སྤྱོད་འཇུག་ས་འགྲེལ།

། རྣམ་གཡེང་འདུ་འཛི་མ་ལུས་སྤངས་ནས་ཆོས་ཚུལ་ཟབ་མོ་དོན་གཉེར་བའི། ། རྣམ་དག་བློ་དང་སྐལ་བཟང་དང་ལྡན་སྐྱེས་བུ་མཆོག་རྣམས་དགྱེས་བར་མཛོད། ། དམ་པ་མང་པོའི་ལེགས་བཤད་ལ་བརྟེན་ནས། ། དམ་པའི་ཆོས་འདི་རྣམ་བཤད་ལས་བྱུང་བའི། ། དམ་པའི་དགེ་བ་བདག་གིས་གང་བསྐྲུན་དེས། ། དམ་པ་རྣམས་ཀྱི་དགོངས་དོན་གྲུབ་གྱུར་ཅིག ། གང་གི་དྲིན་ལས་བདག་འདྲའི་བློས་ཀྱང་ཟབ་མོའི་གནས་ལུགས་རྟོགས་གྱུར་པ། ། མཁྱེན་རབ་རྣམ་དག་ཐུགས་རྗེའི་སྟོབས་མངའ་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང༌། ། གང་ལ་བརྟེན་ན་སྲིད་དང་ཞི་བའི་རྒུད་པ་བསལ་ནས་ཕན་བདེ་ཡི། ། དཔལ་འབྱོར་རྒྱས་མཛད་བཤེས་གཉེན་རབ་མཆོག་བླ་མ་རྣམས་ལའང་བདག་སྐྱབས་མཆི། ། རང་བཞིན་རྣམ་དག་མཁའ་མཉམ་སེམས་ཅན་རྣམས། ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ། སྦྱོར་བ་ཕ་རོལ་ཕྱིན་དྲུག་ལེགས་སྤྱད་ནས། ། འབྲས་བུ་བྱང་ཆུབ་ཆེན་པོ་མྱུར་ཐོབ་ཤོག ། གནས་སྐབས་སུ་ཡང་ཐུབ་བསྟན་ཉི་ཟླ་གདུལ་བྱའི་གླིང་ལ་གསལ་བ་ཡིས། ། མི་ཤེས་མུན་པའི་རབ་རིབ་བསལ་ནས་ཡེ་ཤེས་སྣང་བའི་དཔལ་བསྐྱེད་ཅིང༌། ། སྐྱེ་རྒུ་རྣམས་ཀྱང་ཕན་ཚུན་གནོད་པའི་བསམ་སྦྱོར་ངན་པ་རབ་སྤངས་ནས། ། བྱམས་དང་སྙིང་རྗེས་ཉིན་མཚན་ཀུན་ཏུ་དམ་པའི་ཆོས་ལ་སྤྱོད་གྱུར་ཅིག ། མཛད་བྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་སྣང་བ་ཞེས་བྱ་བ། བླ་མ་དམ་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས། རིག་པའི་གནས་ལྔ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཟད་ཐོབ་པ། བོད་ཀྱི་པཎྜི་ཏ་འཇམ་དབྱངས་བློ་གྲོས་ཀྱིས་བཟང་ལྡན་ཡང་དགོན་བྱམས་པའི་གླིང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག ། སྦྱར་བྱང་སྨོན་ཚིག ཨོཾ་སྭ་སྟི་སིདྡྷཾ། ཤེས་རབ་ཕ་རོལ་ཕྱིན་པའི་འཁོར་ལོས་སྒྱུར། །ཐབས་མཆོག་བསོད་ནམས་མང་པོས་མདུན་བདར་ཏེ། །ཉོན་མོངས་ཤེས་བྱའི་གཡུལ་རྣམས་སྤ་གོང་མཁན། །ཆོས་ཀྱི་རྒྱལ་པོ་ཤཱཀྱ་སེང་གེར་འདུད། །གང་དེའི་ཉེ་བའི་སྲས་མཆོག་རྒྱུ་སྐར་ཁྲོད། །རྨོངས་པའི་མུན་གསོད་ཤེས་རབ་རལ་གྲི་ཅན། །འཇམ་དབྱངས་བཅུ་དྲུག་ཆ་རྫོགས་ཟླ་བ་དེས། །སྐལ་བཟང་སྙིང་གི་དགའ་ཚལ་ཕྱེ་བར་མཛོད། །རྒྱལ་བའི་གཞུང་ལུགས་ཐེག་པ་ཆེན་པོའི་དབྱིག །ལྟ་དང་སྤྱོད་པའི་མཛོད་དུ་འདུས་དེ་ལས། །རྣམ་དཔྱོད་ཚད་མར་སོང་བའི་འཕགས་རྣམས་ཀྱིས། །དགོངས་པ་སོ་སོར་བཀྲལ་བའི་བློ་གྲོས་འགྲན། །འདི་ནི་རྨད་བྱུང་སློབ་དཔོན་ཞི་བ་ལྷས། །བྱང་ཆུབ་སེམས་གཉིས་གྲུབ་པའི་རྫུ་འཕྲུལ་བཅས། །རང་གི་རྟོགས་པ་སྙིང་རྗེས་སྐྱུགས་པའི་ངག །རྒྱལ་སྲས་སྤྱོད་ལ་འཇུག་པའི་གཞུང་དུ་བསྟན། །དེ་ཡི་དགོངས་པ་འགྲེལ་སླད་འཕགས་བོད་ཀྱི། །སྨྲ་དབང་རྣམས་ཀྱི་ལུང་རིགས་བརྒྱར་སྤྲོས་མོད། །དོན་གསལ་སྡེབ་སྦྱོར་ལེགས་པའི་རྒྱུད་མངས་ཅན། །ས་བཟང་ལེགས་བཤད་སྙན་པའི་གྲགས་པ་འབར། །དེ་ཚུལ་གཟིགས་པ་དག་པའི་མེ་ལོང་དུ། །ཤར་བ་འཇམ་དབྱངས་སྒྱུ་འཕྲུལ་མཁྱེན་བརྩེའི་རྗེས། །ཡོངས་རྫོགས་བསྟན་ལ་རི་མོར་མཛད་པའི་རླབས། །ཀུན་ཏུ་བཟང་པོའི་སྤྲིན་དུ་འཕྱུར་བའི་ཚེ། །བསོད་ནམས་སུམ་རྩེན་གྲོང་ནས་འོངས་པའི་རྒྱུད། །མཐོ་རིས་ཡོན་ཏན་དོ་ཤལ་འཛིན་པ་ཅན། །སྡེ་བཞིའི་དགེ་ལེགས་སྐྱེད་བའི་བཙུན་མོ་དེ། །ལེགས་བྱས་འདི་ཡི་འབབས་སྟེགས་གཅིག་ཏུ་དགོངས། །རྟེན་འབྱུང་དེ་དག་ཚོགས་པས་བསྐུལ་བ་བཞིན། །འཇམ་མགོན་བཀའ་ལུང་ས་སྤྱོད་དབང་མོ་དེས། །བདག་གིར་མཛད་ལས་ཆོས་སྦྱིན་མི་མཛད་འཕྲུལ། །ཐུགས་བསྐྱེད་དག་པ་གཟུགས་སུ་ཤར་འདྲར་བསྐྲུན། །དམ་པའི་ཆོས་ཀྱི་སྟེ་བ་བརླིང་པ་ནས། །གཙུག་ལག་རྩིབས་སྟོང་བཀྱེ་བ་སའི་ཐིག་ལེར། །མཚོ་ལ་ནོར་བུ་བཞིན་དུ་བཀོད་པ་ན། །དཔལ་ལྡན་ལྷུན་གྲུབ་སྟེང་ཞེས་དོན་ལྡན་བྱས། །བསོད་ནམས་ཚོགས་ལས་དམ་ཆོས་འཛིན་པ་དེའི། །ལེགས་བྱས་རྒྱ་མཚོ་གཏིང་མཐའ་དཔག་དཀའ་བར། །དུས་གསུམ་དགེ་བའི་ཀླུང་རྒྱུན་ཀུན་བསྲེས་ཏེ། །རྣམ་པ་ཐམས་ཅད་མཁྱེན་པའི་གཞིར་བསྟབས་མཐུས། །དཔལ་ལྡན་སྟོབས་བཅུ་མངའ་བའི་ལུང་རྟོགས་ཀྱི། །བསྟན་པ་རིན་ཆེན་ཀུན་གྱི་ཕུལ་གྱུར་པ། །ལྷར་བཅས་གདུལ་བྱའི་མོས་དགེའི་རྒྱལ་མཚན་རྩེར། །བཤད་སྒྲུབ་དཔུང་པས་བཟུང་བཞིན་བརྟན་གྱུར་ཅིག །དེ་ཡི་རྩ་ལག་དགེ་བའི་བཤེས་གཉེན་གྱིས། །ཡངས་པའི་ས་ཆེན་སྐལ་བ་དགེ་བྱས་ལས། །དཔལ་ལྡན་བླ་མ་བསྟན་པའི་སྒྲོན་མེ་རྣམས། །ལྷུན་པོ་བཞིན་དུ་མངོན་མཐོར་བཞུགས་གྱུར་ཅིག །ལུགས་དང་མཐུན་པའི་བཀའ་ལུང་བསྒྲགས་པའི་འོག །ཚུལ་མིན་སྤྱོད་པའི་གོ་སྐབས་མེད་བགྱིད་པ། །ས་སྐྱོང་དམ་པའི་ཕུན་ཚོགས་གང་ཇི་སྙེད། །སྐྱེ་རྒུ་བདེ་བའི་གཉེན་དུ་རྒྱས་གྱུར་ཅིག །རྣམ་འགྱུར་གདུང་བ་མེད་པའི་ལང་ཚོའི་ལྗོན། །འཆི་མེད་ཚེ་ཡི་རྩ་བ་བརྟན་ཚུགས་ཤིང༌། །ཆོས་སྲིད་ཡལ་འདབ་རབ་རྒྱས་ཡོན་ཏན་དཔལ། །སྒྲོལ་མ་དཀར་མོའི་ངོ་མཚར་འཛིན་གྱུར་ཅིག །བཀྲ་ཤིས་ཀུན་གྱི་རབ་མཆོག་དཀོན་མཆོག་གསུམ། །འཇིག་རྟེན་གསུམ་ན་དགེ་ལེགས་ཆར་འབེབས་བཞིན། །སྨོན་པའི་ངག་ལ་བདེན་པས་བྱིན་བརླབས་ཏེ། །ཕུན་ཚོགས་རྒྱ་མཚོས་ཀུན་ནས་འབྱོར་གྱུར་ཅིག ། ཅེས་དཔལ་སའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོའི་བཙུན་མོ་དམ་པ་འགྱུར་མེད་ཚེ་བརྟན་སྒྲོལ་དཀར་གྱིས་རྗེ་འཇམ་པའི་་དབྱངས་མཁྱེན་བརྩེའི་ཞབས་ཀྱི་བཀའ་སྩལ་ལྷུར་ལེན་པའི་ཕྱིར་ཆོས་སྦྱིན་གྱི་མ་མོར་འདུ་མཛད་པའི་ཚེ་བཀའ་སྩལ་ལྟར་རྗེ་བླ་མའི་ཞབས་འབྲིང་པ་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ། བོད་རྒྱལ་ལོ།  ༢༡༣༩ བོད་ཟླ་ ༡ ཚེས་ ༢༣ ཉིན།  རིག་པའི་རྡོ་རྗེས་ཇོ་ནང་དཔེ་ཚོགས་ཀྱི་སྤྱིའི་དེབ་ཕྲེང་བཅུ་གཉིས་པ་གཞིར་བཟུང་འཕྲུལ་དེབ་ཏུ་ཕབ་པོ།།