ་འཛིན་པ་ཡི་རྣམ་པར་ཤེས་པའི་བདག་རྟག་པར་ཡོད་ན། སྒྲ་ཡོད་པ་དང་མེད་པའི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པའི་ཤེས་པ་ཡོད་པར་ཐལ་བར་འགྱུར་ཏེ། སྒྲ་འཛིན་རང་བཞིན་རྟག་པའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་སྒྲ་འཛིན་ན་སྒྲ་ལ་ལྟོས་ནས་འཇོག་པ་ཡིན་པས་ཤེས་པར་བྱ་བའི་ཡུལ་སྒྲ་མེད་པའི་དུས་ན་སྒྲ་འཛིན་གྱིས་ཅི་ཞིག་རིག་སྟེ་ཅི་ཡང་རིག་པ་མི་སྲིད་ན། རྒྱུ་མཚན་གང་གིས་དུས་ཐམས་ཅད་དུ་སྒྲ་འཛིན་གྱི་ཤེས་པ་རྟག་གོ་ཞེས་རྗོད་པར་བྱེད་དེ་དེ་ལྟར་བརྗོད་པ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཡུལ་སྒྲ་མེད་པ་ན་དེ་ཤེས་པ་མེད་ཀྱང་སྒྲ་འཛིན་གྱི་ཤེས་པ་རྟག་པ་ཡིན་ན་ནི་ཤིང་བེམ་པོ་ཡང་སྒྲ་འཛིན་གྱི་ཤེས་པ་རྟག་པ་ཡིན་པར་ཧ་ཅང་ཐལ་བར་འགྱུར་ཏེ་རིགས་པ་མཚུངས་པའི་ཕྱིར་རོ། །གཟུང་པ་ལ་ལྟོས་ནས་འཛིན་པར་འཇོག་པ་དེས་ན་ཤེས་པར་བྱ་བ་སྒྲ་རུང་ཡུལ་དུ་ཉེ་བར་གནས་པ་མེད་པར་སྒྲ་འཛིན་གྱི་ཤེས་པ་དེའང་མེད་ཅེས་བྱ་བར་ངེས་པའི་ཕྱིར་སྒྲ་འཛིན་མི་རྟག་པ་ཉིད་དུ་གྲུབ་བོ། ། (གཉིས་པ་)དེས་གཟུགས་འཛིན་པ་དགག་པ་ནི། སྒྲ་མེད་ཀྱང་སྒྲ་འཛིན་ཡོད་པ་མི་འགལ་ཏེ་སྔར་གྱི་སྒྲ་འཛིན་དེ་ཉིད་ཀྱིས་ནི་ཕྱིས་སྒྲ་མེད་པའི་དུས་ན་གཟུགས་ལ་སོགས་པ་ཤེས་པའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་ན་གཟུགས་ཤེས་པ་དེ་ཉིད་ཀྱི་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་ཏེ་གཟུགས་འཛིན་ཤེས་པ་དེ་ཉིད་ཀྱིས་སྒྲ་ཡང་ཐོས་པ་ཐལ་བར་འགྱུར་རོ། །གལ་ཏེ་དེའི་ཚེ་སྒྲ་རུང་ཡུལ་དུ་མི་ཉེ་བའི་ཕྱིར་མི་ཐོས་སོ་ཞེ་ན། སྒྲ་ཉེ་བར་མེད་པས་མི་ཐོས་པ་དེས་ན་སྒྲ་མེད་པར་གྱུར་པ་དེའི་ཚེ་སྒྲ་འཛིན་གྱི་ཤེས་པའང་མེད་པ་ཉིད་དུ་གྲུབ་བོ། །གཞན་ཡང་སྒྲ་འཛིན་ཉན་ཤེས་ཀྱི་རང་བཞིན་དུ་མི་འགྱུར་བར་གནས་པ་གང་ཡིན་པ་དེ་ཡུལ་གཟུགས་སོགས་གཞན་ཡང་འཛིན་པར་ཇི་ལྟར་འགྱུར་ཏེ། སྒྲ་འཛིན་གཅིག་པུ་དེ་ཤེས་པ་དུ་མར་འགལ་བའི་ཕྱིར་རོ། ། (གསུམ་པ་)དཔེ་དང་སྦྱོར་བ་དགག་པ་ནི། ཁོ་ན་རེ་ཤེས་པ་གཅིག་ཉིད་ཀྱི་རེས་འགའ་སྒྲ་འཛིན་ཅིང་རེས་འགའ་གཟུགས་སོགས་འཛིན་པ་མི་འགལ་ཏེ། དཔེར་ན་སྐྱེས་བུ་གཅིག་ཉིད་རང་གི་བུ་ལ་ལྟོས་ནས་ཕ་དང་ཕ་ལ་ལྟོས་ནས་བུ་ཉིད་དུ་འཇོག་པ་མི་འགལ་བ་བཞིན་ནོ་ཞེ་ན། དེ་ལྟ་བུའི་དཔེ་མ་གྲུབ་པས་དེས་མཚོན་པའི་དོན་ཡང་མི་འགྲུབ་ཅེས་སྟོན་པ་ལ། སྐྱེས་བུ་གཅིག་ནི་ལྟོས་ས་གཉིས་ལ་ལྟོས་ཏེ་ཕ་དང་བུ་ཉིད་དུ་བརྟགས་ནས་བཞག་པ་ཙམ་ཡིན་པས་ཕ་དང་བུ་གཉིས་སུ་ཡང་དག་པར་བདེན་པ་ཉིད་ནི་མ་ཡིན་ཏེ། དངོས་པོ་གཅིག་ཉིད་རང་བཞིན་གཉིས་སུ་འགལ་བའི་ཕྱིར་རོ། །འདི་ལྟར་ཁྱེད་རང་གི་ལུགས་ལ་ཡང་རྡུལ་མུན་པ་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པའི་སྒོ་ནས་གཙོ་བོའི་རང་བཞིན་དུ་རྟག་ན་ནི་འགྲོ་བ་མ་ཡིན་ལ། ཆ་མི་མཉམ་པ་ལས་འགྲོ་བར་འདོད་པ་ན་ཡང་སྙིང་སྟོབས་དང་རྡུལ་དང་ནི་མུན་པ་རྣམས་གནས་སྐབས་རྣམ་འགྱུར་ལ་ལྟོས་ཏེ་ཕ་དང་བུར་བརྟགས་ནས་གཞག་པ་ཙམ་ཡིན་གྱི། དོན་དམ་པར་སྔ་ཕྱི་ཁྱད་མེད་ཀྱི་རང་བཞིན་གཅིག་ཏུ་འདོད་པས་བུའང་མིན་ལ་ཕ་ཡང་མིན་པ་བཞིན་ནོ། །དེས་ན་གཟུགས་འཛིན་པའི་རྣམ་ཤེས་གང་ཡིན་པ་དེ་ནི་སྒྲ་འཛིན་དང་ལྡན་པའི་རང་བཞིན་ཉིད་དུ་ནམ་ཡང་མཐོང་བ་མ་ཡིན་ཏེ། ཀུན་རྫོབ་ཙམ་དུ་རང་གི་ཡུལ་གཟུགས་ཁོ་ན་ལ་འཇུག་པར་ངེས་པའི་ཕྱིར་རོ། ། (བཞི་པ་)རྟག་གཅིག་བདེན་པར་དགག་པ་ནི། གར་མཁན་གཅིག་ཉིད་རྒྱན་དང་རྣམ་འགྱུར་མི་འདྲ་བས་ཐ་དད་དུ་སྟོན་པ་ལྟ་བུར་ཤེས་པ་གཅིག་པོ་དེ་སྒྲ་འཛིན་གྱི་ཚུལ་སྤངས་ནས་གཟུགས་འཛིན་གྱི་ཚུལ་གཞན་དུ་བསྟན་པ་ཉིད་ཀྱིས་གཟུགས་དེ་ཉིད་ཀྱང་མཐོང་ངོ་ཞེ་ན། དེ་ལྟ་ན་ཤེས་པ་དེ་རྟག་པ་མིན་པར་འགྱུར་ཏེ། གར་མཁན་ལྟར་ཚུལ་གཞན་དུ་མར་སྟོན་པའི་ཕྱིར་རོ། །གལ་ཏེ་གནས་སྐབས་ཚུལ་གཞན་དུ་མར་སྟོན་ཡང་རང་བཞིན་སྔར་གྱི་དེ་ཉིད་ཡིན་པའི་ཕྱིར་རྟག་པ་ཡིན་པ་མི་འགལ་ལོ་ཞེ་ན། སྒྲ་འཛིན་གྱི་ངོ་བོ་གཅིག་ཏུ་རྟག་པ་ཡང་ཡིན་ལ་གཟུགས་འཛིན་ལ་སོགས་པའི་ཚུལ་གཞན་དུ་མར་ཡང་སྟོན་པའི་གཅིག་པུ་ཉིད་དེ་ནི་གཞན་ལ་སྔོན་མེད་པ་གཅིག་ཁྱོད་ཀྱིས་རྙེད་པ་ངོ་མཚར་རོ་ཞེས་པ་སྟེ། བརྟགས་ན་ཤིན་ཏུ་འགལ་བའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་དབང་གིས་ཚུལ་གཞན་དུ་མར་སྣང་ཡང་ཤེས་པའི་ངོ་བོ་ཐ་དད་དུ་བདེན་པ་མིན་པས་གཅིག་ཡིན་པ་མི་འགལ་ལོ་ཞེ་ན། འོ་ན་སྒྲ་འཛིན་དང་གཟུགས་འཛིན་ལ་སོགས་པ་དེ་ཡི་རང་བཞིན་གཅིག་ཏུ་བདེན་པར་འཇོག་པའི་སྒྲུབ་བྱེད་གང་ཡིན་པ་དེ་སྨྲོས་ཤིག་ཅེས་དྲིས་པ་ལ། ཁོ་ན་རེ་སྔ་ཕྱི་ཐམས་ཅད་ཀྱང་ཤེས་པ་ཙམ་ཉིད་དུ་མཚུངས་བའི་ཕྱིར་དེ་དག་རང་བཞིན་གཅིག་ཏུ་འཇོག་གོ་ཅེ་ན་དེ་ལྟ་ན་སྐྱེས་བུ་ཐ་དད་པ་ཀུན་གྱི་ཤེས་རྒྱུད་ཀྱང་གཅིག་ཉིད་དུ་བདེན་པར་ཐལ་བར་འགྱུར་ཏེ། ཤེས་པ་ཙམ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེར་མ་ཟད་ཁྱེད་རང་འདོད་པའི་བདག་སེམས་པ་ཅན་དང་གཙོ་བོ་སེམས་མེད་པ་དེ་དག་ཀྱང་དངོས་པོ་གཅིག་ཉིད་དུ་འགྱུར་ཏེ། གང་གི་ཕྱིར་ན་དངོས་པོར་ཡོད་པ་ཙམ་ཉིད་དུ་མཚུངས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་ཤེས་པའི་བྱེ་བྲག་སྒྲ་འཛིན་དང་གཟུགས་འཛིན་ལ་སོགས་པ་ཐམས་ཅད་ཕྱིན་ཅི་ལོག་ཡིན་གྱི་ཐ་དད་དུ་བདེན་པ་མེད་པར་འདོད་པ་དེའི་ཚེ་ཤེས་པ་ཙམ་དུ་འདྲ་བའི་རྟེན་སྤྱི་གཅིག་ཏུ་བདེན་པ་དེའང་གང་ཞིག་ཡིན་ཏེ་གང་དུའང་གྲུབ་པ་མེད་པར་འགྱུར་རོ། ། (གཉིས་པ་)རིགས་པ་ཅན་པས་བརྟགས་པ་དགག་པ་ནི། ཁོ་ན་རེ་ཤེས་རིག་གི་ངོ་བོར་གྱུར་པའི་བདག་མི་འཐད་པ་བདེན་ནའང༌། རྟག་པ་གཅིག་པུ་ཐམས་ཅད་ལ་ཁྱབ་པ་སྐྱེས་བུའི་རྒྱུད་དུ་གཏོཊ་པའི་བེམ་པོ་སེམས་ཐ་དད་དུ་ལྡན་པས་ཡུལ་ལ་ལོངས་སྤྱོད་པའི་བདག་ནི་བདེན་པར་ཡོད་དོ་ཞེ་ན། དེ་ལྟར་སེམས་མེད་པའི་དངོས་པོ་ཡང་ཡུལ་ལ་ལོངས་སྤྱོད་པ་པོའི་བདག་མིན་པ་ཉིད་དེ་སེམས་སམ་ཤེས་རིག་གི་ངོ་བོར་མེད་པ་ཉིད་ཀྱི་ཕྱིར་དཔེར་ན་བུམ་པ་དང་སྣམ་བུ་ལ་སོགས་པའི་བེམ་པོ་བཞིན་ནོ། །འོན་ཏེ་སེམས་ཀྱི་ངོ་བོར་མེད་ཀྱང་སེམས་རྫས་གཞན་དང་ལྡན་པར་ཡོད་པའི་ཕྱིར་ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་ནོ་ཞེ་ན། བདག་དེ་སེམས་རྫས་གཞན་དང་ལྡན་པས་ཤེས་རིག་གི་ངོ་བོར་འགྱུར་ན་ནི་མི་ཤེས་པ་བེམ་པོའི་རང་བཞིན་དུ་རྟག་པའི་བདག་དེ་འཇིག་ཅིང་མི་རྟག་པར་ཐལ་བར་འགྱུར་ལ། ཅི་སྟེ་བདག་ལ་སེམས་དང་ལྡན་པས་ཤེས་རིག་གི་ངོ་བོར་འགྱུར་བ་མེད་ན་ནི་སེམས་རྫས་གཞན་དང་ལྡན་པས་བདག་བེམ་པོ་དེ་ལ་ཡུལ་རིགས་པར་འགྱུར་བའི་ཁྱད་པར་ཅི་ཞིག་བྱས་ཏེ་ཅི་ཡང་བྱས་པ་མེད་པས་ཡུལ་ལ་ལོངས་སྤྱོད་པ་པོར་འགལ་ལོ། །དེ་ལྟར་བེམ་པོ་ཡིན་པས་ཡུལ་ཤེས་པ་མེད་ཅིང་རྟག་པ་ཡིན་པས་བྱ་བྱེད་ཐམས་ཅད་དང་བྲལ་ལ། ཐམས་ཅད་དུ་ཁྱབ་པར་སོང་བ་ཞིག་བདག་ཡིན་པར་འདོད་ན་ནི་འདུས་མ་བྱས་ནམ་མཁའ་ཡང་བདག་ཏུ་བྱས་པ་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟར་ཡང་མ་ཡིན་ནོ། ། ༣ དེ་ལ་རྩོད་པ་སྤང་པ། (གསུམ་པ་)རྩོད་པ་སྤང་པ་ལ་གཉིས་ལས། (དང་པོ་)ཐུན་མོང་པའི་ལས་འབྲས་མི་འཐད་པ་སྤང་པ་ནི། གལ་ཏེ་བདག་རྟག་པ་ནི་བདེན་པར་ཡོད་པ་མིན་ན་རྒྱུ་ལས་དགེ་མི་དགེ་བྱས་པ་ལས་འབྲས་བུ་རྣམ་སྨིན་འདོད་མི་འདོད་འབྲེལ་བར་འབྱུང་བ་རིགས་པ་མིན་པར་འགྱུར་ཏེ། ལས་བྱས་ནས་ནི་བྱེད་པ་པོའི་བདག་དེ་མི་རྟག་ཅིང་ཞིག་པས་འབྲས་བུ་མྱོང་དུས་ན་མེད་པའི་ཕྱིར་རོ། །དེ་བས་ན་བྱེད་པ་པོ་སུ་ཡིས་མྱོང་ཞིང་བསགས་པའི་ལས་འབྲས་སུ་འབྲེལ་བར་འགྱུར་ཏེ་མི་འགྱུར་རོ་ཞེ་ན་སྐྱོན་མེད་དེ། སྔར་བྱ་བའི་ལས་བྱེད་པ་པོ་དང་ཕྱིས་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་པོ་དག་གཞི་ཐ་དད་ཡིན་པར་ནི་ཁྱེད་དང་ངེད་གཉིས་ཀ་ལ་མཚུངས་པར་གྲུབ་པའི་ཕྱིར་དང༌། ཁྱེད་བདག་རྟག་པ་དང་བེམ་པོར་འདོད་པའི་ལུགས་དེར་ཡང་བདག་རྟག་པས་ལས་བྱེད་པ་དང་བེམ་པོས་རྣམ་སྨིན་མྱོང་བ་མེད་པར་ཡང་འུ་བུ་ཅག་གཉི་ག་ལ་མཐུན་སྣང་དུ་གྲུབ་དགོས་པས་ན། སྐབས་འདིར་ལས་རྒྱུ་འབྲས་འབྲེལ་བ་མ་གྲུབ་པར་ཐལ་ཞེས་ངེད་ཁོ་ན་ལ་བརྩད་པ་ནི་དོན་མེད་པ་མ་ཡིན་ནམ་སྟེ་དོན་མེད་པ་ཉིད་ཀྱི་ཕྱིར་རོ། །བརྩད་པ་དོན་མེད་པ་མ་ཡིན་ཏེ། བདག་མེད་ན་ནི་ལས་བྱས་པ་ཆུད་ཟ་བ་ལ་སོགས་པའི་ཉེས་པ་འབྱུང་ཞིང་བདག་ཡོད་པས་དེ་ཉིད་ཀྱིས་རྣམ་སྨིན་མྱོང་བའི་ཕྱིར་རོ་ཞེ་ན། རྒྱུ་ལས་བྱས་པ་དང་ལྡན་པའི་བདག་རྟག་པ་གཅིག་པུ་དེ་ཉིད་ཀྱིས་འབྲས་བུ་རྣམ་སྨིན་མྱོང་བ་དང་བཅས་པ་ཞེས་བྱ་གཞི་མཐུན་པར་མཐོང་བ་དེ་ནི་ཕྱིན་ཅི་ལོག་ཡིན་གྱི། དོན་ལ་གནས་པ་སྲིད་པ་མ་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་དུས་མཉམ་དུ་གྲུབ་པར་ཤིན་ཏུ་འགལ་བའི་ཕྱིར་རོ། །འོ་ན་ཁྱེད་རང་གི་ལུང་ལས་ཀྱང་རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་ཉིད་ཀྱིས་མྱོང་བར་བཤད་པ་དང་འགལ་ལོ་ཞེ་ན་དེ་ནི་སྐད་ཅིག་སྔ་ཕྱི་བར་མ་ཆད་དུ་རྒྱུ་འབྲས་འབྲེལ་པར་འབྱུང་བའི་ཕུང་པོའི་རྒྱུན་གཅིག་ལ་ནི། གང་ཟག་ཏུ་བཏགས་པ་ལ་བརྟེན་ནས་སུ་དང་པོར་ལས་བྱེད་པ་པོ་དང་ཕྱིས་རྣམ་སྨིན་ལ་ལོངས་སྤྱོད་པ་པོ་ཞེས་བྱ་བར་གདུལ་བྱའི་བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་བསྟན་པ་སྟེ། འདི་ཉིད་ཀྱིས་བྱས་པའི་ལས་ཇི་ལྟར་གཞན་གྱིས་མྱོང་བར་འགྱུར། དགེ་སློང་དག་བྱས་ཤིང་བསགས་པའི་ལས་འདི་ནི་ཕྱི་རོལ་གྱི་སའི་ཁམས་ལ་སོགས་པ་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་ལ་སྨིན་པར་འགྱུར་རོ་ཞེས་པ་ལ་སོགས་པས་སོ། །རྒྱན་ལས་ཀྱང༌། གང་ཟག་བཏགས་པའི་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་ཀུན་རྫོབ་ལས་འབྲས་ལ་ཡིད་ཆེས་པའི་དོན་དུ་བཏགས་ནས་བསྟན་པ་ཡིན་གྱི་དོན་དམ་དུ་རྫས་སུ་གྲུབ་པ་ནི་མེད་པར་གསུངས་སོ། །དེ་ལ་སྔ་ཕྱིར་རྗེས་སུ་འབྲེལ་བའི་སེམས་རྒྱུད་དེ་ཉིད་བདག་ཡིན་ནོ་ཞེ་ན་མ་ཡིན་ཏེ་དུས་གསུམ་ལ་བརྟགས་ན་མི་རྙེད་པའི་ཕྱིར་རོ། །དེ་ཡང་འདས་པའི་སེམས་དང་མ་འོངས་པ་ཡི་སེམས་ནི་བདག་མིན་པ་ཉིད་དེ། འདས་པ་ནི་འགགས་ནས་མེད་པའི་ཕྱིར་དང༌། མ་འོངས་པ་དེ་ནི་མ་སྐྱེས་ནས་མེད་པའི་ཕྱིར་རོ། །འོན་ཏེ་སྐྱེས་ལ་མ་འགགས་པ་ད་ལྟར་པའི་སེམས་དེ་བདག་ཡིན་ནོ་སྙམ་ན། དེ་ཞིག་པ་ན་ཡང་བདག་མེད་དོ། །ཞེས་བྱ་བར་འགྱུར་ཏེ།  འདུས་བྱས་ཐམས་ཅད་སྐྱེས་མ་ཐག་འཇིག་པས་སྐད་ཅིག་གཉིས་པ་ཕན་ཆད་དུ་མི་གནས་པའི་ཕྱིར་རོ། །མདོར་བསྡུས་ཏེ་དཔེར་བརྗོད་ན་ཆུ་ཤིང་གི་སྡོང་པོ་དག་ལ་ཆ་ཤས་སུ་ཕྱེ་ཞིང་ཤུན་པ་རྣམས་རིམ་གྱིས་བསལ་ན་ཆ་ཤས་ཅན་གྱི་དངོས་པོ་འགའ་ཡང་མེད་པ་དེ་བཞིན་དུ་ཕུང་པོ་ཁ་ཡར་པ་དང་ཚོགས་པ་ལ་རྣམ་པར་བརྟགས་ཤིང་དཔྱད་པ་ཡིས་ལེགས་པར་ཡོངས་སུ་བཙལ་ན་བདག་ཀྱང་དོན་དམ་དུ་ཡང་དག་པར་ཡོད་པ་མིན་པར་གྲུབ་བོ། ། (གཉིས་པ་)ཐེག་ཆེན་པའི་སྙིང་རྗེ་མི་འཐད་པར་ཐལ་པ་སྤང་པ་ནི། གལ་ཏེ་བདག་དང་སེམས་ཅན་དང་སྐྱེས་བུ་དང་གང་ཟག་ལ་སོགས་པ་ནི་རྣམ་གྲངས་ཡིན་པས་དེ་དག་ཡོད་པ་མིན་ན་ཡུལ་མ་གྲུབ་པས་སུ་ལ་དམིགས་ཏེ་སྙིང་རྗེ་བསྒོམ་པར་བྱ་ཞེ་ན། དཔྱད་ན་དོན་དམ་དུ་གྲུབ་པ་མེད་ཀྱང༌། འབྲས་བུ་སངས་རྒྱས་ཐོབ་པའི་དོན་དུ་གཞན་གྱི་དོན་བྱ་བར་ཁས་བླངས་པའི་དམིགས་ཡུལ་ནི་ཀུན་རྫོབ་འཁྲུལ་སྣང་མ་འགགས་ཀྱི་བར་དུ་བྱིས་པ་རྨོངས་པ་རྣམས་ཀྱི་མ་རིག་པས་བརྟགས་པ་གང་ཡིན་པའི་སེམས་ཅན་སྒྱུ་མ་ལྟ་བུ་གྲུབ་པས། དེ་དག་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ཤིན་ཏུ་རིགས་པའོ། དེ་ལྟར་སེམས་ཅན་དོན་ལ་གྲུབ་པ་མེད་ན་སྙིང་རྗེ་བསྒོམས་པའི་འབྲས་བུ་སུ་ཡིས་ཐོབ་པར་འགྱུར་བ་ཡིན་ཞེ་ན། བདག་དང་སེམས་ཅན་དོན་དམ་དུ་གྲུབ་པ་མེད་པ་ནི་བདེན་ཏེ་འོན་ཀྱང་ཀུན་རྫོབ་འཁྲུལ་པའི་བློ་ངོར་བྱིས་པ་རྨོངས་པས་བརྟགས་པའི་སེམས་ཅན་ཡོད་པ་ལས་སྙིང་རྗེ་བསྒོམས་པའི་འབྲས་བུ་ཐོབ་པར་འདོད་པའང་མི་འགལ་ལོ། །རྨོངས་པ་ནི་ཐམས་ཅད་དུ་སྤང་པར་བྱ་བ་མ་ཡིན་ནམ་དེས་བརྟགས་པའི་ཡུལ་ཁས་བླངས་ནས་ཅི་ཞིག་བྱ་ཞེ་ན༑ རང་གཞན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་མཐའ་དག་ཉེ་བར་ཞི་བའི་དོན་དུ་འབྲས་བུ་དོན་དམ་པའི་བདེན་པ་རྟོགས་པར་བྱ་བའི་ཕྱིར་རྨོངས་པའི་སྣང་ཡུལ་དུ་གྲུབ་པའི་ཀུན་རྫོབ་འདི་རེ་ཞིག་བཟློག་པར་མི་བྱ་སྟེ། ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་དོན་དམ་ཡེ་ཤེས་ཀྱི་ཚོགས་འབྱུང་ཞིང་ཚོགས་གཉིས་མཐར་ཕྱིན་པ་ལས་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་རོ། །དེ་ལྟ་ན་བདག་གི་སྡུག་བསྔལ་ཞི་བའི་དོན་དུ་བདག་ཏུ་རྨོངས་པའང་བཟློག་པར་བྱ་བ་མ་ཡིན་ནོ་ཞེ་ན། ཀུན་རྫོབ་ཙམ་དུ་བདག་བཏགས་པ་བ་འདོད་ན་ནི་བཟློག་པར་བྱ་བ་མ་ཡིན་མོད། འཁོར་བའི་སྡུག་བསྔལ་མཐའ་དག་གི་རྒྱུར་གྱུར་པ་ཡི་ང་རྒྱལ་ལ་སོགས་པ་ཉོན་མོངས་པ་དང་ལས་ངན་པ་ཐམས་ཅད་ནི་བདག་དོན་དམ་དུ་བདེན་པར་འཛིན་པའི་རྨོངས་པ་ལ་བརྟེན་ནས་འཕེལ་བར་འགྱུར་བའི་ཕྱིར། དེ་ལྟ་བུའི་རྨོངས་པ་ནི་བཟློག་པར་བྱ་སྟེ། རྣམ་འགྲེལ་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་ལྡན། །དེ་དག་དང་ནི་འབྲེལ་པ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་ལྟར་རོ། །བདག་འཛིན་སྤངས་པ་དེ་ལས་ཀྱང་སྡུག་བསྔལ་གྱི་རྒྱུ་ང་རྒྱལ་ལ་སོགས་པ་བཟློག་ནུས་པའི་ངེས་པ་མེད་དོ་ཞེ་ན། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཡིན་ནོ། །ཞེས་པ་ལྟར་བདག་མེད་སྒོམ་པ་ནི་གཉེན་པོ་རྣམས་ཀྱི་མཐར་ཐུག་མཆོག་ཏུ་གྱུར་བ་ཡིན་པས་ཉེས་པ་མཐའ་དག་སྤོང་པར་ནུས་ཏེ། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། ཤིང་གི་རྩ་བ་བཅད་པས་ཡལ་ག་དང་ལོ་འདབ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིགས་ཚོགས་ལ་ལྟ་བ་ཉེ་བར་ཞི་བས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟར་ཡིན་ནོ། ། ➋ ཆོས་ཀྱི་བདག་མེད་ལ་འཇུག་ཚུལ། (གཉིས་པ་)ཆོས་ཀྱི་བདག་མེད་ལ་འཇུག་ཚུལ་ནི། དྲན་པ་ཉེ་བར་གཞག་པ་བཞི་ལས་བརྩམས་ཏེ་སྟོན་པ་ལ། (གཉིས་ལས་ (༡) སྤྱི་དོན་ལ་གཉིས། དང་པོ་)སྤྱི་དོན་གཉིས་ཏེ། ཐུན་མོང་དུ་བསྟན་པ་དང༌། ཁྱད་པར་དུ་འཕགས་ཚུལ་ལོ། ། ༡ ཐུན་མོང་དུ་བསྟན་པ། དང་པོ་ནི་དོན་ལྔས་རིགས་པར་བྱ་སྟེ། ཀུན་ལས་བཏུས་སུ། དྲན་པ་ཉེ་བར་གཞག་པ་གང་ཞེ་ན༑ དམིགས་པ་དང་ངོ་བོ་ཉིད་དང་གྲོགས་དང་སྒོམ་པ་དང་བསྒོམས་པའི་འབྲས་བུར་རིག་པར་བྱའོ། །ཞེས་པ་ལྟར་རོ། །དེ་ལ་(དང་པོ་)དམིགས་ཡུལ་ནི། ཕྱི་ནང་གི་ལུས་དང་ཟག་བཅས་ཀྱི་ཚོར་བ་དང་རྣམ་ཤེས་ཀྱི་སེམས་དང་འཁོར་འདས་ཀྱི་ཆོས་ལ་དམིགས་པ་སྟེ། བྱིས་པ་རྣམས་ལུས་ལ་བདག་གི་རྟེན་གྱི་དངོས་པོ་དང༌། ཚོར་བ་ལ་བདག་གི་ལོངས་སྤྱོད་ཀྱི་དངོས་པོ་དང༌། སེམས་ལ་བདག་གི་རང་བཞིན་གྱི་དངོས་པོ་དང༌། ཆོས་ལ་བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པའི་དངོས་པོའོ་ཞེས་ཕྱིན་ཅི་ལོག་ཏུ་འཛིན་པས་དེ་རྣམས་སྤང་པར་བྱ་བའི་ཆེད་དུ་བསྟན་པའོ། ། (གཉིས་པ་)ངོ་བོ་ཉིད་ནི། དམིགས་ཡུལ་དེ་དག་གི་གནས་ལུགས་ཇི་ལྟ་བར་རྟོགས་པའི་ཤེས་རབ་དང༌། རྟོགས་པའི་དོན་ལ་མི་བརྗེད་པའི་དྲན་པ་ཉེ་བར་གནས་པའོ། ། (གསུམ་པ་)གྲོགས་ནི། དྲན་ཤེས་དེ་དག་དང་མཚུངས་པར་ལྡན་ཅིང་ལྷན་ཅིག་ཏུ་སྐྱེས་པའི་སེམས་དང་སེམས་བྱུང་བའི་ཆོས་ཡིད་ཀྱི་རྣམ་པར་ཤེས་པ་དང་ཀུན་འགྲོ་ལྔ་ལ་སོགས་པའོ། ། (བཞི་པ་)སྒོམ་ཚུལ་ནི། རང་གཞན་གྱི་ལུས་ལ་ཆགས་པའི་གཉེན་པོར་གང་ལ་ཆགས་པའི་ལུས་དང༌། དུར་ཁྲོད་ཀྱི་ཀེང་རུས་དང་རྣམ་པར་སྔོས་པ་དང་རྣམ་པར་གནག་པ་དང་རྣམ་པར་བམ་པ་ལ་སོགས་པར་རྟོག་ཡུལ་དུ་སྣང་བའི་ལུས་མི་གཙང་བའི་ངོ་བོར་མཉམ་པ་ཉིད་དུ་རྗེས་སུ་ལྟ་ཞིང་དྲན་པ་ལ་འཇོག་པ་དང༌། ཚོར་བ་ལ་སྲེད་པའི་གཉེན་པོར་འདི་ལྟར་གང་ཅི་ཚོར་ཡང་རུང་འདི་ནི་འདིར་སྡུག་བསྔལ་ལོ་ཞེས་གསུངས་པ་ལྟར་ཟག་བཅས་ཀྱི་ཚོར་བ་ཐམས་ཅད་སྡུག་བསྔལ་བར་མཉམ་པ་ཉིད་དུ་ལྟ་ཞིང་དྲན་པ་ལ་འཇོག་པ་དང༌། སེམས་ལ་རྟག་པར་འཛིན་པའི་གཉེན་པོར། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་པ་ལྟར་རྣམ་པར་ཤེས་པའི་སེམས་ནི་སྐད་ཅིག་གིས་སྐྱེ་འགག་བྱེད་པས་རང་གཞན་གྱི་སེམས་ཐམས་ཅད་མི་རྟག་པར་མཉམ་པ་ཉིད་དུ་རྗེས་སུ་ལྟ་ཞིང་དྲན་པ་ལ་འཇོག་པ་དང༌། ཆོས་ལ་བདག་ཏུ་ལྟ་བའི་གཉེན་པོར། ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་གསུངས་པ་ལྟར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་དུ་རྗེས་སུ་ལྟ་ཞིང་དྲན་པ་ལ་ཉེ་བར་འཇོག་པའོ། ། (ལྔ་པ་)འབྲས་བུ་ནི། དེ་ལྟར་མི་གཙང་བ་དང་སྡུག་བསྔལ་བ་དང་མི་རྟག་པ་དང་བདག་མེད་པ་རྣམས་བསྒོམས་པས། ལུས་གཙང་བར་འཛིན་པ་དང་ཚོར་པ་བདེ་བར་འཛིན་པ་དང་སེམས་རྟག་པར་འཛིན་པ་དང་ཆོས་བདག་ཡོད་དུ་འཛིན་པའི་ཕྱིན་ཅི་ལོག་བཞི་སྤོང་པ་དང༌། དབུས་མཐར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་པ་ལྟར་ལུས་འདུ་བྱེད་གནས་ངན་ལེན་གྱི་སྡུག་བསྔལ་གྱིས་བསྡུས་པར་རིག་ནས་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་འཇུག་ཅིང༌། ཚོར་བ་ཀུན་འབྱུང་སྲེད་པའི་རྒྱུར་རིག་ནས་ཀུན་འབྱུང་སྤོང་པ་ལ་འཇུག་ལ། སེམས་བདག་ཏུ་ཞེན་པའི་གཞིར་རིག་ཅིང་བདག་ཆད་ཀྱིས་དོགས་པའི་སྒོ་ནས་མྱང་འདས་ལ་སྐྲག་པ་མེད་པས་འགོག་པ་མངོན་དུ་བྱེད་པ་ལ་འཇུག་སྟེ། ཆོས་ཉོན་མོངས་རྣམ་བྱང་སྤང་གཉེན་དུ་རིག་ཅིང་མ་རྨོངས་པས་ལམ་སྒོམ་པ་ལ་འཇུག་པས་ན་འཕགས་པའི་བདེན་པ་བཞི་ལ་འཇུག་པ་དང༌། ཟག་བཅས་ཀྱི་ལུས་ལ་སོགས་པ་དང་བྲལ་ནས་ཟག་པ་མེད་པའི་ཡོན་ཏན་རྣམས་རིམ་ཀྱིས་འཐོབ་པ་ལ་སོགས་པའོ། ། ༢ ཁྱད་པར་དུ་འཕགས་ཚུལ། (གཉིས་པ་)ཁྱད་པར་འཕགས་ཚུལ་ལ། (གཉིས་ལས་དང་པོ་)མདོར་བསྟན་ནི། རྒྱན་ལས། བློ་ལྡན་དྲན་པ་ཉེར་གཞག་པ། །སྒོམ་པ་རྣམ་པ་བཅུ་བཞི་ཡིས། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས། །ཞེས་པ་སྟེ་ཐེག་པ་ཆེན་པོ་པ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ནི་ཐེག་པ་ཆུང་ངུ་བ་རྣམས་དང་མཚུངས་པ་མེད་པའི་ཕྱིར། དོན་རྣམ་པ་བཅུ་བཞིས་ཁྱད་པར་དུ་འཕགས་པ་ཉིད་དོ། ། (གཉིས་པ་)རྒྱས་བཤད་ནི། དོན་རྣམ་པ་བཅུ་བཞི་པོ་གང་ཞེ་ན། རྟེན་དང་གཉེན་པོ་དག་དང་ནི། །དེ་བཞིན་དུ་ནི་འཇུག་པ་དང༌། །དམིགས་པ་དང་ནི་ཡིད་བྱེད་དང༌། །ཐོབ་པས་སྒོམ་པ་ཁྱད་པར་འཕགས། །མཐུན་དང་རྗེས་སུ་འཇུག་པ་དང༌། །ཡོངས་སུ་ཤེས་དང་སྐྱེ་བ་དང༌། །ཆེན་པོ་དང་ནི་མཆོག་ཉིད་དང༌། །སྒོམ་དང་ཡང་དག་འགྲུབ་པ་གཞན། །ཞེས་པ་སྟེ། ཐེག་ཆེན་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལས་བྱུང་བའི་ཤེས་རབ་རྣམ་དག་ལ་བརྟེན་ནས་སྒོམ་པའི་ཕྱིར་ཡང་ཁྱད་པར་དུ་འཕགས་ཤིང༌། དེ་བཞིན་དུ་སྦྱར་ཏེ་སྔར་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་གཙང་བ་དང་སྡུག་བསྔལ་བ་དང་མི་རྟག་པ་དང་བདག་མེད་པར་སྒོམ་པ་རྣམས་ཀྱང༌། ཆོས་ཀྱི་དབྱིངས་གཙང་བ་དང་བདེ་བ་དང་རྟག་པ་དང་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས་ན་འདུ་ཤེས་ཕྱིན་ཅི་ལོག་ཡིན་པས་དེ་དག་གི་ཡང་གཉེན་པོ་བྱེད་པའི་ཕྱིར་དང༌། སྔར་བསྟན་པ་ལྟར་བདག་ཉིད་ཀྱང་འཕགས་པའི་བདེན་པ་བཞི་ལ་འཇུག་ཅིང་གཞན་དག་ཀྱང་རིམ་གྱིས་འཛུད་པར་བྱེད་པའི་ཕྱིར་དང༌། རང་གཅིག་པུའི་ལུས་སོགས་ལ་དམིགས་པ་ཙམ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར་དང༌། དངོས་པོ་ལ་མཚན་མར་འཛིན་པ་མ་ཡིན་གྱི་ལུས་ལ་སོགས་པ་ཐམས་ཅད་མི་དམིགས་པར་ཡིད་ལ་ཕྱེད་པའི་ཕྱིར་དང༌། ལུས་ལ་སོགས་པ་དང་བྲལ་བ་ཞི་བའི་མཐར་ལྷུང་བ་ཡང་མ་ཡིན་ཞིང་མ་བྲལ་བ་སྲིད་པའི་མཐར་ལྷུང་བ་ཡང་མ་ཡིན་པས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་དང༌། མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་གཉེན་པོ་བྱེད་པས་ཕ་རོལ་ཏུ་ཕྱིན་པ་རྣམས་དང་ཡང་མཐུན་པའི་ཕྱིར་དང༌། གནས་སྐབས་སུ་རང་རང་གི་མོས་པ་དང་མཐུན་པར་སྟོན་ཞིང་སྒོམ་པས་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་རྗེས་སུ་འཇུག་པའི་ཕྱིར་དང༌། ལུས་ཡང་དག་པ་མ་ཡིན་པའི་ངོ་བོར་སྣང་བ་སྒྱུ་མ་ལྟ་བུ་དང་ཚོར་བ་ལོག་པར་ཉམས་སུ་མྱོང་བ་རྨི་ལམ་ལྟ་བུ་དང༌། སེམས་རང་བཞིན་གྱིས་འོད་གསལ་བ་ནམ་མཁའ་ལྟ་བུ་དང༌། ཆོས་གློ་བུར་དུ་འབྱུང་བ་སྤྲིན་ལ་སོགས་པ་ལྟ་བུར་ཡོངས་སུ་ཤེས་པའི་ཕྱིར་དང༌། བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་འཁོར་ལོས་སྒྱུར་བ་ལ་སོགས་པའི་ལུས་དང་ཚོར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ཐོབ་ཅིང་དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་པའི་སྐྱེ་བ་ཐོབ་པའི་ཕྱིར་དང༌། རང་བཞིན་གྱིས་དབང་པོ་རྣོ་བ་ཉིད་ཀྱིས་དེའི་དྲན་པ་ཉེར་གཞག་སྒོམ་པ་ཆུང་ངུ་ཡང་དེ་ལས་གཞན་པ་དག་ལས་ཤིན་ཏུ་ཆེན་པོར་འགྱུར་བའི་ཕྱིར་དང༌། བསམ་སྦྱོར་མཐུན་པར་འཇུག་པས་འབྲས་བུ་མཐར་ཐུག་ཐོབ་པ་ན་འདྲེས་ཤིང་ཉེ་བར་འདྲེས་པའི་མཆོག་ཉིད་དུ་འགྱུར་བའི་ཕྱིར་དང༌། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ན་ཡང་མི་ཟད་པར་འགྱུར་བའི་སྒོམ་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དང༌། གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱིས་ཉིད་ཀྱང་ཡང་དག་པར་འགྲུབ་པའི་ཕྱིར་ན་ཐེག་དམན་གྱི་སྒོམ་ཚུལ་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པའོ། ། (༢) གཞུང་དོན། (གཉིས་པ་)གཞུང་དོན་ལ། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་ལ་དྲན་པ་ཉེ་བར་གཞག་སྟེ་བདག་མེད་ལ་འཇུག་ཚུལ་ལོ། ། ༡ ལུས་དྲན་པ་ཉེ་བར་གཞག་པ། དང་པོ་ལ་དྲུག་ལས། (དང་པོ་)ཆ་ཤས་ལུས་སུ་ཞེན་པ་སྤང་པ་ནི། ཡང་འགའ་ཞིག་ཡན་ལག་ཅན་གྱི་ལུས་ལ་བདག་ཏུ་འཛིན་ནོ་སྙམ་ན། ཡན་ལག་ཅན་གྱི་ལུས་རིལ་པོ་རྫས་གཅིག་ཏུ་བདེན་པར་གྲུབ་པ་ནི་ཡོད་པ་མ་ཡིན་ཏེ། ཡན་ལག་སོ་སོ་བར་སྣང་བ་འདི་དག་ལས་གཞན་པའི་ལུས་ནི་མ་དམིགས་ཤིང་འདི་དག་ཀྱང་རེ་རེ་ནས་རྣམ་པར་དཔྱད་ན་ལུས་མ་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་ལུས་ནི་རྐང་པ་དང་བྱིན་པ་ལྟ་བུ་རེ་རེའང་མིན་ཞིང༌། བརླ་དང་རྐེད་པ་ལྟ་བུ་རེ་རེའང་ལུས་མིན་ལ། ལྟོ་བ་དང་རྒྱབ་རྐྱང་པ་དག་ཀྱང་ལུས་མིན་ཏེ། བྲང་གཅིག་པུ་དང་དཔུང་པ་གཅིག་པུའང་ལུས་མ་ཡིན་ནོ། །དེ་བཞིན་དུ་རྩིབ་ལོགས་སོ་སོ་དང་ལག་པ་རེ་རེའང་ལུས་མིན་པ་ཉིད་དེ། མཆན་ཁུང་དག་དང་ཕྲག་པ་རེ་རེའང་ལུས་མ་ཡིན་ཞིང༌། རྒྱུ་མ་ལ་སོགས་པའི་ནང་ཁྲོལ་སོ་སོ་བ་རྣམས་ཀྱང་ལུས་དེའི་ངོ་བོ་མིན་ལ། མགོ་བོ་དང་མགྲིན་པ་ལྟ་བུ་རེ་རེའང་ལུས་ཀྱི་ངོ་བོ་མིན་པ་ཉིད་དེ། ལུས་ནི་གཅིག་པུར་འདོད་ན་དེ་དག་ནི་དུ་མ་ཡིན་པའི་ཕྱིར་དང༌། དེ་དག་ལས་གང་རུང་གཅིག་ལོག་ཀྱང་ལུས་ཡིན་པ་མི་ལྡོག་པའི་ཕྱིར་དང༌། དེ་དག་གང་རུང་གཅིག་ཉམས་ནའང་ལུས་ཤི་འཕོས་བར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡན་ལག་ཆ་ཤས་སོ་སོ་ལ་བཙལ་ན་ལུས་ཡོད་པ་མ་ཡིན་ན། འདི་ལ་ཡན་ལག་ཅན་གྱི་ལུས་རིལ་པོ་རྫས་གཅིག་ཏུ་བདེན་པར་གྲུབ་པ་ནི་གང་ཞིག་ཡིན་ཏེ་གང་ཡང་གྲུབ་པ་མེད་དོ། ། (གཉིས་པ་)ཆ་ལ་གནས་ན་འཁྲུལ་བར་འགྱུར་ཚུལ་ནི། ཡན་ལག་སོ་སོ་བ་ལུས་མ་ཡིན་ཡང༌། ཡན་ལག་ཐམས་ཅད་ལ་ཁྱབ་པར་གནས་པའི་ལུས་ཡོད་དོ་ཞེ་ན། གལ་ཏེ་ཡན་ལག་ཅན་གྱི་ལུས་འདི་རྐང་པ་ལ་སོགས་པའི་ཡན་ལག་ཐམས་ཅད་ལ་གནས་ན་ལུས་ཀྱི་ཆ་ཤས་ཕྱོགས་རེར་གནས་སམ་ལུས་ཀྱི་བདག་ཉིད་རིལ་པོར་གནས་ཞེས་བརྟག་པར་བྱའོ། །དེ་ལ་ལུས་ཀྱི་ཆ་ཤས་ཕྱོགས་རེ་ཡིས་ནི་གནས་པར་གྱུར་པར་འདོད་ན། ལག་པ་ལ་སོགས་པའི་ཆ་ཤས་རྣམས་རང་རང་གི་ཆ་གང་ཡིན་པ་དེ་ལ་གནས་པར་འགྱུར་མོད་ཀྱི། ཆ་མེད་ཀྱི་ལུས་རིལ་པོ་གཅིག་པུ་དེ་རང་ཉིད་ནི་ཡན་ལག་གང་ལ་གནས་ཞེས་བརྟགས་ན་གང་དུ་ཡང་གནས་པར་མི་འགྲུབ་སྟེ་ཆ་ཤས་དུ་མར་གྱུར་བས་གནས་པ་པོ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་བདག་ཉིད་ཀུན་གྱི་ལུས་རིལ་པོ་རེ་རེ་ལག་པ་ལ་སོགས་པའི་ཡན་ལག་སོ་སོ་བ་རྣམས་ལ་གནས་པར་འདོད་ན་ནི། ལག་པ་དང་རྐང་པ་ལ་སོགས་པའི་ཡན་ལག་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་ནི་གྲངས་དང་མཉམ་པའི་ལུས་རིལ་པོ་དུ་མ་རྣམས་སུ་ཡོད་པར་ཧ་ཅང་ཐལ་པར་འགྱུར་ཏེ། དེ་ལྟར་ནི་སྣང་དུ་རུང་བ་ལ་མ་དམིགས་པས་ཀྱང་བསལ་ཞིང༌། རིལ་པོ་གཅིག་ཏུ་བདེན་པར་འདོད་པ་ཡང་འགལ་ལོ། ། (གསུམ་པ་)ཚོགས་པའང་བདེན་པ་མེད་པར་བསྟན་པ་ནི། དེ་ལྟར་ཕྱི་རོལ་དང་ནང་དུ་རྣམ་པར་དཔྱད་པ་ན་ལུས་རིལ་པོ་གཅིག་ཏུ་བདེན་པར་གྲུབ་པ་མེད་པའི་ཕྱིར་ན། ཇི་ལྟར་ལག་པ་ལ་སོགས་པའི་ཡན་ལག་རྣམས་ལ་ལུས་ཡོད་པར་འགྱུར་ཏེ་མེད་པར་གྲུབ་བོ། །ལག་པ་ལ་སོགས་པའི་ཡན་ལག་རྣམས་ལས་གཞན་ན་ཡང་ལུས་ཡོད་ན་སྣད་དུ་རུང་བ་ལས་མ་དམིགས་པའི་ཕྱིར་མེད་ན། རིལ་པོ་གཅིག་པུར་འདོད་པའི་ལུས་དེ་ནི་ཡན་ལག་དང་མ་འབྲེལ་བར་ཡང་ཇི་ལྟར་ཡོད་པ་ཡིན་ཏེ་མེད་པ་ཉིད་དོ། ། (བཞི་པ་)ཡན་ལག་ཐོ་ཡོར་ལྟ་བུར་བསྟན་པ་ནི། ཡན་ལག་རྣམས་[ལ]ལུས་མེད་ན་ལུས་འཛིན་གྱི་བློ་ཇི་ལྟར་འབྱུང་ཞེ་ན། སྣང་རུང་མ་དམིགས་པས་ཁེགས་པ་དེས་ན་ལུས་རིལ་པོ་གཅིག་ཏུ་བདེན་པར་གྲུབ་པ་མེད་ཀྱང་ལག་པ་དང་རྐང་པ་ལ་སོགས་པ་ཆ་ཤས་དུ་མ་འདུས་པ་ལ་གཅིག་ཏུ་རྨོངས་ཤིང་འཁྲུལ་པ་ཡིས་ནི་ཀུན་རྫོབ་ཙམ་དུ་ལུས་འཛིན་གྱི་བློ་འབྱུང་བར་འགྱུར་མི་འགལ་ཏེ།  དཔེར་ན་དོན་ལ་མི་མ་ཡིན་རྡོ་བ་ལ་སོགས་པ་བསྡུས་ནས་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་རྨོངས་ཤིང་འཁྲུལ་ནས་རྒྱང་རིང་པོའི་ཐོ་ཡོར་ལ་ནི་མི་ཡིན་པའི་བློ་འབྱུང་བ་བཞིན་ནོ། །དེ་ཡང་ཇི་སྲིད་དུ་ཐག་རིང་པ་དང་དབྱིབས་འདྲ་བ་ལ་སོགས་པ་འཁྲུལ་བ་རྐྱེན་རྣམས་ཚོགས་པ་དེ་སྲིད་དུ་ཤིང་སྡོང་དང་ཐོ་ཡོར་ལ་སོགས་པ་ལ་དོན་ལ་མེད་ཀྱང་སྐྱེས་བུ་ལྟར་སྣང་བའི་བློ་འབྱུང་བ་དེ་བཞིན་་དུ་ཇི་སྲིད་ལག་པ་ལ་སོགས་པའི་ཆ་ཤས་འདུས་པ་ལ་ཡང་ལུས་འཛིན་གྱི་འཁྲུལ་པ་འབྱུང་བའི་རྐྱེན་ཚོགས་པ་དེ་ཡོད་པ་དེ་སྲིད་དུ་གཞི་དེར་ལུས་སུ་སྣང་པའི་འཁྲུལ་པ་འབྱུང་ཡང༌། རྨོངས་པས་བརྟགས་པ་བཞིན་དོན་དམ་དུ་ཡོད་པ་ནི་མ་ཡིན་ནོ། ། (ལྔ་པ་)ཉིང་ལག་ནམ་མཁའ་ལྟ་བུར་བསྟན་པ་ནི། ཡན་ལག་ཅན་གྱི་ལུས་མ་གྲུབ་པ་དེ་བཞིན་དུ་རྣམ་པར་དཔྱད་ན་སོར་མོ་དུ་མ་འདུས་པའི་ཚོགས་པ་ཙམ་ཡིན་པའི་ཕྱིར་ལག་པའང་རྫས་གཅིག་ཏུ་བདེན་པ་གང་ཞིག་ཡིན་པར་འགྱུར་ཏེ་བདེན་པར་མ་གྲུབ་ཅིང༌། སོར་མོ་དེ་ཡང་ཚིགས་སོ་སོ་བ་འདུས་པ་རྣམས་ཀྱི་ཚོགས་པ་ཙམ་ཡིན་པའི་ཕྱིར་གཅིག་ཏུ་བདེན་པ་མ་ཡིན་ལ། ཚིགས་རྣམས་ཀྱང་རང་རང་གི་སྟོད་སྨད་ལ་སོགས་པའི་ཆ་ཤས་སུ་ཕྱེ་བས་བཙལ་ན་བདེན་པའི་དངོས་པོར་མེད་དེ། ཆ་ཤས་མང་པོ་དེ་ཡང་རྡུལ་ཕྲ་རབ་ཏུ་ཕྱེ་བས་བཙལ་ན་གཅིག་ཏུ་བདེན་པ་མེད་དོ། །རྡུལ་ཕྲ་རབ་དེའང་ཕྱོགས་བཞི་སྟོང་འོག་ལ་སོགས་པའི་ཆའི་དབྱེ་བ་ཡིས་ཕྱེ་ན་དུ་མར་འགྱུར་བའི་ཕྱིར་གཅིག་ཏུ་གྲུབ་པ་མེད་ཅིང༌། ཕྱོགས་ཀྱིས་དབྱེ་བས་ཆ་དྲུག་ལ་སོགས་པར་ཕྱེ་བའི་ཆ་རེ་རེའང་དྲུག་དྲུག་ལ་སོགས་པར་ཕྱེ་ན་ཆ་ཤས་དང་བྲལ་བར་འགྱུར་བའི་ཕྱིར་ཞིབ་མོར་བརྟགས་ན་ནམ་མཁའ་བཞིན་དུ་ཅིར་ཡང་མ་གྲུབ་པ་དེས་ན་རྩོམ་བྱེད་རྡུལ་ཕྲ་རབ་ལ་ཡང་རང་བཞིན་མེད་པས། དེས་བརྩམས་པའི་ལུས་ཀྱང་བདེན་པར་གྲུབ་པ་མེད་དེ། བདེན་པའི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། ། (དྲུག་པ་)དེས་ན་རྨི་ལམ་ལྟ་བུར་བསྒོམ་ཚུལ་ནི། དེ་ལྟར་རྣམ་པར་དཔྱད་ན་བདེན་པར་གྲུབ་པ་མེད་ཀྱང་འཁྲུལ་ཤེས་ལ་སྣ་ཚོགས་སུ་སྣང་བ་རྨི་ལམ་ལྟ་བུའི་གཟུགས་སམ་ལུས་འདི་ལ་རྟོགས་དཔྱོད་དང་ལྡན་པའི་མཁས་པ་སུ་ཞིག་ཆགས་པར་བྱེད་དེ་ཆགས་ཤིང་ཞེན་པར་ནི་རིགས་པ་མ་ཡིན་ནོ༑ ༑དེ་ཡར་གང་གི་ཚེ་གོང་དུ་བསྟན་པ་དེ་ལྟར་ཐུན་མོང་དུ་ལུས་བདེན་པར་གྲུབ་པ་མེད་པ་དེའི་ཚེ་ཁྱད་པར་དུ་ཆགས་བྱའི་ཡུལ་སྐྱེས་པ་ནི་གང་ཞིག་ཡོད་ལ་བུད་མེད་ནི་གང་ཞིག་ཡོད་དེ་གང་ཡང་གྲུབ་པ་མེད་པས། ཕན་ཚུན་ཆགས་ཞེན་ལ་སོགས་པའི་མཚན་མར་འཛིན་པ་སྤངས་ནས་ཀུན་རྫོབ་སྣང་བ་རྨི་ལམ་ལྟ་བུ་དང༌། དོན་དམ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་གཞག་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། འཇམ་དཔལ་གང་གི་ལུས་ནམ་མཁའ་དང་མཉམ་པར་མཐོང་བ་དེ་ནི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ་ཞེས་གསུངས་པ་ལྟར་རོ། ། ༢ ཚོར་བ་དྲན་པ་ཉེ་བར་གཞག་པ། (གཉིས་པ་)ཚོར་བ་དྲན་པ་ཉེ་བར་གཞག་པ་ལའང་ཟག་བཅས་ཀྱི་ཚོར་བ་བདེ་སྡུག་བཏང་སྙོམས་སུ་སྣང་བ་རྣམས་དོན་དམ་དུ་བདེན་པར་འདོད་པ་བརྟགས་ནས་འགོག་པ་སྟེ། དེ་ཡང་རང་བཞིན་བརྟགས་ཏེ་དགག་པ། རྒྱུ་ལ་བརྟགས་ཏེ་དགག་པ། དེས་ན་སྲེད་པ་སྤང་ཚུལ། མཐོང་སོགས་བརྟགས་ཏེ་དགག་པ། རང་གཞན་བརྟགས་ཏེ་དགག་པའོ། །དང་པོ་ལ་གསུམ་ལས། (དང་པོ་)ཚོར་བ་དོན་ལ་མེད་ཚུལ་ནི། སྡུག་བསྔལ་གྱི་ཚོར་བ་དེ་ཁོ་ན་ཉིད་དུ་བདེན་པར་ཡོད་ན་ནི་ནམ་ཡང་མི་ལྡོག་པར་འགྱུར་ཞིང༌། དེ་ལྟ་ན་ཅི་སྟེ་རབ་ཏུ་དགའ་བདེ་ལྡན་པའི་གནས་སྐབས་ལ་ཡང་མི་གནོད་དེ་གནོད་པར་ཐལ་བ་ལས། དགའ་བདེ་མྱོང་པའི་དུས་ན་ནི་སྡུག་བསྔལ་མ་དམིགས་པའི་ཕྱིར་དེ་ཁོ་ན་ཉིད་དུ་བདེན་པར་མ་གྲུབ་པོ། །དེ་བཞིན་དུ་བདེ་བའི་ཚོར་བ་དེ་ཁོ་ན་ཉིད་དུ་བདེན་པར་ཡོད་ནའང་ནམ་ཡང་ལྡོག་པར་མི་འགྱུར་ཞིང༌། དེ་ལྟ་ན་མྱ་ངན་གྱི་གདུང་པ་དང་བཀྲེས་སྐོམ་ལ་སོགས་པས་སྡུག་བསྔལ་བའི་གནས་སྐབས་ལ་ཡང་བཟའ་བཏུང་ཞིམ་པོ་དང་ཕྲེང་བ་དང་བྱུག་པ་ལ་སོགས་པས་ཅི་སྟེ་དགའ་བར་མི་བྱེད་དེ་དགའ་བདེ་མྱོང་བར་ཐལ་བ་ལས། སྡུག་བསྔལ་མྱོང་དུས་ན་དགའ་བདེ་མ་དམིགས་པའི་ཕྱིར་ཡང་དེ་ཁོ་ན་ཉིད་དུ་བདེན་པར་མ་གྲུབ་པོ། །དེ་དག་ནི། དབུ་མའི་རྩ་བར། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་ཏེ། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་པའི་རིགས་པ་དང་ཡང་མཐུན་པ་ཉིད་དོ། ། (གཉིས་པ་)དེ་ལས་འཕྲོས་པའི་བརྒལ་ལན་ནི། སྡུག་བསྔལ་དེ་ཁོ་ན་ཉིད་དུ་བདེན་པར་ཡོད་ཀྱང་དགའ་བདེ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར་གལ་ཏེ་བདེ་བ་མྱོང་བའི་གནས་སྐབས་ན་སྡུག་བསྔལ་དེ་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེ་ན་གང་ཞིག་ཉམས་སུ་མྱོང་པའི་བདག་ཉིད་ཅན་མིན་པ་དེ་ནི་སྡུག་བསྔལ་གྱི་ཚོར་བ་ཇི་ལྟར་ཡིན་ཞེས་བརྟགས་ན་མ་ཡིན་པར་འགྱུར་ཏེ། ཚོར་བའི་མཚན་ཉིད་ནི་ཉམས་སུ་མྱོང་བ་ཡིན་པ་ལ་དེ་དང་མི་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པའི་དུས་ན་བདེ་བའི་ཚོར་བ་ཡོད་པར་འདོད་པ་ལ་ཡང་མཚུངས་སོ། །བདེ་བའི་གནས་སྐབས་ན་སྡུག་བསྔལ་དེ་ཉམས་སུ་མ་མྱོང་ཡང་ཕྲ་མོ་ཉིད་དུ་གནས་པར་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་སྡུག་བསྔལ་འདི་ཡི་རགས་པ་བདེ་བ་སྟོབས་ལྡན་གྱིས་ཟིལ་གྱིས་མནན་ནས་བསལ་པས་སྡུག་བསྔལ་གྱི་ངོ་བོར་མེད་པ་མིན་ནམ་ཞེས་དྲིའོ། །བདེན་མོད་འོན་ཀྱང་སྡུག་བསྔལ་ཕྲ་མོ་དེ་ནི་དགའ་བདེ་སྟོབས་ལྡན་དེ་ལས་གཞན་དགའ་བདེ་ཆུང་ངུ་ཙམ་གྱི་ངོ་བོར་ཡོད་དོ་ཞེ་ན། དེ་ལྟ་ན་སྡུག་བསྔལ་ཕྲ་མོ་ཉིད་དེ་ཡང་སྡུག་བསྔལ་དུ་བདེན་པར་ཡོད་པ་མ་ཡིན་པར་འགྱུར་ཏེ། དགའ་བདེ་ཆུང་ངུ་ཙམ་དེའི་ངོ་བོར་ཡོད་པའི་ཕྱིར་རོ། །གལ་ཏེ་འགལ་རྐྱེན་བདེ་བ་སྟོབས་ལྡན་སྐྱེས་པས་ན་སྡུག་བསྔལ་ཕྲ་མོ་དེ་སྡུག་བསྔལ་གྱི་ངོ་བོར་སྐྱེས་པ་མིན་ན་ནི་སྡུག་བསྔལ་ཀྱི་ཚོར་བ་དོན་དམ་དུ་ཡོད་དོ་ཞེས་བྱ་བར་རྟོག་པ་དེ་འཁྲུལ་སྣང་ལ་མངོན་པར་ཞེན་པ་ཙམ་ཉིད་ཡིན་ཞེས་བྱ་བར་གྲུབ་པ་མིན་ནམ་སྟེ་ཡིན་པས་དོན་ལ་བདེན་པར་གནས་པ་མ་ཡིན་ནོ། ། (གསུམ་པ་)གཉེན་པོ་རྣམ་དཔྱོད་བསྒོམ་ཚུལ་ནི། ཚོར་བ་བདེན་པར་རྟོག་པ་ནི་འཁྲུལ་སྣང་ལ་མངོན་པར་ཞེན་པ་ཙམ་ཡིན་པ་དེ་ཉིད་ཀྱི་ཕྱིར་ན་འཁྲུལ་པ་འདི་ཡི་ནི་གཉེན་པོ་ཟག་བཅས་ཀྱི་ཚོར་བ་རྣམས་རང་བཞིན་མེད་པར་རྣམ་པར་དཔྱོད་པའི་ཤེས་རབ་དང་དྲན་པ་འདི་བསྒོམ་པར་བྱ་སྟེ། དེ་ལྟར་རིགས་པས་རྣམ་པར་བརྟགས་(ཚིག་ཁ་ཤས་མི་གསལ)ཞིང་དང་འདྲ་བ་ལས་བྱུང་བ་ཡི་འབྲས་བུ་བསམ་གཏན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་ཟག་པ་མེད་པའི་བདེ་བས་རྣལ་འབྱོར་པ་ཡི་ལུས་སེམས་རྟས་པར་བྱེད་པས་ན་ཟས་དང་འདྲ་བར་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། ། (གཉིས་པ་)རྒྱུ་ལ་བརྟགས་ཏེ་དགག་པ་ལ་གསུམ་ལས། (དང་པོ་)དབང་དོན་རེག་པ་མེད་ཚུལ་ནི། ཡུལ་དབང་ཡིད་ལ་བྱེད་པ་གསུམ་འདུས་པའི་རེག་པ་ལས་བྱུང་བའི་ཚོར་བ་ནི་མེད་པ་མ་ཡིན་ནོ་ཞེ་ན། སྣང་ཙམ་དུ་དེ་ལྟར་ཡིན་ཡང་དཔྱད་ན་དོན་དམ་དུ་གྲུབ་པ་མེད་དེ། དབང་དོན་ཕྲད་པའི་རེག་པ་ཉིད་མེད་པའི་ཕྱིར་རོ། །དེ་ཡང་གལ་ཏེ་མིག་ལ་སོགས་པའི་དབང་པོ་རྣམས་དང་གཟུགས་ལ་སོགས་པའི་དོན་རྣམས་ཕན་ཚུན་བར་དང་བཅས་པ་ཡིན་ན་ནི། དབང་དོན་དེ་དག་གང་དུ་ཕྲད་ཅིང་རེག་པར་འགྱུར་ཞེས་བརྟགས་ན་མི་འགྱུར་ཏེ། ལྷོ་བྱང་གི་རི་བཞིན་དུ་བར་དང་བཅས་པ་ཡིན་པའི་ཕྱིར་རོ། །འོན་ཏེ་དེ་དག་ལ་བར་གཏན་ནས་མེད་ན་ཡང་རྫས་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལྟ་ན་ཡང་དབང་པོ་གང་ཞིག་ཡུལ་གང་དང་ཕྲད་ཅིང་རེག་པར་འགྱུར་ཞེས་བརྟགས་ན་མི་འགྱུར་ཏེ། ཕྲད་པ་དང་ཕྲད་ཆོས་གཉིས་མ་གྲུབ་པའི་ཕྱིར་རོ། །འོན་ཀྱང་དབང་དོན་དེ་དག་གི་རྡུལ་ཕྲ་བར་ཆ་མེད་ནང་ཕན་ཚུན་ཕྲད་པ་ལས་རེག་པ་འགྲུབ་པོ་ཞེ་ན། རྡུལ་ཕྲན་རྣམས་ནི་ཕྱོགས་ཐམས་ཅད་ཀྱིས་ནང་ཕན་ཚུན་ཕྲད་པ་མེད་དེ། རྡུལ་ཕྲན་རྣམས་གཅིག་ལ་གཅིག་འཇུག་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་ཁོང་སྟོང་གི་གོ་སྐབས་མེད་ཅིང་ཆེ་ཆུང་བོངས་མཉམ་པ་ཉིད་ཡིན་པས་སོ། །དེ་ལྟར་རྡུལ་ཕྲན་རྣམས་གཅིག་ལ་གཅིག་མ་ཞུགས་པ་ལ་ནི་ཕན་ཚུན་འདྲེས་པ་མེད་ཅིང་མ་འདྲེས་པ་ལ་ཕྲད་པ་མེད་པས་ཁྱབ་སྟེ། ཕྲད་པ་མེད་ན་ནི་རེག་པ་མེད་ལ། དེའི་ཕྱིར་ཡང་ཚོར་བ་མེད་པར་གྲུབ་པོ༑ ༑རྡུལ་ཕྲན་རྣམས་ཆ་མེད་དུ་འདོད་པའི་ལུགས་ལའང་ཕྱོགས་གང་རུང་གཅིག་གིས་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཞེས་བརྟགས་ན་མི་འཐད་དེ། ཕྲད་པ་དང་མ་ཕྲད་པའི་ཆ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེ་བས་ན་ཕྱོགས་གཅིག་གིས་ཕྲད་པའང་ཡིན་པ་དང་ནི་ཆ་མེད་ཀྱང་ཡིན་པ་ནི་ཤིན་ཏུ་འགལ་བའི་ཕྱིར་མི་སྲིད་དེ། གལ་ཏེ་དེ་ལྟ་བུ་ཚད་མས་མཐོང་ན་འདིའོ་ཞེས་བསྟན་པར་གྱིས་ཤིག་ཅེས་དྲིས་ན་ཅུང་ཟད་ཀྱང་བསྟན་དུ་མེད་དོ། ། (གཉིས་པ་)རྣམ་ཤེས་རེག་པ་མེད་ཚུལ་ནི། ཕན་ཚུན་ཕྲད་པ་ལ་གཟུགས་ཅན་དུ་གྲུབ་དགོས་མོད། ཡིད་ལ་བྱེད་པ་རྣམ་པར་ཤེས་པ་ལུས་སམ་གཟུགས་སུ་གྲུབ་པ་མེད་པ་ལ་ནི། དབང་དོན་དག་དང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ་ཕྲད་རྒྱུའི་ལུས་མ་དམིགས་པའི་ཕྱིར་རོ། ། (གསུམ་པ་)ཚོགས་པའང་དོན་ལ་མེད་ཚུལ་ནི། ཡུལ་དབང་རྣམ་ཤེས་སོ་སོ་ལ་བརྟགས་ན་ཕྲད་པ་མེད་ཀྱང་གསུམ་ཚོགས་པ་ལ་ཕྲད་པར་འཇོག་གོ་ཞེ་ན། ཐམས་ཅད་ཚོགས་པ་ཞེས་བྱ་བ་དེའང་དཔྱད་ན་དངོས་པོར་བདེན་པ་མེད་པའི་ཕྱིར་ཕན་ཚུན་ཕྲད་པ་དང་རེག་པར་མི་འཐད་དེ། དེ་བཞིན་སོར་མོའི་ཚོགས་ཡིན་ཕྱིར། །ལག་པའང་གང་ཞིག་ཡིན་པར་འགྱུར། །ཞེས་པ་ལ་སོགས་པའམ། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དམག་ལ་སོགས་བཞིན་རྫུན། །ཞེས་པས་སྔར་ནི་ཇི་ལྟར་རིགས་པས་རྣམ་པར་དཔྱད་ཅིང་བདེན་མེད་དུ་གཏན་ལ་ཕབ་པ་བཞིན་ནོ། ། (གསུམ་པ་)དེས་ན་སྲེད་པ་སྤང་ཚུལ་ནི། དེ་ལྟར་རྣམ་པར་དཔྱད་པས་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པའི་རེག་པ་ཡོད་པ་མིན་ན་འབྲས་བུ་ཚོར་བ་བདེ་སྡུག་བཏང་སྙོམས་རྣམས་གང་ལས་འབྱུང་བར་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །དེ་བས་ན་བདེ་སྡུག་ལ་བླང་དོར་དུ་བྱེད་པའི་ངལ་བའམ་དཀའ་སྤྱད་འདི་ཅི་ཡི་དོན་དུ་ཡིན་ཏེ་བརྟགས་ན་དགོས་པ་ཅི་ཡང་མེད་དོ། །འོན་ཀྱང་སྡུག་བསྔལ་མི་བཟོད་པས་དེ་སྤང་བའི་དོན་དུའོ་ཞེ་ན། སྡུག་བསྔལ་གྱི་ཚོར་བ་གང་གིས་མྱོང་བ་པོ་གང་ལ་གནོད་པར་འགྱུར་ཏེ་དཔྱད་ན་སྡུག་བསྔལ་བདེན་པར་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་གང་གི་ཚེ་ཚོར་བ་པོའི་བདག་འགའ་ཡང་བདེན་པར་གྲུབ་པ་མེད་ཅིང་ཉམས་སུ་མྱོང་བར་བྱ་བའི་ཚོར་བའང་དོན་ལ་ཡོད་པ་མ་ཡིན་ན་དེའི་ཚེ་དོན་དམ་པའི་རིགས་པས་དཔྱད་ན་མྱང་བྱ་མྱོང་བྱེད་ཐམས་ཅད་བདེན་མེད་དུ་གྲུབ་པའི་གནས་སྐབས་འདི་མཐོང་ནས་བདེ་སྡུག་ལ་བླང་དོར་གི་སྲེད་པ་ཅིས་ཕྱིར་ལྡོག་པར་མི་འགྱུར་ཏེ་ཅིས་ཀྱང་ལྡོག་པར་འགྱུར་དགོས་སོ། ། (བཞི་པ་)མཐོང་སོགས་བརྟགས་ཏེ་དགག་པ་ནི། སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་གྱི་ཚོར་བས་ཡུལ་ལྔ་ཉམས་སུ་མྱོང་བ་ནི་ཡོད་དོ་ཞེ་ན། མིག་ཤེས་ཀྱི་མཐོང་བའམ་ནི་ལུས་ཤེས་ཀྱིས་རེག་པའི་བར་ཡང་དོན་དམ་པར་ཡོད་པ་མ་ཡིན་གྱི། རྨི་ལམ་སྒྱུ་མ་འདྲ་བའི་བདག་ཉིད་ཀྱིས་ཀུན་རྫོབ་ཙམ་དུ་ཡོད་པ་ལ་མཐོང་བ་ལ་སོགས་པར་གཞག་པ་སྟེ། དེའི་ཕྱིར་ཡང་དེ་དག་དང་མཚུངས་ལྡན་གྱི་ཚོར་བ་དོན་དམ་དུ་གྲུབ་པ་མེད་དོ། །ཡང་ཚོར་བ་ཡོད་པར་སེམས་ཀྱིས་མཐོང་ངོ་ཞེ་ན། དེ་ཡང་དུས་མཉམ་དང་སྔ་ཕྱི་ལ་བརྟགས་ན། མཐོང་བྱེད་ཀྱི་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་མཐོང་བྱའི་ཚོར་བ་དུས་མཉམ་པ་ནི་སེམས་དེ་ཡིས་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་པ་ལ་བདག་གཅིག་དེ་བྱུང་གི་འབྲེལ་བ་མེད་ཅིང༌། འབྲེལ་མེད་དག་ནི་གཟུང་འཛིན་དུ་མི་རུང་བའི་ཕྱིར་རོ༑ ༑ཚོར་བ་ཡུལ་གྱི་རྣམ་པར་སྔ་མར་སྐྱེས་པ་དང་སེམས་ཡུལ་ཅན་གྱི་རྣམ་པར་ཕྱི་མར་སྐྱེས་པས་ཀྱང་སེམས་ལ་སྔར་གྱི་ཡུལ་དེ་དྲན་པ་ཙམ་དུ་འགྱུར་གྱི་དངོས་སུ་མྱོང་ཞིང་མཐོང་བ་ནི་མ་ཡིན་ཏེ། མྱང་བྱའི་ཚོར་བ་འདས་ནས་མེད་པའི་ཕྱིར་རོ། ། (ལྔ་པ་)རང་གཞན་བརྟགས་ཏེ་དགག་པ་ནི། ཚོར་བའི་མཚན་ཉིད་ཉམས་སུ་མྱོང་བ་མ་ཡིན་ནམ་ཞེ་ན། སྣང་ཙམ་དུ་དེ་ལྟར་ཡིན་མོད། བརྟགས་ན་རང་རིག་བཀག་ཟིན་པས་ཚོར་བ་རང་གིས་བདག་ཉིད་ཉམས་སུ་མྱོང་བ་མ་ཡིན་ལ། དུས་མཉམ་མི་མཉམ་ལ་བརྟགས་ནས་བཀག་ཟིན་པས་ཤེས་རིག་གཞན་དག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར་ཚོར་བ་པོ་རང་གཞན་འགའ་ཡང་དོན་ལ་ཡོད་པ་མིན་ཏེ། མྱོང་བ་པོ་མེད་པ་དེས་ན་ཕན་ཚུན་ལྟོས་ནས་འཇོག་པས་མྱང་བྱའི་ཚོར་བའང་དེ་ཁོ་ན་ཉིད་དུ་བདེན་པ་མིན་པར་གྲུབ་པོ། དེ་ལྟར་དོན་དམ་དུ་མྱང་བྱ་མྱོང་བྱེད་ལ་སོགས་པའི་བདག་མེད་ཅིང་ཀུན་རྫོབ་ཏུ་རྟེན་འབྲེལ་སྒྱུ་མ་ལྟ་བུའི་ཚོགས་པ་ཙམ་འདི་ལ་དཔྱད་ན་སྡུག་བསྔལ་དུ་སྣང་བ་འདི་ཡིས་ཅི་སྟེ་གནོད་པ་བྱས་ཏེ་ཅིའང་བྱས་པ་མེད་ཅིང༌། བདེ་བར་སྣང་བས་ཕན་པ་བྱས་པའང་མེད་པས་དམིགས་མེད་ཀྱི་ངང་དུ་མཉམ་པར་གཞག་པ་བྱ་སྟེ། མདོ་ལས། འཇམ་དཔལ་གང་གིས་ཚོར་བ་མི་དམིགས་ན་དེ་ནི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ་ཞེས་པ་ལྟར་རོ། ། ༣ སེམས་དྲན་པ་ཉེ་བར་གཞག་པ། (གསུམ་པ་)སེམས་དྲན་པ་ཉེ་བར་གཞག་པའང་སེམས་ཡིད་རྣམ་ཤེས་སྟོང་ཉིད་དུ་རྟོགས་ནས་མཉམ་པར་འཇོག་པ་སྟེ། དེ་ལ་གཉིས་ལས། (དང་པོ་)ཡིད་ཤེས་བདེན་མེད་དུ་བསྟན་པ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་དུ་བཙལ་ཡང་མི་རྙེད་པས་བདེན་པར་གྲུབ་པ་མེད་དེ། དེ་ཡང་འདི་ལྟར་མིག་ལ་སོགས་པ་ནང་གི་དབང་པོ་དྲུག་པོ་རྣམས་ལའང་མི་གནས་ཤིང༌། གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དྲུག་པོ་རྣམས་ལ་ཡང་གནས་པ་མིན་ལ། ཡུལ་དབང་གཉིས་པོ་དེ་དག་གི་བར་ནའང་གནས་པ་མིན་པའི་ཕྱིར་དང༌། དེ་བཞིན་དུ་ནང་ལུས་ཀྱི་དབུས་ནའང་སེམས་ཡོད་པ་མིན་ལ། ཕྱི་རོལ་ལུས་ཀྱི་ཡན་ལག་རྣམས་ལའང་ཡོད་པ་མིན་ཞིང༌། ཕྱི་ནང་དེ་དག་ལས་གཞན་དུ་ཡང་ནི་བཙལ་ན་རྙེད་པ་མ་ཡིན་པའི་ཕྱིར་རོ། །ཡང་སེམས་གང་ཞིག་ལུས་ཀྱི་ངོ་བོར་ཡང་ཡོད་པ་མིན་ཏེ། ལུས་ལས་གཞན་དུ་ཕྱི་རོལ་གྱི་དངོས་པོར་ཡང་ཡོད་པ་མིན་ལ། ཕྱི་ནང་དེ་དག་འདྲེས་པའི་དངོས་པོར་ཡང་ཡོད་པ་མིན་ཞིང་དེ་དག་ལོགས་སུ་འགར་བཙལ་ཡང་བདེན་པར་གྲུབ་པ་མེད་དེ། སེམས་ཀུན་རྫོབ་གློ་བུར་བ་དེ་ནི་དཔྱད་ན་ཅུང་ཟད་ཀྱང་གྲུབ་པ་མིན་པ་དེའི་ཕྱིར་དང༌། དོན་དམ་ཆོས་ཉིད་ནི་ནམ་ཡང་འགྱུར་བ་མེད་པས་སེམས་ཅན་རྣམས་ནི་སེམས་ཀྱི་རང་བཞིན་འོད་གསལ་མྱ་ངན་ལས་འདས་པའི་སྙིང་པོ་ཅན་དུ་གྲུབ་སྟེ། ཡུམ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་པ་ལྟར་རོ། ། (གཉིས་པ་)དབང་ཤེས་སྐྱེ་མེད་དུ་བསྒྲུབ་པ་ནི། ཡིད་ཤེས་དོན་ལ་མེད་ནའང་གཟུགས་སོགས་ཡུལ་ལྔ་ལས་སྐྱེས་པའི་དབང་ཤེས་ནི་ཡོད་དོ་ཞེ་ན། དེ་ཡང་དུས་གསུམ་ལ་བརྟགས་ན་དོན་དམ་པར་སྐྱེ་བ་མེད་དེ། ཤེས་པར་བྱ་བའི་ཡུལ་གཟུགས་སོགས་ལས་སྔ་བར་མིག་ཤེས་ལ་སོགས་པ་ཡོད་ན། དབང་ཤེས་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ། དམིགས་ཡུལ་གཟུགས་སོགས་མ་སྐྱེས་ནས་མེད་པའི་ཕྱིར་རོ། །མིག་ཤེས་ལ་སོགས་པ་དང་ཤེས་བྱ་གཟུགས་སོགས་ལྷན་ཅིག་ཏུ་ཡོད་ན། དབང་ཤེས་དེ་ནི་ཡུལ་ཅི་ལ་དམིགས་ནས་སྐྱེ་སྟེ་དུས་མཉམ་དུ་གནས་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་རོ། །འོན་དེ་ཤེས་བྱ་གཟུགས་ལ་སོགས་པའི་ཕྱིས་མིག་ལ་སོགས་པ་ཡོད་ན་དེའི་ཚེ་དབང་བོའི་ཤེས་པ་རྣམས་ཡུལ་གང་ལ་དམིགས་ནས་སྐྱེ་སྟེ། དམིགས་ཡུལ་གཟུགས་སོགས་འདས་ནས་མེད་པའི་ཕྱིར་རོ། །དེ་བས་ན་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དེ་སེམས་ཀུན་ཏུ་ཚོལ་བ་ན་སེམས་དེ་ནི་ནང་དང་ཕྱི་དང་དེ་གཉི་ག་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་དག་པར་རྗེས་སུ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར་བཙལ་ནས་མ་རྙེད་པའི་ངང་དུ་གཞག་པར་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ་ལས་ཀྱང༌། འཇམ་དཔལ་གང་གིས་སེམས་མིང་ཙམ་དུ་ཤེས་ན་དེ་ནི་སེམས་ལ་སེམས་ཀྱིས་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པའོ་ཞེས་པ་ལྟར་རོ། ། ༤ ཆོས་དྲན་པ་ཉེ་བར་གཞག་པ། (བཞི་པ་)ཆོས་དྲན་པ་ཉེ་བར་གཞག་པ་ལ། དཔྱད་ན་སྐྱེ་བ་མེད་ཚུལ། དེ་ལ་རྩོད་པ་སྤང་བ། གཟུང་འཛིན་བདེན་པ་དགག་པའོ། །དང་པོ་ནི། དེ་ལྟར་ན་ཕྱི་ནང་གི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་དོན་དམ་དུ་བདེན་པར་གྲུབ་པ་ནི་ནམ་ཡང་རྟོགས་པར་འགྱུར་བ་མ་ཡིན་ཏེ། དུས་གསུམ་ལ་བརྟགས་ནས་གོང་དུ་བཀག་ཟིན་པའི་ཕྱིར་དང༌། དབུ་མའི་རྩ་བར་ཡང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ལ་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གློ་བུར་བའི་ཆོས་རྣམས་བརྟགས་ན་ངོ་བོ་ཉིད་མེད་པའི་ཕྱིར་ཡང་སྐྱེ་བ་མེད་པ་ལ་སོགས་པའི་རིམ་གྱིས་རང་བཞིན་ནི་མྱ་ངན་འདས་པར་གྲུབ་སྟེ།