སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)རྟེན་ཀྱི་སྟོབས་ལ་གསུམ་ལས། (དང་པོ་)དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ནི། རྒྱུ་མཚན་བཤད་མ་ཐག་པ་དེ་ལྟ་བས་ན་རྒྱལ་བ་རྫོགས་པའི་སངས་རྒྱས་འགྲོ་བ་མ་ལུས་པའི་མགོན་པོ་འགྲོ་བ་མཐའ་དག་སྐྱོབ་པའི་དོན་དུ་བརྩོན་འགྲུས་མཐར་ཐུག་པ་དང་ལྡན་པ་ནུས་པ་ཐོགས་པ་མེད་པའི་སྟོབས་ཆེན་པོས་སྡུག་བསྔལ་གྱི་འཇིགས་པ་ཀུན་སེལ་བར་མཛད་པ་དེ་ལ་དུས་དེ་རིང་ཉིད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་མཆིའོ། །རྒྱལ་བ་དེ་ཡི་ཐུགས་སུ་ཆུད་པ་དམ་པའི་ཆོས་གང་ཞིག་ཉམས་སུ་བླངས་པ་ལས་འཁོར་བའི་འཇིགས་པ་ཐམས་ཅད་སེལ་བར་མཛད་པ་དང༌། བྱང་ཆུབ་སེམས་དཔའི་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་ཚོགས་ལ་ཡང་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་བཞིན་དུ་ཡང་དག་པར་ཏེ་གཡོ་སྒྱུ་དང་ཐེ་ཙོམ་མེད་པར་མཆོག་ཏུ་དད་པས་སྐྱབས་སུ་མཆིའོ་ཞེས་པ་སྟེ། ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསང་བར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཡང༌། དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་འཇིགས་པ་ལས་རྣམ་པར་སྒྲོལ་བའི་ཕྱིར་རོ། ། (གཉིས་པ་ )ཁྱད་པར་སེམས་དཔའ་རྣམས་ལ་སྐྱབས་ཚུལ་ནི། བདག་ནི་འཁོར་བ་དང་ངན་སོང་གི་འཇིགས་པས་རྣམ་པར་སྐྲག་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་བོ་ལ་བདག་ཉིད་ཀྱི་ལུས་ལོངས་སྤྱོད་དང་བཅས་པ་འབུལ་ཞིང༌། དེ་བཞིན་དུ་མགོན་པོ་འཇམ་པའི་དབྱངས་ལའང་གཞན་གྱིས་མ་བསྐུལ་བར་བདག་སེམས་དང་བ་ཉིད་ཀྱི་བདག་གི་ལུས་འདི་དབུལ་བར་བགྱིའོ། །ཐུགས་རྗེས་གཞན་གྱི་དོན་སྤྱོད་པ་མ་འཁྲུལ་བ་མངའ་བའི་སྤྱན་རས་གཟིགས་དབང་ཕྱུག་འགྲོ་བ་ཐམས་ཅད་ཀྱི་མགོན་པོ་དེ་ལ་ཡང་སྡུག་བསྔལ་གྱིས་ཉམ་ཐག་པའི་ང་རོས་སྐད་གསང་མཐོན་པོར་འོ་དོད་འབོད་ཀྱིས་སྡིག་པ་དང་ལྡན་པ་བདག་ལ་ཅིས་ཀྱང་བསྐྱབ་ཏུ་གསོལ་ལོ། །དེ་བཞིན་ཏུ་འཕགས་པ་ནམ་མཁའི་སྙིང་བོ་དང་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དག་དང་ནི་བྱམས་པ་དང་སྒྲིབ་པ་རྣམ་སེལ་ལ་སོགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཐམས་ཅད་ལ་སྐྱབས་ཚོལ་ཞིང་སྙིང་ནས་ཞེ་ཐག་པ་ནས་མཚན་ནས་བརྗོད་དེ་འོ་དོད་འབོད་དོ། །མཐུ་སྟོབས་གང་ཞིག་མཐོང་བ་ཙམ་ཉིད་ན་གཤིན་རྗེའི་ཕོ་ཉ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་སྡང་བའི་སེམས་དང་ལྡན་པ་རྣམས་རབ་ཏུ་སྐྲག་ནས་ཕྱོགས་བཞིར་འབྱེར་ཞིང་འབྲོས་པར་བྱེད་པ་དཔལ་ཕྱག་ན་རྡོ་རྗེ་ཅན་ལ་ཤིན་ཏུ་གུས་པས་སྐྱབས་སུ་མཆིའོ། ། (གསུམ་པ་)འགྱོད་པའི་སྒོ་ནས་གསོལ་བ་འདེབས་ཚུལ་ནི། སྔོན་ཆད་རྒྱལ་བ་སྲས་དང་བཅས་པ་ཁྱེད་ཀྱི་བཀའ། སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པ་ལ་སོཊ་པ་ལས་འདས་པ་འགྱོད་པས་ད་ནི་དམྱལ་བ་ལ་སོགས་པའི་འཇིགས་པ་ཆེན་པོ་མཐོང་ཞིང་རིག་ནས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། སྡིག་པའི་འབྲས་བུ་སྡུག་བསྔལ་གྱི་འཇིགས་པ་ལས་ཅིས་ཀྱང་མྱུར་དུ་བསལ་དུ་གསོལ་ཞེས་པའོ། ། (གསུམ་པ་)གཉེན་པོའི་སྟོབས་ལ། འབད་པར་རིགས་པ། མྱུར་དུ་འབད་པ། ཇི་ལྟར་འབད་པའོ། ། དང་པོ་ལ་གཉིས་ལས། (དང་པོ་)ནད་ཀྱི་དཔེས་འབད་པར་རིགས་པ་ནི། ཐ་མལ་བའི་ནད་རླུང་མཁྲིས་བད་ཀན་འདུས་པ་བཞི་པོ་རེ་རེ་ལའང་དུས་མིན་དུ་འཆི་བ་བརྒྱ་བརྒྱ་དང་དུས་སུ་འཆི་བ་རེ་རེ་སྟེ་བཞི་བརྒྱ་རྩ་བཞི་པོ་རྣམས་ཀྱི་གང་རུང་རེས་ཐེབས་པ་ལ་འཇིགས་ན་ཡང་སྨན་པའི་ངག་བཞིན་དུ་སྨན་བསྟེན་པར་བྱ་དགོས་ན་ཐོག་མེད་ནས་འདྲིས་པའི་འདོད་ཆགས་དང་ལ་སོགས་པ་སྟེ་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་གྱི་ཉེས་པ་བཞི་པོ་རེ་རེ་ལའང་གཉེན་པོ་མེད་པ་བརྒྱ་བརྒྱ་དང༌། གཉེན་པོ་ཡོད་པ་རེ་རེ་སྟེ་བཞི་བརྒྱ་རྩ་བཞི་པོ་ཡི་བྱེད་ལས་ནད་དྲག་པོ་འདྲ་བ་རྣམས་ཀྱིས་དུས་རྟག་ཏུ་བཏབ་པ་ལ་སངས་རྒྱས་ཀྱི་བཀའ་བཞིན་དུ་གཉེན་པོ་བསྟེན་དགོས་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱ་དཔེ་དང་འགྲེལ་ཆེན་དུ། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀྱིས། །ཟིན་པར་གྱུར་པ་སྨོས་ཅི་དགོས། །ཞེས་བཤད་དེ་དོན་ནི་སྔར་བསྟན་པ་ཉིད་དོ། །ཉོན་མོངས་པ་དེ་རྣམས་ཀྱི་ནང་ནས་གཅིག་གཅིག་གིས་གོས་པས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་རྣམས་ཀུན་སྡུག་བསྔལ་གྱིས་རླག་པར་བྱེད་ན། ཉོན་མོངས་པའི་ནད་དེ་དག་གསོ་བར་བྱེད་པའི་སྨན་གཉེན་པོ་ལས་གཞན་ནི་ཕྱོགས་རྣམས་ཀུན་ནས་བཙལ་ཡང་སུས་ཀྱང་མི་རྙེད་ན་དེ་ལ་སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་བ་ཐམས་ཅད་མཁྱེན་པ་སྡུག་བསྔལ་གྱི་ཟུག་རྔུ་ཐམས་ཅད་འབྱིན་པ་ཡི་བཀའ་ལུང་ནས་ཇི་སྐད་བཤད་པ་ལྟར་གཉེན་པོ་སྟོབས་ལྡན་གྱི་སྨན་སྟེན་པར་མི་བྱེད་པར་ཕྱིན་ཅི་ལོག་ཏུ་སེམས་པ་ནི་ཤིན་ཏུ་བླུན་ཞིང་གཏི་མུག་ཅན་དམ་པ་རྣམས་ཀྱིས་སྨད་པར་བྱ་བའི་གནས་ཡིན་ནོ། ། (གཉིས་པ་)གཡང་སའི་དཔེས་འབད་པར་རིགས་པ་ནི། ལྷུང་ཡང་ཡན་ལག་ཙམ་གནད་པར་འགྱུར་བའི་གཡང་ས་དང་ངམ་གྲོག་ཐ་མལ་བ་ཆུང་ངུ་ལའང་འགྲོ་འོང་ལ་སོགས་པའི་སྤྱོད་ལམ་བག་ཡོད་པས་གནས་པར་བྱ་དགོས་ན། དཔག་ཚད་སྟོང་ཕྲག་ཉི་ཤུ་ལ་སོགས་པའི་འོག་ཏུ་ལྟུང་བར་འགྱུར་བ་ཡི་མནར་མེད་ལ་སོགས་པའི་གནས་སུ་ཚེ་ཚད་བར་གྱི་བསྐལ་པ་ལ་སོགས་པ་ཡུན་རིང་པོར་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་གཡང་སར་ལྷུང་གིས་དོགས་ནས་བག་ཡོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། ། (གཉིས་པ་)མྱུར་དུ་འབད་པ་ལའང་གཉིས་ལས། (དང་པོ་)ངེས་པར་འཆི་བས་འབད་པ་ནི། དུས་དེ་རིང་ཙམ་ཁོ་ནའང་མི་འཆིའོ་ཞེས་བག་ཕབ་སྟེ་ཡིད་དལ་དུ་བདེ་བར་འདུག་པ་ནི་རིགས་པ་མ་ཡིན་ཏེ༑ བདག་ནི་ཤི་ནས་མེད་པར་འགྱུར་བའི་དུས་གང་ཡིན་པ་དེ་ནི་ངེས་པར་གདོན་མི་ཟ་བར་འབྱུང་ཞིང་དེའང་ནམ་འབྱུང་ངེས་པ་མེད་པའི་ཕྱིར་རོ། །བཤེས་སྤྲིང་དུའང༌། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་འདྲ་ངོ་མཚར་ལགས། །ཞེས་པ་ལྟར་རོ། །གཞན་ཡང་བདག་ལ་འཆི་བས་མི་འཇིགས་པ་གང་ཟག་སུ་ཡིས་བྱིན་ཏེ་སུས་ཀྱང་བྱིན་པ་མེད་ལ། འཆི་བའི་འཇིགས་པ་འདི་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་ཏེ་མི་འགྱུར་ཞིང༌། གདོན་མི་ཟ་བར་ཤི་ནས་མེད་པར་འགྱུར་བར་ངེས་ན་ཅིའི་ཕྱིར་བདག་ཉིད་ཡི་དལ་དུ་བདེ་བར་འདུག་སྟེ་འདུག་པར་མི་རིགས་སོ། །མྱ་ངན་བསལ་བར་ཡང༌། ས་འོག་གམ་ནི་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་ལྟར་རོ། །སྔོན་ཆད་འཁོར་བ་ཐོག་མ་མེད་པ་ནས་ལུས་དང་ལོངས་སྤྱོད་འདི་ལྟ་བུ་ཡང་ཡང་མྱོང་སྟེ་ཞིག་པ་ལས་བདག་ལ་ལྷག་པའི་དངོས་པོ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་ན། བདག་ནི་ཟག་པ་དང་བཅས་པའི་འབྱོར་བ་ཐམས་ཅད་དམན་པ་དེ་ལ་མངོན་པར་ཞེན་ནས་བླ་མ་རྒྱལ་བ་སྲས་དང་བཅས་པའི་བཀའ་དང་འགལ་པར་བྱས་པ་ནི་མི་རིགས་པས་ད་ནི་བཀའ་བཞིན་བསྒྲུབ་པ་ལ་འབད་པར་བྱའོ། ། (གཉིས་པ་)ཐམས་ཅད་འདོར་བས་འབད་པ་ནི། རང་གི་གསོན་པའི་ཚེ་སྲོག་ཆུའི་ཆུ་བུར་ལྟ་བུ་འདི་དང༌། དེ་བཞིན་དུ་ཕ་དང་མ་དང་ཕུ་ནུ་ལ་སོགས་པའི་གཉེན་དང་བཤེས་པ་དང་ལོངས་སྤྱོད་གང་ཡོད་རྣམས་ཀྱང་རྣམ་པར་སྤངས་ནས་བདག་ཉིད་གཅིག་པུར་གྲོགས་མེད་པར་ག་ཤེད་ངེས་མེད་ཀྱི་གནས་སུ་འགྲོ་དགོས་ན་མཛའ་བ་ལ་ཆགས་པ་དང་མི་མཛའ་བ་ལ་སྡང་བས་སྡིག་པ་སྤྱད་པ་ཀུན་ཅི་ཞིག་རུང་སྟེ་དོན་མེད་པ་བྱས་པས། ད་ནི་དགེ་བ་ལ་འབད་པར་རིགས་སོ། ། ཇི་ལྟར་འབད་པ་ལའང་གཉིས་ལས། (དང་པོ་)བསམ་པའི་སྒོ་ནས་འབད་པ་ནི། རྒྱུ་མི་དགེ་བ་བཅུ་ལ་སོགས་པ་སྡིག་པ་སྤྱད་པ་ལས་འབྲས་བུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་བས་ན། སྡུག་བསྔལ་རྒྱུ་དང་བཅས་པ་དེ་ལས་ཚུལ་ཇི་ལྟར་བྱས་ན་ངེས་པར་ཐར་བར་འགྱུར་ཏེ་འོན་ཀྱང་སྡིག་པའི་གཉེན་པོ་དགེ་བ་ལ་འབད་པར་རིགས་སོ་ཞེས་དུས་ཉིན་མཚན་རྟག་ཏུ་བདག་གིས་ནི་ལས་རྒྱུ་འབྲས་ལ་མངོན་པར་ཡིད་ཆེས་པའི་དད་པ་འདི་ཉིད་འབའ་ཞིག་ཐོག་མར་བསམ་པར་རིགས་ཏེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་པ་སྟོང་དུ་ཡང༌། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། ། (གཉིས་པ་)སྦྱོར་བའི་སྒོ་ནས་འབད་པ་ནི། བདག་ནི་སོ་སོའི་སྐྱེ་བོ་བླང་དོར་གྱི་གནས་མི་ཤེས་པ་ཉོན་མོངས་པ་གཏི་མུག་གི་དབང་དུ་གྱུར་བས་མི་དགེ་བ་བཅུ་ལྟ་བུ་སུས་སྤྱད་ཀྱང་སྡིག་པར་འགྱུར་བ་རང་བཞིན་གྱི་ཁ་ན་མ་ཐོ་བའམ་ཁས་བླངས་པའི་སྡོམ་པ་དང་འགལ་བ་ཆང་འཐུང་བ་ལྟ་བུ་བཅས་པའི་སྡིག་པ་གང་ཡིན་པ་ལས་དེ་དག་གི་ནང་ནས་སྲོག་གཅོད་པ་ལ་སོགས་པ་གང་ཡང་རུང་བ་བགྱིས་པ་རྣམས་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྤྱན་སྔར་མངོན་སུམ་དུ་ཐལ་མོ་སྦྱར་ཏེ་སྡིག་པའི་འབྲས་བུ་སྡུག་བསྔལ་གྱིས་འཇིགས་པའི་སེམས་ཀྱིས་ཡང་དང་ཡང་དུ། གུས་པས་ཕྱག་འཚལ་ཏེ་ཉེས་པ་དང་ལྟུང་བ་དེ་དག་ཐམས་ཅད་སོ་སོར་མཐོལ་ཞིང་བཤགས་པར་བགྱིའོ། ། (བཞི་པ་)སྡོམ་པའི་སྟོབས་ནི། འཇིག་རྟེན་གྱི་འདྲེན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་གི་སྡིག་པ་ཁ་ན་མ་ཐོ་བ་བགྱིས་པ་རྣམས་ནོངས་ཤིང་ཉེས་པ་ལགས་པར་བཟུང་ཞིང་མཁྱེན་པར་མཛད་དུ་གསོལ། མི་དགེ་བ་སྤྱོད་པ་འདི་ནི་རྣམ་པར་སྨིན་པ་མི་བཟད་པ་སྐྱེད་ཅིང་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་གྱི་སྤྱོད་པ་བཟང་པོ་མ་ལགས་པས་དུས་འདི་ནས་བརྩམས་ཏེ་སླན་ཆད་བྱང་ཆུབ་ཀྱི་བར་དུ་བདག་ནི་ཤེས་བཞིན་དུ་སྲོག་ལ་བབ་ཀྱང་ཡོང་ཡེ་མི་བགྱིད་ཅིང་སྡོམ་ལགས་སོ་ཞེས་པའོ། །དེ་ལྟ་ན་ནི་དམ་པའི་ཆོས་ལ་བསླབ་པར་འགྱུར་ཏེ། ཡུམ་ལས། སེམས་འདི་བཟང་བ་མིན་སྙམ་དྲན་པ་སྐྱེད་བྱེད་ཅིང༌། །སོ་སོར་འཆགས་པར་བྱེད་ཅིང་ཕྱིས་ཀྱང་སྡོམ་བྱེད་ལ། །དགའ་བར་མི་བྱེད་དེ་ནི་སངས་རྒྱས་ཆོས་འདིར་སློབ། །ཅེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་མཆོད་པ་འབུལ་བ་ལ་སོགས་པ་ཡོད་ཀྱང་སྡིག་པ་བཤགས་པ་གཙོ་བོར་སྟོན་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །། ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་གཟུང་བའི་རྣམ་བཤད། (༥) རྗེས་སུ་ཡི་རང་བའི་ཡན་ལག དེ་ལྟར་མཆོད་ཅིང་བཤགས་པ་བསྟན་ནས། (ལྔ་པ་)རྗེས་སུ་ཡི་རང་བའི་ཡན་ལག་ལ་གཉིས་ལས། ༡ བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། (དང་པོ)བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། སེམས་ཅན་འཁོར་བར་གནས་པ་ཀུན་གྱི་ཁྱད་པར་ངན་སོང་གསུམ་པོ་དག་གི་སྡུག་བསྔལ་མྱོང་བས་ངལ་ཞིང་དུབ་པ་རྣམས་གནས་སྐབས་མཐོ་རིས་སུ་ཅུང་ཟད་ཅིག་ངལ་སོས་པའི་བདེ་བ་ཐོབ་པའི་རྒྱུ་འཇིག་རྟེན་པའི་དགེ་བ་སྤྱོད་པ་དང་སྡུག་བསྔལ་ཅན་དེ་དག་རྒྱུ་དགེ་བ་ཟག་པ་དང་བཅས་པའི་མཐུས་འབྲས་བུ་མངོན་པར་མཐོ་བ་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་ལ་གནས་པ་ལ་ཡང་ཕྲག་དོག་སྤངས་ཏེ་དགའ་ཞིང་མགུ་བས་རྗེས་སུ་ཡི་རང་ངོ༌། ། ༢ ཐར་བ་ཆ་མཐུན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། (གཉིས་པ་)ཐར་བ་ཆ་མཐུན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། ཐུན་མོང་དུ་ངེས་པར་ལེགས་པ་བྱང་ཆུབ་གསུམ་འགྲུབ་པའི་རྒྱུར་གྱུར་པའི་དགེ་བ་ཚོགས་གཉིས་ཉེ་བར་བསགས་པ་གང་ཡིན་པ་དེ་ལ་དགའ་ཞིང་ཡི་རང་ངོ༌། །དེ་ལྟར་ཚོགས་བསགས་པ་ལས་ལུས་ཅན་རྣམས་འཁོར་བའི་སྡུགས་བསྔལ་ལས་ངེས་པར་ཐར་པའི་མྱ་ངན་ལས་འདས་པ་ཐོབ་པ་ལ་ཡང་རྗེས་སུ་ཡི་རང་ངོ༌། །ཁྱད་པར་དུ་སྐྱོབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པ་དང༌།དེའི་རྒྱུ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ལམ་གྱི་དགེ་བ་ལ་ཡང་ཤིན་ཏུ་རྗེས་སུ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་བདེ་བ་མཛད་པའི་ཆེད་དུ་བསམ་པ་བྱང་ཆུབ་ཀྱི་ཐུགས་བསྐྱེད་པའི་དགེ་བ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་རྣམས་དང༌། སྦྱོར་བ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པ་ལ་ཡང་རབ་ཏུ་དགའ་ཞིང་དང་བས་རྗེས་སུ་ཡི་རང་ངོ་ཞེས་པའོ། །དེ་ལྟ་ན་ནི་ཕན་ཡོན་ཚད་མེད་པ་འཐོབ་སྟེ། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་ལ༑ ༑སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང༌། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་པ་ལྟར་རོ། ། ༦ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། (དྲུག་པ་)ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་པོ་རྣམས་ན་དུས་གསུམ་པོ་ཀུན་ཏུ་བཞུགས་པ་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་དུ་གསེར་གྱི་འཁོར་ལོ་ཕུལ་བར་མོས་ཤིང་ལུས་ཀྱི་ཐལ་མོ་སྦྱར་ཏེ་ངག་ཏུ་གསོལ་བ་ནི་སེམས་ཅན་སྡུག་བསྔལ་གྱིས་གདུངས་ཤིང་མ་རིག་པའི་མུན་པས་འཐོམས་པས་ལམ་དང་ལམ་མ་ཡིན་པ་མི་ཤེས་པ་རྣམས་ལ། རང་རང་གི་སྐལ་བ་དང་མཐུན་པར་དམ་པའི་ཆོས་ཀྱི་སྣང་བ་སྒྲོན་མ་གསལ་བ་ལྟ་བུ་སྦར་ཏེ་མི་ཤེས་པའི་མུན་པ་བསལ་ནས་ཡང་དག་པའི་ལམ་བསྟན་དུ་གསོལ་ཞེས་པའོ། ། ༧ མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། (བདུན་པ་)མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་ནི། རྒྱལ་བ་ཆོས་ཀྱི་སྐུ་མྱ་ངན་ལས་མི་འདའ་ཡང་གཟུགས་ཀྱི་སྐུའི་མཛད་པ་མཐར་ཕྱིན་ནས་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ལ་ལུས་ཀྱིས་ཐལ་མོ་སྦྱར་ཏེ་ངག་ཏུ་གསོལ་བ་ནི། འགྲོ་བ་མཐའ་ཡས་པ་འདི་རྣམས་ཤེས་རབ་ཀྱི་མིག་གཏི་མུག་གི་ལིང་ཏོག་གིས་མདོངས་པར་མི་དགོད་ཅིང༌། བླང་དོར་གྱི་གནས་གསལ་བར་བགྱི་བའི་སླད་དུུ་བསྐལ་པ་གྲངས་མེད་པ་མང་པོའི་བར་དུ་མྱ་ངན་ལ་མི་འདའ་བར་ཡུན་རིང་དུ་བཞུགས་པར་གསོལ་བ་འདེབས་སོ་ཞེས་པའོ། ། (༨) བསྔོ་བ་ལ་གསུམ། (བརྒྱད་པ་)བསྔོ་བ་ལ། སྡུག་བསྔལ་ཞི་བའི་དོན་དུ་བསྔོ་བ། ལུས་སོགས་གཞན་གྱི་དོན་དུ་བསྒྱུར་བ༑ ཁྱད་པར་སྨོན་ལམ་རྒྱ་ཆེར་གདབ་པའོ། ། ① སྡུག་བསྔལ་ཞི་བའི་དོན་དུ་བསྔོ་བ། དང་པོ་ལ་བཞི་ལས། (དང་པོ་)སྡུག་བསྔལ་ཐམས་ཅད་ཞི་བར་བསྔོ་བ་ནི། གོང་དུ་བཤད་པ་དེ་ལྟར་མཆོད་པ་ནས་གསོལ་བ་གདབ་པའི་བར་གྱི་ཡན་ལག་འདི་དག་ཀུན་ཐོག་མར་བྱས་ཏེ་དེ་དག་ལས་དགེ་བ་བདག་གིས་བསགས་པ་གང་ཞིག་ཐོབ་པ་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་བསལ་ཞིང་བྱང་བར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)ནད་ཀྱི་སྡུག་བསྔལ་ཞི་བར་བསྔོ་བ་ནི། ཁྱད་པར་དུ་སྙིང་རྗེ་བའི་གནས་ནད་ཀྱི་བསྐལ་པ་བར་མ་ལ་སོགས་པར་འགྲོ་བ་ནད་སྣ་ཚོགས་ཀྱིས་གཟིར་བ་རྣམས་ཇི་སྲིད་དུ་ནད་ལས་གྲོལ་ཞིང་སོས་པར་གྱུར་གྱི་བར་དུ་ནི་བདག་ཉིད་ནད་ཞི་བར་བྱེད་པའི་སྨན་བཟང་པོ་དང་ཕན་འདོགས་པར་བྱེད་པའི་སྨན་པ་ཉིད་དང་ནི་དེ་ཡི་ནད་གཡོག་དང་རིམ་གྲོ་ལ་སོགས་པ་ཇི་ལྟར་མཁོ་བ་བྱེད་པ་ཤོག་ཅིག་ཅེས་པའོ། ། (གསུམ་པ་)བཀྲེས་སྐོམ་སྡུག་བསྔལ་ཞི་བར་བསྔོ་བ་ནི། སེམས་ཅན་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་རྣམས་ལ་ཟས་དང་སྐོམ་བདུད་རྩི་ལྟ་བུ་རྣམས་ཀྱི་ཆར་བ་རྒྱུན་མི་འཆད་པར་ཕབ་སྟེ་བཀྲེས་པ་དང་སྐོམ་པའི་གནོད་པ་མཐའ་དག་བསལ་ནས་རབ་ཏུ་ཚིམ་པའི་བདེ་བ་ལ་འཁོད་པར་གྱུར་ཅིག མཛོད་ལས། དེ་ནས་(མི་དགེ་བའི་)ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་(ཤོས་)ལོ་ནི་བཅུ་པར་འགྱུར། །(དེ་ལ་)བསྐལ་པ་(བར་མ་ནི་)མཚོན་དང་(ཞག་བདུན་)ནད་(ཞག་བདུན་ )དང་ནི། །མུ་གེ་(ཞག་བདུན་ཟླ་བ་བདུན་ལོ་བདུན་)རྣམས་ཀྱིས་མཐར་ཕྱིན་ཏོ།