སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)སྡུག་བསྔལ་བརྒྱུད་མར་འབྱུང་བའི་ཉེས་དམིགས་ནི། སྲིད་པ་དེར་ཡང་དཔེས་མཚོན་དུ་མེད་ཅིང་ཤིན་ཏུ་བཟོད་པར་དཀའ་བས་མི་བཟའ་པའི་སྡུག་བསྔལ་དྲག་པོ་རྒྱ་མཚོ་ཆེན་པོ་ལྟར་རྒལ་བར་མི་ནུས་པ་མཐའ་ལས་འདས་ཤིང་ཟད་མི་ཤེས་པ་ཉམས་སུ་མྱོང་ལ། འཁོར་བ་དེར་ནི་སྔར་བསྟན་པ་དེ་ལྟར་གཉེན་པོ་དགེ་བའི་ཕྱོགས་རྣམས་ཀྱང་རེ་ཞིག་སྟོབས་ཆུང་ཞིར་དེར་ནི་གལ་ཏེ་བདེ་འགྲོར་སྐྱེས་ཀྱང་ཚེ་ཡང་ཤིན་ཏུ་ཐུང་བ་ཉིད་ཀྱིས་གཉེན་པོ་སྒོམ་པའི་ལོང་མེད་པ་དང༌། དེར་ཅུང་ཟད་གནས་པའི་བར་ལ་ཡང་གསོན་དུ་རེ་བ་དང་ནད་མེད་པར་འདོད་པ་ཉིད་ཀྱིས་ཁྲུས་དང་བྱུག་པ་དང་སྨན་བསྟེན་པ་ལ་སོགས་པའི་བྱ་བྱེད་ཀྱིས་བྲེལ་བ་དང༌། ཟས་སྐོམ་ལ་སོགས་པ་མ་རྙེད་པས་བཀྲེས་ཤིང་ཕོངས་པ་དང༌། འཚོ་ཆིས་ཀྱི་བྱ་བས་ངལ་ཞིང་དུབ་པ་དང༌། རྨུགས་ཤིང་གཉིད་ཀྱིས་འཐིབས་པ་དང༌། རྒོད་ཅིང་ཐོ་འཚམ་པར་རྣམ་པར་འཚེ་བ་དང་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་འགྲོགས་པའི་དབང་གིས་བདག་བསྟོད་གཞན་སྨོད་ལ་སོགས་པ་དོན་མེད་པའི་བྱ་བ་རྣམས་ཀྱིས་ཚེ་ནི་འབྲས་བུའི་དོན་གྲུབ་པ་མེད་པར་མྱུར་དུ་འདའ་ཡི་བླང་དོར་གྱི་གནས་ལུགས་ལ་ཚུལ་བཞིན་དུ་རྣམ་པར་དཔྱོད་པའི་ཤེས་རབ་ནི་ཤིན་ཏུ་རྙེད་པར་དཀའ་འོ། །ཅུང་ཟད་རྙེད་ཀྱང་སྔར་བཤད་པ་ལྟར་སྲིད་པ་དེར་ཡང་དགེ་བའི་ཕྱོགས་ལས་རྣམ་པར་གཡེང་བའི་བྱ་བ་ལ་ཐོག་མེད་ནས་འདྲིས་ཤིང་གོམས་ཆེས་པའི་སྟོབས་ནི་བཟློག་ཅིང་ཞི་བར་བྱེད་པའི་ཐབས་ནི་ག་ལ་ཡོད་དེ་མེད་ལ། རྣམ་གཡེང་སྤོང་པར་འདོད་པའི་སྐབས་དེར་ཡང་དམྱལ་བ་ལ་སོགས་པའི་ངན་སོང་ཆེན་པོར་ནི་ལྟུང་བར་བྱ་བའི་ཕྱིར་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་ལ་སོགས་པ་ནི་ཤིན་ཏུ་བརྩོན་པར་བྱེད་པས་དེ་དག་གི་དབང་དུ་འགྱུར་རོ། །ཅི་སྟེ་བདེ་འགྲོ་ཐོབ་ཀྱང་དེར་ནི་ཡང་དག་པའི་ལྟ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་མུ་སྟེགས་ཅན་ལ་སོགས་པའི་ལམ་མང་བས་དེར་འཇུག་པར་འགྱུར་ཞིང༌། ཡང་དག་པའི་ལམ་ལ་ཐེ་ཚོམ་དུ་གྱུར་བ་ལས་ཀྱང་ཤིན་ཏུ་རྒལ་བར་དཀའ་སྟེ་འདོར་བར་མི་ནུས་པས་ངན་སོང་དུ་ལྟུང་བར་འགྱུར་རོ། །དེ་ནས་སླར་ཡང་མི་ཁོམ་པའི་གནས་སྤང་བའི་དལ་བ་ཕུན་སུམ་ཚོགས་པ་རྙེད་པར་དཀའ་ཞིང་སངས་རྒྱས་འབྱུང་བ་ལ་སོགས་པའི་འབྱོར་བ་ཕུན་སུམ་ཚོགས་པའང་རྙེད་པ་ཤིན་ཏུ་དཀའ་ལ། དེ་དག་རྙེད་ཀྱང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཁོར་བ་ངན་སོང་གི་རྒྱུན་ཕྱོགས་སུ་འཁྱེར་བར་ཕྱེད་པས་ཆུ་བོ་ཆེན་པོ་དང་འདྲ་བ་རྣམས་ན་སྤང་བར་དཀའ་སྟེ་ཨེ་མ་སྡུག་བསྔལ་དྲག་པོ་མྱོང་བཞིན་དུ་ཉོན་མོངས་པའི་དབང་གིས་ལས་ངན་པ་སྤྱད་དེ། སླར་ཡང་སྡུག་བསྔལ་རྒྱུན་མི་འཆད་པར་ཁོར་ཡུག་ཏུ་བརྒྱུད་པས་མྱོང་བར་འགྱུར་བ་འདི་དག་ནི་ཤིན་ཏུ་སྙིང་རྗེ་བ་ཉིད་དོ། ། (གསུམ་པ་)དེ་ཡང་རིག་པ་མིན་པའི་ཉེས་དམིགས་ནི། གོང་དུ་བསྟན་པའི་ཚུལ་དེ་ལྟར་སྡུག་བསྔལ་གྱི་ཁྱད་པར་སྣ་ཚོགས་པས་ཤིན་ཏུ་སྡུག་བསྔལ་བར་གནས་ན་ཡང་མ་རིག་པའི་རབ་རིབ་ཀྱྀས་ཡེ་ཤེས་ཀྱི་མིག་བསྒྲིབ་པས་རང་ཉིད་སྡུག་བསྔལ་བར་གནས་པར་མི་མཐོང་བ་གང་ཡིན་པའི་སེམས་ཅན་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོར་ལྷུང་ཞིང་གནས་པ་འདི་དག་ནི་ཀྱི་ཧུད་མྱ་ངན་བྱ་བར་འོས་པ་དག་སྟེ། སྡུག་བསྔལ་ལ་བདེ་བར་འཛིན་པ་འདུ་ཤེས་ཕྱིན་ཅི་ལོག་གི་དབང་དུ་གྱུར་པའི་ཕྱིར་རོ། །དཔེར་ན་ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་འགའ་ཞིག་ཆུ་བསིལ་བས་ཡང་ཡང་ཁྲུས་བྱས་ཏེ་གྲང་བས་ཉེན་པ་ན་ཡང་ཡང་མེར་འཇུག་པ་དེ་ལྟར་ཚ་གྲང་རེ་མོས་ཀྱི་སྒོ་ནས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་བདག་ཉིད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་རློམ་པ་བཞིན་ནོ། །བཤད་པའི་རིམ་པ་དེ་ལྟར་འདུས་བྱས་ཐམས་ཅད་མི་རྟག་པའི་གནས་ལུགས་མ་རིག་པར་ན་ཚོད་འགྱུར་བའི་རྒ་བ་དང་སྲོག་འགྱུར་བའི་འཆི་བ་ལ་སོགས་པ་འོང་བ་མེད་པ་བཞིན་དུ་བག་ཡངས་སུ་རོལ་ཞིང་སྤྱོད་པས་ཅི་དགར་གནས་པ་རྣམས་ལ་དང་པོ་ཉིད་དུ་རྒ་བ་དང་ན་བ་འོང་ཞིང་ཕྱིས་བཅོས་སུ་མེད་པའི་ཚུལ་གྱིས་འཆི་བ་འོངས་ཏེ་བསད་པར་བྱས་ནས་སླར་ཡང་ངན་སོང་དུ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་རྣམས་འོང་ཞིང་འཇོམས་པ་ནི་ཤིན་ཏུ་སྙིང་རྗེ་བ་ཉིད་དེ། རྒྱལ་པོ་ལ་གདམས་པར། རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་ངོ༌། །ན་བ་ནི་ནད་མེད་པ་འཇོམས་ཤིང་འོང་ངོ༌། །རྒུད་པ་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་ངོ༌། །འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བ་ནི་སླ་བ་མ་ཡིན་ནོ་ཞེས་པ་ལྟར་རོ། ། ༢ རྣམ་པ་ཕན་བདེ་འབྱུང་པའི་སྙིང་རྗེ། (གཉིས་པ་)རྣམ་པ་ལ་གཉིས་ལས། (དང་པོ་)སྡུག་བསྔལ་ཞི་བར་བྱེད་པའི་སྙིང་རྗེ་ནི། གོང་དུ་བསྟན་པ་དེ་ལྟར་ཚ་གྲང་དང་གཅོད་འབྲལ་དང་བཀྲེས་སྐོམ་དང་ངལ་དུབ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་པའི་མེས་ཡུན་རིང་དུ་གདུངས་པའི་སེམས་ཅན་རྣམས་ལ། བདེ་བའི་ཡོ་བྱད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པའི་སྤྲིན་ལས་ལེགས་པར་བྱུང་བའི་རང་རང་གི་ཕན་པ་དང་བདེ་བའི་སྒྲུབ་བྱེད་དགོས་དང་རྒྱན་དང་ཟས་དང་ནོར་ལ་སོགས་པའི་ཚོགས་ཆར་གྱི་རྒྱུན་བཞིན་དུ་བབ་པ་རྣམས་ཀྱིས་སྡུག་བསྔལ་གྱིས་གདུང་བཞི་ཞིང་བདེ་བ་དང་ལྡན་པར་བྱེད་པར་བདག་ནམ་ཞིག་འགྱུར་ཞེས་མངོན་པར་མཐོ་བའི་གོ་འཕང་ཐོབ་པར་སྨོན་པའོ། ། (གཉིས་པ་)དམིགས་མེད་སྟོང་ཉིད་རྟོགས་པའི་སྙིང་རྗེ་ནི། དུས་ནམ་ཞིག་བསམ་པ་འཁོར་གསུམ་དུ་དམིགས་པ་མེད་པའི་ཚུལ་དུ་སྦྱོར་པ་གུས་པ་ཆེན་པོས་རྒྱུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཉེ་བར་བསགས་ཏེ། འབྲས་བུ་སངས་རྒྱས་ཉིད་ཐོབ་ནས། གདུལ་བྱ་དམིགས་པ་ལ་མངོན་པར་ཞེན་པས་བསྒྲིབས་ཤིང་ཕུང་བར་གྱུར་བའི་སེམས་ཅན་དངོས་འཛིན་ཅན་རྣམས་ལ་ཆོས་ཟབ་མོ་མཐར་ཐུག་པ་སྟོང་པ་ཉིད་ནི་སྟོན་པར་འགྱུར་ཞིང་བསྟན་པ་ལྟར་བསྒྲུབ་པས་མྱུར་དུ་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག་ཅེས་པ་ནི་ངེས་པར་ལེགས་པའི་གོ་འཕང་ཐོབ་པར་སྨོན་པའོ། །དེ་ལྟར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་གོ་འཕང་ཐོབ་པར་འདོད་པ་རྣམསཀྱིས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་དགེ་བ་རྣམས་ལ་ཞུགས་ན་ཡང་ཕན་ཡོན་ཆེན་པོ་ཐོབ་མོད། དེ་བས་ཀྱང་སྒྲིབ་པ་གཉིས་ཀྱི་གཉེན་པོ་མཐར་ཐུག་པ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ནི་མཆོག་ཡིན་པས། དེ་སྐྱེད་པའི་དོན་དུ་ཐོས་བསམ་རྣམ་དག་ལ་འབད་པར་རིག་སྟེ། རྒྱུད་བླ་མར། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་མོད། །ཤེས་རབ་(ཀྱྀས་)ཉོན་མོངས་(པ་དང་)ཤེས་བྱ(འི་སྒྲིབ་པ་ )ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ཡང་འདི་ཐོས་ཡིན། །ཞེས་གསུངས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་ཤེས་རབ་བསྐྱེད་ཚུལ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དགུ་པའི་རྣམ་པར་བཤད་པའོ།། །། ལེའུ་བཅུ་པ། ཡོངས་སུ་བསྔོ་བའི་ཚུལ་བསྟན་པ། གསུམ་པ། ཞུགས་པ་མཐར་ཕྱིན་པའི་བྱ་བ། དེ་ལྟར་བསམ་སྦྱོར་ཕུན་སུམ་ཚོགས་པའི་སྒོ་ནས། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་རྒྱས་པར་བསྟན་ཟིན་ནས། ད་ནི་(གསུམ་པ་)ཞུགས་པ་མཐར་ཕྱིན་པའི་བྱ་བ་ཡོངས་སུ་བསྔོ་བའི་དོན་ལ། ༡ སྤྱི་དོན། སྤྱི་དོན་དྲུག་སྟེ། བསྔོ་རྒྱུ་བསྔོ་ས་དགོས་ཆེད་དང༌། བྱེད་ལས་རྣམ་པ་ཆོ་ག་འོ། །དེ་ལ། ༡ བསྔོ་རྒྱུའི་དགེ་བ། (དང་པོ་)བསྔོ་རྒྱུའི་དགེ་བ་ནི། རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་དགེ་བའི་རྩ་བ་ཐམས་ཅད་དེ། ཕལ་པོ་ཆེ། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང༌། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཏུ་བཟང་པོར་རེད་གྱུར་ཅིག །ཅེས་པ་ལྟར་རོ། ། ༢ བསྔོ་སའི་འབྲས་བུ། (གཉིས་པ་)བསྔོ་སའི་འབྲས་བུ་ནི། མྱ་ངན་ལས་འདས་པ་རྣམས་ཀྱི་མཐར་ཐུག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་གོ་འཕང་ཐོབ་པ་སྟེ། ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པའོ། ། ཞེས་པ་ལྟར་རོ། ། ༣ ཆེད་དུ་བྱ་བ། (གསུམ་པ་)ཆེད་དུ་བྱ་བ་ནི། འགྲོ་བ་མཐའ་ཡས་པ་རྣམས་བྱང་ཆུབ་ཆེན་པོ་ལ་དགོད་པའི་དོན་དུ་སྟེ༑ མདོ་(སྡུད་པ་)ལས། འགྲོ་བའི་དོན་དུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་པ་དང༌། (ཁྱད་འཕཊ་)བསྟོད་པར། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་ཀྱི་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བསྟན། །ཞེས་པ་ལྟར་རོ། ། ༤ བྱེད་ལས་འགྲུབ་ཚུལ། (བཞི་པ་)བྱེད་ལས་འགྲུབ་ཚུལ་ནི། ཆུའི་ཐིགས་པ་རྒྱ་མཚོར་ལྷུང་བ་རྣམས་དེ་གནས་ཀྱི་བར་དུ་མི་ཟད་པ་བཞིན་དུ། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་དགེ་བ་ཡང་དེ་མ་ཐོབ་ཀྱི་བར་དུ་མི་ཟད་ཅིང་འཕེལ་བའི་སྒོ་ནས་བྱང་ཆུབ་ཀྱི་མཆོག་ལ་སྦྱོར་བར་བྱེད་པ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་པ་དང༌། ཡུམ་གྱི་རྒྱན་དུ། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་པ་ལྟར་རོ། ། ༥ བློའི་རྣམ་པ། (ལྔ་པ་)བློའི་རྣམ་པ་ནི། བྱེད་པ་པོ་དང་ལས་དང་བྱ་བ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་ཅིང་མི་དམིགས་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་སྟེ། དེ་ཉིད་དུ། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་པ་དང༌། རྒྱན་ལས་ཀྱང༌། རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང༌། །ལས་ཀྱི་བྱ་བ་དང་རྣམ་གསུམ་ལ་མི་ལྟ་སྟེ། །དེས་ན་འདིས་ནི་དེ་ཐབས་ཡང་དག་གཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་རོལ་འགྲོ། །ཞེས་པ་ལྟར་རོ། ། ༦ བསྔོ་བའི་ཆོ་ག (དྲུག་པ་)བསྔོ་བའི་ཆོ་ག་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིཊ་པར་ལྡན། །ཞེས་པའི་དོན་ཡིད་ལ་དྲན་པའི་སྒོ་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ་ཞེས་པ་སྔོན་དུ་འགྲོ་བས། (བཟང་སྤྱོད་ལས་)འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། ཞེས་པའམ། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་གྱུར་པ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོའི་སྤྱོད་ཕྱིར་ཡོངས་སུ་བསྔོ་བར་བགྱི། །ཞེས་པའམ། (རིགས་པ་དྲུག་ཅུ་པར་) དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཅེས་པའམ། (སྐྱེས་རབས་སུུ་)བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ཕྱིར་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་ནད་འཆི་བའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་པའམ། (འདུལ་བ་ལུང་དུུ་) སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གྲགས་ཆེ་བ་གང་ཡང་རུང་བ་ལན་གསུམ་དུ་བརྗོད་པའི་མཐར། དགེ་བའི་རྩ་བ་འདི་དག་ལ་བརྟེན་ནས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་གོང་ནས་གོང་དུ་ཡོངས་སུ་རྫོགས་པ(ར་གྱུར་ཅིག་ཅེས་སོགས་)་དང༌། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བ་དང༌། དགེ་འདུན་རྣམས་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །ཅེས་པ་དང༌། དེ་དག་གི་བྱིན་རླབས་ལ་བརྟེན་ནས་སྦྱིན་བདག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་མྱུར་དུ་རྫོགས་པ(ར་གྱུར་ཅིག་)་དང༌། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པ་དང་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག སངས་རྒྱས་མ་ཐོབ་ཀྱི་བར་དུ་ཡང་རྟེན་དལ་འབྱོར་གྱི་ལུས་རིན་པོ་ཆེ་ཐོབ་པ་དང་གནས་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་རྣམས་སུ་སྐྱེ་བ་དང༌། གྲོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང༌། བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་ལྡན་པ་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་སློབ་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་ཡང་སངས་རྒྱས་མཐོང་བ་དང༌། (མི་འབྲལ་བར་གྱུར་ཅིག) དམ་པའི་ཆོས་ཐོས་པ་དང༌། འཕགས་པའི་དགེ་འདུན་ལ་བཀུར་སྟི་བྱེད་པ་དང་མི་འབྲལ་བར་གྱུར་ཅིག དེ་དག་ལ་བརྟེན་ནས་ཚུལ་ཁྲིམས་(ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སོགས་)དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པ་དང༌། རང་བྱུང་(གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སོགས་སྦྱར་བ་)དང་ཟག་པ་མེད་པ་དང་མི་སློབ་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སྦྱིན་བདག་ལ་སོགས་པའི་སེམས་ཅན་ཐམས་ཅད་རྣམ་པར་ཐར་བའི་སྒོ་བཞི་ལ་འཇུག་པ(ར་གྱུར་ཅིག་ཅེས་པ་)་དང༌། ཚངས་པའི་གནས་བཞི་ལ་གནས་པ་དང༌། བསྡུ་བའི་དངོས་པོ་བཞིས་གཞན་གྱི་དོན་བྱེད་པ་དང༌། འཕགས་པའི་བདེན་པ་བཞི་མངོན་སུམ་དུ་རྟོགས་པ་དང༌། སོ་སོ་ཡང་དག་པར་རིག་པ་བཞིའི་ཡེ་ཤེས་དང་ལྡན་པ་དང༌། མི་འཇིགས་པ་བཞིའི་ཡོན་ཏན་དང་ལྡན་པ་དང་དེ་བཞིན་གཤེགས་པ་སྐུ་བཞིའི་གོ་འཕང་ཐོབ་པར་གྱུར་ཅིག གནས་སྐབས་སུ་ཡང༌། ( ཡོན་ཏན་བདུན་བརྗོད་པའི་གཏམ་དུུ་)ཚེ་རིང་(བ་རྣམས་ཀྱི་ནང་དུ་མཆོག་ཏུ་གྱུར་ཅིག་ཅེས་སོགས་དང་)དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་རྣམས་ལས་གསུངས། །ཞེས་པ་རྣམས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཚད་མེད་པ་ལ་གནས་པ་སྟེ། དེ་ལྟར་ན་ཚངས་པའི་གནས་བཞི་ལ་གནས་པ་དང༌། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་(ཀྱི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག་ཅེས་སོགས་)དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་འདུས་མ་བྱས་པའི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་བཞི་ལ་འཇུག་པ་དང༌། སྦྱིན་པ(ས་གཞན་ལ་ཕན་ཐོགས་པར་གྱུར་ཅིག་ཅེས་སོགས་)་དང་སྙན་པར་སྨྲ་བ་དང་དོན་སྤྱོད་པ་དང་དོན་མཐུན་པ་དང་གཞན་ལ་ཕན་འདོགས་པ་སྟེ། དེ་ལྟར་ན་བསྡུ་བའི་དངོས་པོ་བཞིས་གཞན་ལ་ཕན་འདོགས་པ་དང༌། སྡུག་བསྔལ་ཡོངས་སུ་ཤེས་པ(ར་གྱུར་ཅིག་ཅེས་སོགས་)་དང་ཀུན་འབྱུང་མཐའ་དག་སྤོང་བ་དང༌། འགོག་པ་མངོན་དུ་བྱེད་པ་དང༌། ལམ་གྱི་བདེན་པ་སྒོམ་པ་སྟེ། དེ་ལྟར་ན་འཕགས་པའི་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་གྱུར་ཅིག གནས་སྐབས་སུ་ཡང༌། དད་(པའི་ནོར་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་སོགས་)དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ཞེས་པ་(དེ་)ལྟར་(ན་)འཕགས་པའི་ནོར་བདུན་གྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་མི་ཁོམ་པའི་གནས་བརྒྱད་སྤང་པའི་དལ་བ་(ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་སོགས་)དང༌། ཡོན་ཏན་གྱི་ཆོས་བཅུ་དང་ལྡན་པའི་འབྱོར་བ་དང༌། རྟག་ཏུ་གཞན་ལ་ཕན་པར་སེམས་པའི་བསམ་པ་དང༌། ཅི་བྱས་གཞན་ལ་ཕན་པར་འགྱུར་བའི་སྦྱོར་བ་དང༌། བདེན་པ་གཉིས་ཀྱི་གནས་ལུགས་རྟོགས་པའི་བལྟ་བ་དང༌། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་སྒོམ་པ་དང༌། ཐབས་ལ་མཁས་པས་ཡོངས་སུ་ཟིན་པའི་སྤྱོད་པ་དང༌། འཕྲལ་དང་ཡུན་དུ་ཕན་པར་འགྱུར་བའི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་གཏོང་ནུས་པ(ར་གྱུར་ཅིག་སོགས་)་དང༌། ཡང་སྲིད་མི་འདོད་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་ནུས་པ་དང༌། སུ་དང་ཡང་ཞེ་འགྲས་པ་མེད་པའི་བཟོད་པ་རླབས་པོ་ཆེ་སྒོམ་ནུས་པ་དང༌། དཀར་པོའི་ཕྱོགས་མཐའ་དག་སྡུད་པའི་བརྩོན་འགྲུས་རྒྱ་ཆེན་པོ་རྩོམ་ནུས་པ་དང༌། གཟུགས་མེད་པའི་ཁམས་རྣམ་པར་སྤངས་པའི་བསམ་གཏན་ལ་མཉམ་པར་འཇོག་ནུས་པ་དང༌། ཐབས་སྙིང་རྗེ་ཆེན་པོ་དང་མ་བྲལ་བའི་ཤེས་རབ་ཁྱད་པར་ཅན་སྒོམ་ནུས་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་གཞི་དབུ་མ་བདེན་གཉིས་ཟུང་འཇུག་གི་གནས་ལུགས་ལེགས་པར་རྟོགས་པ(ར་གྱུར་ཅིག་ཅེས་སོགས་)་དང༌། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་གི་སྦྱོར་བ་ཉམས་སུ་ལེན་པ་དང༌། འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གི་གོ་འཕང་མྱུར་དུ་ཐོབ་པ་དང༌། གཞུང་ལུགས་རྣམ་པར་དག་པ་དང་འབྲེལ་བའི་ཐོས་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་དཔྱོད་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཐབས་དང་ཤེས་རབ་ཟུང་འཇུག་ཏུ་འབྲེལ་བའི་སྒོམ་པ་ཕུན་སུམ་ཚོགས་པ་ལ་འཇུག་པ་དང༌། ཀུན་བརྟགས་གཟུང་བ་དང་འཛིན་པ་མེད་པ་ལ་མེད་པར་ཤེས་པ་དང༌། གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ཡོངས་སུ་སྤོང་བ་དང༌། ཡོངས་གྲུབ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་མངོན་དུ་ཕྱེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་དཀོན་མཆོག་རིན་པོ་ཆེ་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་པ་དང༌། ཐེག་པ་རིན་པོ་ཆེ་གསུམ་ལ་རིམ་པ་བཞིན་འཇུག་པ་དང༌། སྡེ་སྣོད་རིན་པོ་ཆེ་གསུམ་གྱི་དོན་ལ་མཁས་པ་དང༌། བསླབ་པ་རིན་པོ་ཆེ་གསུམ་ལ་ཚུལ་བཞིན་དུ་སློབ་པ་དང༌། འཁོར་ལོ་རིན་པོ་ཆེ་གསུམ་ཡང་རིམ་གྱིས་སྐོར་བ་དང༌། བྱང་ཆུབ་རིན་པོ་ཆེ་གསུམ་གྱི་མཐར་ཐུག་ཐོབ་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་དད་པ་(ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་སོགས་)དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་དང་སྙིང་རྗེ་དང་ཞི་གནས་དང་ལྷག་མཐོང་དང་གཟུངས་དང་སྤོབས་པ་དང་བསམ་པ་དང་སྦྱོར་བ་དང༌། སྤངས་པ་དང་རྟོགས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག་ཅེས་པ་ལ་སོགས་པའམ། ཡང་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེ་སྐྱིད་(ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་ཅེས་སོགས་)དང༌། ཚོགས་གཉིས་དང༌། དགེ་ལེགས་དང༌། ཕན་བདེ་དང༌། སྲིད་ཞི་དང༌། དོན་གཉིས་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག རྒྱལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་ཐམས་ཅད་ཉེ་བར་ཞི་བ་དང༌། མུ་གེ་དང་དབུལ་ཕོངས་ཐམས་ཅད་ཉེ་བར་ཞི་བ་དང༌། བསམ་ངན་དང་སྦྱོར་རྩུབ་ཐམས་ཅད་ཉེ་བར་ཞི་བ་དང༌། འཁྲུག་ལོང་དང་གནོད་འཚེ་ཐམས་ཅད་ཉེ་བར་ཞི་བ་དང༌། གདོན་བགེགས་དང་བར་ཆད་ཐམས་ཅད་ཉེ་བར་ཞི་བ་དང་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཕན་ཚུན་བྱམས་པ་ཆེན་པོ་ལ་གནས་པ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། ཉིན་མཚན་རྟག་ཏུ་དམ་པའི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཅེས་པ་ལ་སོགས་པ་དང༌། འབྱུང་བོ་གང་འདིར་ནི་ལྷགས་གྱུར་ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པར་ཤོག །ཅེས་པ་ལ་སོགས་པ་ཇི་ལྟར་རིགས་པའི་ཚིག་གིས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་རྒྱས་བསྡུས་སྐབས་དང་སྦྱར་བ་བྱས་ཏེ། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་མཐུན་པའི་བྱིན་རླབས་ཀྱིས། །བསྔོས་ཤིང་སྨོན་ལམ་བཏབ་པ་འགྲུབ་པར་ཤོག །ཅེས་པ་ལ་སོགས་པས་ཀྱང་བདེན་པའི་སྟོབས་བརྗོད་པར་བྱའོ། ། ༢ གཞུང་དོན། གཞུང་དོན་ལ། བསགས་པའི་དགེ་བ་བསྔོ་བ་དང༌། བཀའ་དྲིན་དྲན་པའི་ཕྱག་འཚལ་བའོ། ། ༡༽ བསགས་པའི་དགེ་བ་བསྔོ་བ། (དང་པོ་)བསྔོ་བ་ལ། གཞན་གྱི་དོན་དང༌། རང་གི་དོན་དང༌། བསྟན་པའི་དོན་དུ་བསྔོ་བའོ། ། ① གཞན་གྱི་དོན་དུ་བསྔོ་བ། (དང་པོ་)གཞན་དོན་ལ། ཕལ་བའི་དོན་དང༌། མཆོག་གི་དོན་དུ་བསྔོ་བའོ། ། ༡ ཕལ་བའི་དོན་དུ་བསྔོ་བ། (དང་པོ་)ཕལ་བའི་དོན་ལ། སྤྱིའི་དོན་དང༌། ངན་འགྲོའི་དོན་དང༌། བདེ་འགྲོའི་དོན་དུ་བསྔོ་བའོ། །(དང་པོ་)སྤྱིའི་དོན་ལ་གཉིས་ལས། (དང་པོ་)ལམ་ལ་འཇུག་པར་བསྔོ་བ་ནི། རྩོམ་པ་པོ་བདག་གིས་བྱང་ཆུབ་ཆེན་པོ་ཐོབ་པར་བྱེད་པའི་སྤྱོད་པ་བསམ་པ་སེམས་བསྐྱེད་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པའི་ཚུལ་ལ་རྣམ་པར་བསམ་ཤིང་བརྩམས་པ་ལས་བྱུང་བ་ཡི་དགེ་བའི་རྩ་བ་རྣམ་པར་དག་པ་གང་ཡིན་པ་དེས་ནམ་མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པ་ཀུན། བྱང་ཆུབ་ཆེན་པོའི་སྤྱོད་པ་བསམ་སྦྱོར་ཕུན་སུམ་ཚོགས་པས་རྣམ་པར་བརྒྱན་ཞིང་གཞུང་ལུགས་རྣམ་པར་དག་པ་འདི་ལྟ་བུ་ལ་ཡང་ཚུལ་བཞིན་དུ་འཇུག་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)ཕན་བདེ་ཐོབ་པར་བསྔོ་བ་ནི། ཕྱོགས་བཅུ་མཐའ་ཡས་རྣམས་ཀུན་ན་ལུས་དང་སེམས་སྡུག་བསྔལ་དང་ཡིད་མི་བདེའི་ནད་ཀྱིས་མནར་བ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་བདག་གི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་ལུས་ཚོར་བ་བདེ་བ་དང་སེམས་དགའ་བ་རྒྱ་མཚོ་ལྟར་མཐའ་ཡས་པ་དང་ལྡན་པ་ཐོབ་པར་ཤོག་ཅིག སེམས་ཅན་དེ་དག་ཐམས་ཅད་འཁོར་བར་ཇི་སྲིད་གནས་ཤིང་སངས་རྒྱས་ཀྱི་བདེ་བ་མ་ཐོབ་ཀྱི་བར་དུ་དུས་ནམ་ཡང་ལུས་སེམས་བདེ་བ་དང་དགའ་བ་ཐོབ་པ་དེ་ལས་ཉམས་པར་མ་གྱུར་ཅིག འགྲོ་བ་མཐའ་ཡས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཡི་སྤྱོད་པ་ལ་ཞུགས་ཏེ་གཞན་ཕན་བླ་ན་མེད་པ་གྲུབ་པའི་བདེ་བ་ཆེན་པོ་རྒྱུན་མི་འཆད་པ་ཐོབ་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)ངན་འགྲོའི་དོན་དུ་བསྔོ་བ་ལ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་དོན་དུ་བསྔོ་བའོ། །(དང་པོ་)དམྱལ་བའི་དོན་ནི། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་ན་མི་དགེ་བ་བཅུ་ཤས་ཆེར་སྤྱད་པའི་དབང་གིས་ཚ་གྲང་དང་གཅོད་འདྲལ་ལ་སོགས་པ་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་རྣམས་ནི་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་པས་དེ་རྣམས་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཆེད་དུ་བསྔོ་བ་ཡིན་ལ། དེའི་སྤྱི་དོན་ལ། ཚ་དམྱལ་བརྒྱད་དང་ཉེ་འཁོར་བ༑ ༑གྲང་དམྱལ་བརྒྱད་དང་ཉེ་ཚེ་བ། །དམྱལ་བའི་གནས་ནི་བཅོ་བརྒྱད་པོ། །སྡུག་བསྔལ་ཤིན་ཏུ་མི་བཟད་ལྡན། །ཞེས་པ་(བར་སྐབས་ཀྱི་སྡོམ་དུ་བྱས་པ་)རྣམས། གནས་དང་ལུས་དང་ཚ་གྲང་དང་ཚེ་ཚད་རྣམས་ཀྱིས་རིག་པར་བྱ་སྟེ། དེ་ལ་ཚད་དམྱལ་རྣམས་ནི། མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པ་འོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་པ་ལྟར་གླིང་འདིའི་འོག་ནའང་གནས་ཀྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་མེ་རབ་ཏུ་འབར་བ་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཞིང་མེ་ལྕེ་དཔག་ཚད་དུུ་མ་འཕྲོ་བའི་ནང་དུ། ལུས་ཀྱི་ཁྱད་པར་ (དྲན་པ་ཉེར་གཞག་ཏུུ་)མཚམས་མེད་ལྔ་བྱས་པའི་ལུས་ལ་དཔག་ཚད་ལྔ་ཡོད་པ་དང༌། (མྱང་འདས་ཆེན་པོར་)མཚམས་མེད་བརྒྱད་བྱས་པའི་ལུས་ལ་དཔག་ཚད་བརྒྱད་ཁྲི་ཡོད་པ་དང༌། (དཀོན་མཆོག་ཏ་ལ་ལར་)ཐེག་ཆེན་ལ་སྐུར་བ་བཏབ་པའི་ལྕེ་ལའང་དཔག་ཚད་འབུམ་ཡོད་པ་ལ་སོགས་པའི་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་བརྫུས་སྐྱེས་སུ་མངོན་པར་གྲུབ་ནས། མེའི་ཁྱད་པར་བསྐལ་པ་འཇིག་དུས་ཀྱི་མེ་བས་ཀྱང་ཡང་སོས་ཀྱི་མེ་ཚ་ཞིང༌། དེ་བས་འོག་མ་འོག་མ་རྣམས་བཞི་འགྱུར་གྱི་ཚ་བས་རྒྱུན་མི་འཆད་པར་སྲེག་པའི་སྡུག་བསྔལ་དྲག་པོ་མྱོང་ལ། ཁྱད་པར་དུའང༌། ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཏུ་ཚ་བ་དང༌། །མནར་མེད་ཅེས་བྱ་ཚ་དམྱལ་བརྒྱད། །ཅེས་(བར་སྐབས་ཀྱི་སྡོམ་དུ་བྱས་)པའི་ཡང་སོས་པ་རྣམས་ནི་ལས་ཀྱི་དབང་གིས་རལ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོ་སྣ་ཚོགས་པ་ལག་ཏུ་བྱུང་སྟེ། ཐམས་ཅད་ཕན་ཚུན་དགྲའི་འདུ་ཤེས་སུ་གྱུར་ནས་བསྣུན་རེས་བྱས་པས་ཤིན་ཏུ་སྡུག་བསྔལ་ནས་བརྒྱལ་ཞིང་ས་ལ་འགྱེལ་བ་ན། ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ༑ སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་འབྱུང་བ་དང༌། ཐིག་ནག་པ་རྣམས་ཀྱི་ལུས་ལ་དམྱལ་སྲུང་རྣམས་ཀྱི་ཐིག་ཆ་བཞི་འམ་བརྒྱད་དམ་བཅུ་དྲུག་ལ་སོགས་པ་དུ་མར་བཏབ་ནས་ལྕགས་ཀྱི་སེག་ལེ་མེ་འབར་བས་གཤོག་པ་དང༌། སྟེའུ་དང་སྟ་རེ་ལ་སོགས་པས་འཇོག་པའི་སྡུག་བསྔལ་དང༌། བསྡུས་འཇོམས་པ་རྣམས་ཀྱི་ལུས་གཅིག་ཏུ་ཚོགས་པ་ན་དམྱལ་སྲུང་རྣམས་ཀྱི་ལྕགས་ཀྱི་རི་རའི་གདོང་པ་ལྟ་བུ་དང༌། ལུག་དང་རྟ་དང་གླང་པོ་ཆེ་དང་སེང་གེ་དང་སྟག་གི་གདོང་པ་ལྟ་བུའི་བར་དུ་འཇུག་ཅིང༌། དེ་མ་ཐག་རི་དེ་དག་གིས་བཙིར་བས་བུུ་ག་ཐམས་ཅད་ནས་ཁྲག་གི་རྒྱུན་འབབ་པ་དང་ཡང་འདུས་པ་ན་ལྕགས་ཀྱི་འཁྲུལ་འཁོར་ཆེན་པོས་བུར་ཤིང་ལྟར་འཚིར་བ་དང༌། ཡང་འདུས་པ་ན་ལྕགས་བསྲེགས་ཀྱི་གཞི་ལ་ལྕགས་ཀྱི་ཕ་བོང་གི་ཆར་འབབ་པས་རྡུང་ཞིང་འཇོམས་པའི་སྡུག་བསྔལ་དང༌། ངུ་འབོད་པ་རྣམས་ཀྱི་གནས་ཚོལ་ཏུ་ཕྱིན་པ་ན་ལྕགས་ཀྱི་ཁང་བ་རྙེད་དེ་དེའི་ནང་དུ་ཞུགས་མ་ཐག་སྒོ་འགགས་ཤིང་ཕྱོགས་ཐམས་ཅད་ནས་མེ་འབར་བས་བསྲེགས་པས་ངུ་ཞིང་ཉམ་ཐག་པས་འབོད་ཀྱང་སྐྱབས་མི་རྙེད་པའི་སྡུག་བསྔལ་དང༌། ངུ་འབོད་ཆེན་པོ་པས་གཞན་སྔར་དང་འདྲ་བ་ལ་ལྕགས་ཀྱི་ཁང་པ་ཉིས་རིམས་ལ་སོགས་པར་ཆུད་པས་སྡུག་བསྔལ་ཤིན་ཏུ་དྲག་པར་མྱོང་བ་དང༌། ཚ་བ་པ་རྣམས་ཀྱི་ལུས་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་བཅུག་ནས་ཉ་བཞིན་དུ་འཚེད་པ་དང༌། ལྕགས་ཀྱི་གསལ་ཤིང་མེ་འབར་བས་གཤམ་ནས་སྤྱི་བོར་ཕུག་སྟེ། བུུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང༌། ལྕགས་བསྲེགས་ཀྱི་ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་ཆེན་པོ་མེ་འབར་བས་རྡུང་བའི་སྡུག་བསྔལ་དང༌། རབ་ཏུ་ཚ་བ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་གསལ་ཤིང་རྩེ་གསུམ་མེ་འབར་བས་བཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་སྟེ། དབང་པོའི་སྒོ་ཐམས་ཅད་ནས་མེ་རབ་ཏུ་འབར་བ་དང༌། ལྕགས་ཀྱུ་ལེབ་མ་མེ་ཆེན་པོ་འབར་བས་ལུས་ལ་ཀུན་ནས་འཁྲི་བ་དང༌། ལྕགས་ཟངས་འགྱུར་བྱེད་ཁོལ་བས་གང་བ་སྤྱིའུ་ཚུགས་སུ་བཅུག་ནས་འཚེད་པ་དང༌། ཤ་ཁྲག་ཟད་ནས་ཀེང་རུས་ཙམ་ལུས་པ་ལྕགས་ཀྱི་ས་གཞི་ལ་བཀྲམ་བས་ཤ་ཁྲག་འཕྲལ་དུ་སྐྱེ་མ་ཐག་སླར་ཡང་འཚེད་པ་ལ་སོགས་པའི་སྡུག་བསྔལ་དང༌། མནར་མེད་པ་རྣམས་ཀྱི་ལུས་ལ་ལྕགས་ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བ་འོངས་ཏེ་དེའི་པགས་པ་དང་ཤ་དང་རྒྱུས་པ་དང་རུས་པ་དང་རྐང་གི་བར་དུ་སྲེག་ཅིང༌། མེའི་ཕུང་པོ་འབའ་ཞིག་ཏུ་སྣང་བ་ལ། ཉམ་ཐག་པའི་སྐད་འབྱིན་པ་ལས། སེམས་ཅན་དུ་མངོན་ཙམ་དང༌། ལྕགས་ཀྱི་ཞིབ་མ་ཆེན་པོར་ལྕགས་ཀྱི་མདག་མ་མེ་འབར་བ་དང༌། བསྲེས་ནས་རྔོད་པ་དང༌། ལྕགས་ཀྱི་རི་མེ་ཆེན་པོ་འབར་བ་ལ་འབབ་འཛེག་བྱེད་དུ་འཇུག་པ། ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་ལ་བརྒྱངས་ནས་ལྕགས་ཀྱི་ཕུར་བ་མང་པོ་འདེབས་པ་དང༌། པགས་པ་བཤུས་ཏེ་ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བ་ལ་གན་རྒྱལ་དུ་བསྒྱེལ་ནས། ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་བར་ལྕགས་ཀྱི་ཐོ་ལུམ་འབར་བ་དང་ཟངས་ཞུན་བསྐོལ་བ་བླུགས་པས། ཁ་དང་ལྐོག་མ་དང་ནང་ཁྲོལ་རྣམས་སྲེག་ཅིང༌། སྨད་ནས་ཕྱིར་འབྱུང་བ་ལ་སོགས་པའི་སྡུག་བསྔལ་དྲག་ཅིང་རྩུབ་ལ་རྒྱུན་མི་འཆད་པ་མྱོང་བ་སྟེ། འདི་རྣམས་ཀྱི་སྡུག་བསྔལ་ཡས་མན་དུའང་ཡོད་ལ། གོང་མ་གོང་མ་རྣམས་ཀྱི་སྡུག་བསྔལ་ནི་འོག་མ་འོག་མ་རྣམས་ལའང་ཚང་བར་ཡོད་ཅིང༌། ནད་བཞི་བརྒྱ་རྩ་བཞི་པོ་ཐམས་ཅད་ཚང་བས་ཀྱང་སྡུག་བསྔལ་བར་གསུངས་སོ། ། ཉེ་འཁོར་བ་ནི། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་ལྟར་ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོར་རེ་རེ་ནའང་མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། དེ་ཡང༌། མེ་མ་མུར་གྱི་ཐང་ཆེན་པོ་པུས་མོ་ནུབ་ཙམ་ལ་ཕྱིན་པ་ན། རྐང་པ་བཞག་མ་ཐག་པགས་པ་དང་ཤ་དང་ཁྲག་རྣམས་སྲེག་ཅིང་བཏེག་མ་ཐག་འཚོ་བ་དང༌། རོ་མྱགས་ཕྱི་སའི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་པོ་ཅན་རྣམས་ཀྱིས་པགས་པ་ནས་རྐང་གི་བར་དུ་ཕུག་སྟེ་ཟ་བ་དང༌། སྤུ་གྲིའི་སོ་གྱེན་དུ་བསྟན་ནས་བསླང་སྟེ་གཏམས་པའི་ལམ་ལ་ཕྱིན་པ་ན། རྐང་པ་བཞག་མ་ཐག་གཅོད་ཅིང་གཏེགས་མ་ཐག་འཚོ་བ་དང༌། རལ་གྲི་ལོ་མའི་ནགས་ཚལ་དུ་གྲིབ་མ་ལ་འཁོད་པ་ན་རལ་གྲི་རྣམས་ལྷུང་བས་ཡན་ལག་དང་ཉིང་ལག་ཐམས་ཅད་གཅོད་ཅིང༌། དེར་བརྒྱལ་ཏེ་འགྱེལ་བ་ན་ཁྱི་སྲེ་བོ་དག་ལྷགས་ནས། བཤུལ་ཤ་འཐོག་ཅིང་ཟ་བ་དང༌། ལྕགས་ཀྱི་ཤིང་ཤལ་མ་ལིའི་ནགས་ཚལ་དུ་ཕྱིན་པ་ན་ཚེར་མ་རྣོན་པོ་སོར་བཅུ་དྲུག་བ་ཡན་མན་དུ་ལྟ་བ་ལ་འབབ་འཛེག་བྱས་པས་ལུས་ཀུན་ནས་འབིགས་ཤིང༌། དེར་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་འོངས་ཏེ་ཕྲག་པ་ལ་འཁོད་ནས་མིག་འབྲས་འཐོག་ཅིང་ཟ་བ་རྣམས་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་པ་དང༌། ཆུ་བོ་རབ་མེད་ཅེས་བྱ་བ་ཐལ་ཚན་ནམ། འགྱུར་བྱེད་ཀྱི་ཆུ་ཁོལ་བས་གང་བར་ལུས་ལྷུང་སྟེ། ངོས་གཉིས་ནས་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་སྲུང་ཞིང༌། ཤ་ཁྲག་ཐམས་ཅད་ཟད་ནས་རུས་གོང་རྣམས་མེ་ཏོག་ཀུན་ད་ལྟར་གྱུར་གྱི་བར་དུ་འཚེད་ལ། བར་བར་དུ་མིག་ལྕགས་ཀྱུས་ཕྱུང་ནས་གན་རྐྱལ་དུ་བཞག་སྟེ། ཅི་འདོད་ཅེས་དྲིས་པ་ན། བདག་ཅག་གིས་ནི་ཅིའང་མི་ཤེས་མི་མཐོང་མོད། འོན་ཀྱང་བཀྲེས་སོ་སྒོམ་མོ་ཞེས་པ་ལ། ཐོ་ལུམ་འབར་བ་དང་ཟངས་ཞུན་ཁོལ་བ་ཁར་ལྡུགས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའོ། །ཚེ་ཚད་ཀྱི་ཁྱད་པར་ཡང༌། མི་རྣམས་ཚེ་ལོ་ལྔ་བཅུ་ལ། །འདོད་ལྷ་འོག་མའི་ཉིན་ཞག་སྟེ། །དེ་ཡིས་ཚེ་ལོ་ལྔ་བརྒྱ་འོ། །གོང་མ་གཉི་ག་ཉིས་འགྱུར་ཉིད། །ཅེས་པ་ལྟར་རྒྱལ་ཆེན་རིས་བཞི་བས། མི་ལོ་ལྔ་བཅུ་ལ་ཉིན་ཞག་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ཐུབ་པ་ནས། གཞན་འཕྲུལ་དབང་ཕྱེད་པས་མི་ལོ་སྟོང་དྲུག་བརྒྱ་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཁྲི་དྲུག་སྟོང་ཐུབ་པ་རྣམས་གཞིར་བྱས་ཏེ། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་མཉམ་པ་ཡིན། །ཞེས་པ་ལྟར་ཡང་སོས་བས་རྒྱལ་ཆེན་རིས་བཞིའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ལྔ་བརྒྱའི་བར་ལ་སྡུག་བསྔལ་མྱོང་བ་ནས། ཚ་བ་བས་གཞན་འཕྲུལ་དབང་བྱེད་པའི་ཚེ་ཚད་ལ་ཞག་གཅིག་ཏུ་བྱས་པའི་ལོ་ཆེན་པོ་ཁྲི་དྲུག་སྟོང་གི་བར་ལ་སྡུག་བསྔལ་མྱོང་བར་གསུངས་ཞིང༌། རབ་ཏུ་ཚ་ཕྱེད་མནར་མེད་ནི། བར་གྱི་བསྐལ་པའོ། །ཞེས་པ་ལྟར་རབ་ཏུ་ཚ་བ་བས་བར་བསྐལ་ཕྱེད་དང༌། མནར་མེད་པས་བར་བསྐལ་གཅིག་གི་བར་ལ་སྡུག་བསྔལ་དྲག་པོ་རྒྱུན་མི་འཆད་པར་མྱོང་བར་གསུངས་སོ། །གྲང་དམྱལ་རྣམས་ནི་གནས་ཀྱི་ཁྱད་པར་གླིང་འདིའི་འོག་རྒྱ་མཚོ་དང་ཉེ་བ་རྣམས་ནའང་ཉི་ཟླ་ལ་སོགས་པའི་སྣང་བ་དང་བྲལ་བ་མུན་པའི་ཁྲོད། འཁྱག་རུམ་གྱི་སྦུབས་ཆེན་པོ་རྣམས་སུ། ལུས་ཀྱི་ཁྱད་པར་ཤིན་ཏུ་གཞོན་ཤ་ཅན་རེག་ཏུ་མི་བཟོད་པ་གྲུབ་ནས། གྲང་བའི་ཁྱད་པར་འོག་མ་འོག་མ་རྣམས་ཆེས་དྲག་པ་མཉམས་སུ་མྱོང་བའི་སྒོ་ནས་མིང་དུ་བཏགས་པ་ནི། ཆུ་བུར་ཆུ་བུར་རྡོལ་བ་ཅན། །སོ་ཐམ་ཨ་ཆུ་ཀྱི་ཧུད་ཟེར། །ཨུཏྤལ་པདྨ་ལྟར་གས་པ། །པདྨ་ལྟ་བུར་ཆེར་གས་པའོ། །ཞེས་པ་ལྟར་(སྡོམ་དུ་བྱས་)ས་དེ་ཉིད་ན་ཡོད་པའི་རླུང་ཆེན་པོས་བཏབ་པ་ན་གྲང་བས་ཉེན་བས། ལུས་ཐམས་ཅད་ཆུ་བུར་དུ་གྱུར་པ་ཅན་དང༌། དེ་བས་ཀྱང་གྲང་བར་གྱུར་པས་ཆུ་བུར་དེ་ཡང་རྡོལ་བ་ཅན་དང༌། ཤིན་ཏུ་གྲང་ཆེས་པས་སོ་ཐམ་ཐམ་པ་དང༌། དེ་བས་ཀྱང་གྲང་བས་ཨ་ཆུ་ཟེར་བ་དང་ཀྱི་ཧུད་ཅེས་ཟེར་ཞིང་ཉེན་སྐད་དྲག་པོ་འདོན་པ་དང༌། དེ་དག་ལས་ཀྱང་ཆེས་གྲང་བས་པགས་པ་སྔོན་པོར་གྱུར་ནས་ཁ་ལྔའམ་དྲུག་ཏུ་གྱེས་པ་ཨུཏྤལ་ལྟར་གས་པ་དང༌། སྔོ་བ་ལས་ཀྱང་ཐལ་ནས་དམར་བོར་གྱུར་ཅིང་ཁ་བཅུའམ་ཏེ་བས་ཀྱང་ལྷག་པར་གྱེས་པ་པདྨ་ལྟར་གས་པ་དང༌། ཤིན་ཏུ་དམར་བར་གྱུར་ནས་བརྒྱའམ་སྟོང་ལ་སོགས་པར་གྱེས་པ་པདྨ་ལྟར་ཆེར་གས་པའི་སྡུག་བསྔལ་མི་བཟད་པ་དང་ལྡན་པའོ། ། ཉི་ཚེ་བ་ནི་གནས་ངེས་པ་མེད་པར་གཤེད་མ་འགའ་ཞིག་ཐལ་གོང་དང་ཁ་སྣ་ལ་བྱ་གཅན་གྱིས་འཐོག་པར་སྐྱེས་པ་དང༌། ཤན་པའི་སློབ་མ་རུས་གོང་དྲི་ང་བ་ལ་བྱ་རོག་ལ་སོགས་པས་འཐོག་བར་སྐྱེས་པ་དང༌། ཉ་བ་འགའ་ཞིག་ལུས་ལྕགས་ཀྱིས་དཀྲིས་པར་སྐྱེས་པ་སོགས་པའི་སྡུག་བསྔལ་མྱོང་བའོ། །ཚེ་ཚད་ཀྱི་ཁྱད་པར་ཡང༌། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུར་བསྒྱུར། །ཞེས་པ་ལྟར་མ་ག་དྷཱའི་ཏིལ་ཁལ་བརྒྱད་ཅུས་གང་པའི་བང་བ་ནས། ལོ་བརྒྱ་བརྒྱ་ན་ཏིལ་རེ་རེ་ཕྱུང་བས་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཆུ་བུར་རྡོལ་པ་ལ་སོགས་པ་ཕྱི་མ་ཕྱི་མ་རྣམས་ནི་སྔ་མ་སྔ་མ་ལས་ཉི་ཤུ་འགྱུར་གྱིས་རིང་པ་སྟེ། ཉེ་འཁོར་བ་དང་ཉི་ཚེ་བའི་ཚེ་ཚད་ནི་མ་ངེས་པར་གསུངས་མོད། དེ་རྣམས་གང་དུ་སྐྱེས་ཀྱང་ཤིན་ཏུ་སྡུག་བསྔལ་བར་གནས་པས། ཐམས་ཅད་རང་རང་གི་སྡུག་བསྔལ་གང་ཡིན་པ་ལས་རྣམ་པར་གྲོལ་ནས་མྱུར་དུ་མཐོ་རིས་དང་ཐར་བའི་བདེ་བ་བླ་ན་མེད་པ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏོ། ། གཞུང་དོན་ལ། སྡུག་བསྔལ་རང་ཞི་བར་བསྔོ་བ་དང༌། གཞན་གྱི་མཐུ་ཡིས་ཞི་བར་བསྔོ་བའོ། ། དང་པོ་ལ་བཞི་ལས། (དང་པོ་)སྤྱིའི་སྡུག་བསྔལ་ཞི་བར་བསྔོ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་མཐའ་ཡས་རྣམས་ན་ཚ་གྲང་དང་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བའི་དམྱལ་བ་དང་ནི་རིས་མི་འདྲ་བ་གང་དག་ཇི་སྙེད་ཡོད་པ་རྣམས་གནས་དེ་དག་ཏུ་ནི་དམྱལ་བའི་ལུས་ཅན་མཐའ་ཡས་པ་རྣམས་སངས་རྒྱས་འོད་དཔག་མེད་ཀྱི་ཁམས་བདེ་བ་ཅན་ལྟ་བུར་གནས་ཕུན་སུམ་ཚོགས་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་གྲོགས་ཕུན་སུམ་ཚོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག ལོངས་སྤྱོད་ཕུན་སུམ་ཚོགས་པ་ཅི་འདོད་པ་ཐམས་ཅད་དཔག་བསམ་གྱི་ཤིང་ལས་འབྱུང་བ་ལ་སོཊ་པའི་བདེ་བ་ཆེན་པོས་ཆོས་དང་མཐུན་པའི་དགའ་བ་རྒྱ་ཆེན་པོ་དང་ལྡན་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)ཁྱད་པར་ཚ་གྲང་ཞི་བར་བསྔོ་བ་ནི། ཆུ་བུར་ཅན་ལ་སོགས་པ་གྲང་བས་ཤིན་ཏུ་ཉམ་ཐག་ཅིང་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་རྣམས་ནི་ཡིད་དུ་འོང་བའི་མེ་དང༌། ཉི་མ་ལ་སོགས་པའི་འོད་ཟེར་ལ་བརྟེན་ནས་དྲོ་བའི་བདེ་བ་ཆེན་པོ་ཐོབ་པར་ཤོག་ཅིག བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེའི་སྤྲིན་ཆེན་པོ་ལས་བྱུང་བའི་ཆུ་བོ་མཚོ་ཆེན་པོ་ལྟར་མཐའ་ཡས་པའི་ཆར་བ་རྣམས་ཀྱིས་ཡང་སོས་ལ་སོགས་པ་ཚ་བས་ཤིན་ཏུ་ཉམ་ཐག་ཅིང་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་རྣམས་རྟག་ཏུ་བསིལ་བའི་བདེ་བ་ཆེན་པོ་ཐོབ་པར་ཤོག་ཅིག་ཅེས་པའོ། ། (གསུམ་པ་)ས་ཕྱོགས་ཡིད་དུ་འོང་བར་བསྔོ་བ་ནི། དམྱལ་བ་ཉེ་འཁོར་བ་རྣམས་ཀྱི་ཡན་ལག་དང་ཉིང་ལག་གཅོད་པར་བྱེད་པའི་རལ་གྲིའི་ལོ་མའི་ནགས་ཚལ་འཇིགས་སུ་རུང་བ་དེ་ཡང་ད་ནི་དམྱལ་བ་དེ་རྣམས་ལ་ལྷའི་དབང་པོའི་སྐྱེད་མོས་ཚལ་ལྟ་བུའི་དགའ་ཚལ་སྡུག་གུ་ཡིད་དུ་འོང་བའི་བདེ་བ་དང་ལྡན་པར་ཤོག་ཅིག ཤལ་མ་ལིའི་ནགས་ཚལ་གྱི་སྡོང་བོ་ལྕགས་ཀྱི་ཚེར་མ་རྣོན་པོས་ལུས་ཡན་མན་དུ་འབིགས་པ་དེ་ཡང༌། ད་ནི་ཆོས་དང་མཐུན་པའི་འདོད་ཡོན་གྱི་བདེ་བ་སྟེར་བར་བྱེད་པའི་དཔག་བསམ་གྱི་ཤིང་ལྗོན་པ་ཉིད་དུ་འཁྲུངས་བར་ཤོག་ཅིག ཁྭ་ལྕགས་ཀྱི་མཆུ་ཅན་ལ་སོགས་པའི་གནོད་བྱེད་དག་ཀྱང༌། ཡིད་དུ་འོང་བའི་བྱ་མཐིང་རིལ་དང་ངུར་བ་ཕོ་མོ་དག་དང་ངང་བ་དང་བྱ་གཞད་ལ་སོགས་པ་སྐད་སྙན་པ་འབྱིན་པར་གྱུར་ནས་གནས་ཐམས་ཅད་མཛེས་པར་གྱུར་ཅིང་མེ་ཏོག་པདྨ་ལ་སོགས་པའི་དྲི་བསུང་ཆེན་པོ་དང་ལྡན་པའི་མཚོ་ཡིད་དུ་འོང་བ་དག་གིས་དམྱལ་བའི་ས་ཕྱོགས་དག་ནི་ཉམས་རབ་ཏུ་དགའ་བ་དང་ལྡན་པར་ཤོག་ཅིག་ཅེས་པའོ། ། (བཞི་པ་)སྡུག་བསྔལ་བདེ་བར་འགྱུར་བ་བསྔོ་བ་ནི། མེ་མ་མུར་ལ་སོགས་པའི་སོལ་ཕུང་འབར་བ་དེ་ཡང་རིན་པོ་ཆེ་ཨིནྡྲ་ནཱི་ལ་དང་པདྨ་རཱ་ག་ལ་སོགས་པའི་ཕུང་པོར་གྱུར་ཅིང༌། ལྕགས་ཀྱི་ས་གཞི་མེས་བསྲེགས་པས་ཤིན་ཏུ་ཚ་བ་དེ་ཡང་ཤེལ་གྱི་ས་གཞི་བསིལ་ཞིང་ཡིད་དུ་འོང་བ་བྱི་དོར་བྱས་ནས་ལེགས་པར་བསྟར་བར་ཤོག་ཅིག ལྕགས་ཀྱི་རི་ར་དང་ལུག་གི་གདོང་པ་ཅན་རྣམས་བསྡུས་ནས་འཇོམས་པའི་རི་བོ་ཆེན་པོ་རྣམས་ཀྱང་མཆོད་པའི་ཚོགས་དཔག་ཏུ་མེད་པས་གང་བའི་གཞལ་མེད་ཁང་ཆེན་པོར་གྱུར་ཏེ་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་གང་བས་དམྱལ་བ་རྣམས་ལ་ཕན་འདོགས་པར་ཤོག་ཅིག མེའི་མདག་མའི་ཆར་དང་རྡོ་བསྲེགས་པའི་ཆར་དང་མཚོན་ཆ་རྣོན་པོ་མེ་འབར་བའི་ཆར་བ་འབབ་པ་དག་ནི་དུས་དེང་ནས་བཟུང་སྟེ་དམྱལ་བ་རྣམས་ཀྱི་མགོ་ལ་མེ་ཏོག་མཛེས་པ་སྣ་ཚོགས་ཀྱི་ཆར་ཏུ་འབབ་པར་གྱུར་ཅིག གནོད་སེམས་དྲག་པོས་ཕན་ཚུན་འཐབ་ཅིང་མཚོན་ཆ་རྣོན་པོ་རྣམས་ཀྱིས་ལུས་ལ་འདེབས་པ་དེ་ཡང་ནི་དུས་དེང་ནས་བཟུང་སྟེ་རྩེད་མོའི་དགའ་བདེ་ལ་རོལ་པའི་ཕྱིར་མེ་ཏོག་ཡིད་དུ་འོང་བ་རྣམས་སུ་གྱུར་ནས་ཕན་ཚུན་འཕེན་པར་ཤོག་ཅིག ཐལ་ཚན་གྱི་ཆུ་བོ་གཏིང་ཟབ་པས་རབ་མེད་པ་མེ་དང་འདྲ་བའི་ནང་དུ་ལུས་བྱིང་བ་དག་ཤ་ཀུན་ཚིག་ནས་ཞིག་པར་གྱུར་ཏེ་རུས་གོང་མེ་ཏོག་ཀུན་དའི་མདོག་ལྟར་དཀར་བར་གྱུར་བའི་དམྱལ་བ་རྣམས་ཀྱང་བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཕུན་སུམ་ཚོགས་པ་ཐོབ་ནས་ལྷའི་བུ་མོ་མཛེས་མ་རྣམས་དང་ལྷན་ཅིག་ཏུ་ཁྲུས་གྱི་རྫིང་བུ་དལ་གྱིས་འབབ་ལ་སོགས་པར་དགའ་བ་དང་བདེ་བའི་དཔལ་འབྱོར་ལ་རྩེ་ཞིང་གནས་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)གཞན་གྱི་མཐུས་ཞི་བར་བསྔོ་བ་ལ་བཞི་ལས། (དང་པོ་)རྡོ་རྗེ་འཛིན་པའི་མཐུས་ཞི་བར་བསྔོ་བ་ནི། དམྱལ་བ་རྣམས་ཀྱིས་རྣམ་འཕྲུལ་ཕུན་སུམ་ཚོགས་པ་གློ་བུར་དུ་མཐོང་བ་ན་རྒྱུ་མཚན་ཅིའི་ཕྱིར་དམྱལ་བའི་གནས་འདིར་ནི་གཤིན་རྗེའི་མིའམ་སྐྱེས་བུ་རྣམས་དང་ཁྭ་ཏ་འདབ་འཇིགས་ལ་སོགས་པ་དང་བྱ་རྒོད་མི་བཟད་པ་འཇིགས་སུ་རུང་བ་རྣམས་རྣམ་པར་སྐྲག་ནས་འབྱེར་བར་བྱེད་ཅིང༌། ཤ་ཁྲག་དང་རྐང་མར་དང་ཚིལ་བུ་ལ་སོགས་པའི་བསྲེགས་པའི་དུ་བས་ཀུན་ནས་དཀྲིགས་པའི་མུན་པ་རྣམས་ཐུགས་རྗེའི་འོད་ཟེར་གྱིས་བསལ་ཏེ། ལུས་དང་སེམས་ལ་བདེ་བ་དང་དགའ་བ་རྒྱ་ཆེན་པོ་བསྐྱེད་པའི་མཐུ་སྟོབས་བཟང་པོ་འདི་ད་ཀོ་སྐྱེས་བུ་དམ་པ་སུ་ཡི་མཐུ་ཡིན་ནམ་སྙམ་སྟེ། མིག་གྱེན་ཏུ་བལྟས་བས་མདུན་གྱི་ནམ་མཁའི་དཀྱིལ་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་གཟི་བརྗིད་ཀྱི་འོད་ཟེར་འབར་བ་བཞུགས་པ་མངོན་སུམ་དུ་གསལ་བར་མཐོང་ནས། དེ་ལ་རབ་ཏུ་དགའ་ཞིང་དང་བ་ཁྱད་པར་ཅན་སྐྱེས་བའི་ཤུགས་ཀྱིས་སྔོན་གྱི་སྡིག་པ་མཐའ་དག་དང་བྲལ་ནས་རྡོ་རྗེ་འཛིན་པ་དེ་དང་ལྷན་ཅིག་འགྲོགས་ཤིང་བདེ་བ་ཆེན་པོ་ལ་རྟག་ཏུ་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། ། (གཉིས་པ་)སྤྱན་རས་གཟིགས་ཀྱི་མཐུས་ཞི་བར་བསྔོ་བ་ནི། ཡང་སྔ་མ་བཞིན་དུ་ནམ་མཁའ་ལས་མེ་ཏོག་སྣ་ཚོགས་པའི་ཆར་བ་སྤོས་ཀྱི་ཆུ་དྲི་ཞིམ་པོ་ཅན་དང་འདྲེས་པ་འབབ་པ་ཡིས་དམྱལ་བའི་མེ་མདག་མི་བཟད་པ་རྣམས་སྒྲ་ཆིལ་ཆིལ་དང་བཅས་པའི་སྒོ་ནས་འཕྲལ་ལ་གསོད་པ་མཐོང་བར་གྱུར་ནས་བདག་ཅག་རྣམས་གློ་བུར་དུ་སྔར་མ་མྱོང་བའི་བདེ་བས་ཚིམ་པ་མྱོང་བ་འདི་ལྟ་བུ་ནི་ཅི་ཞིག་གི་མཐུ་ཡིན་ནམ་སྙམ་ཏུ་བསམས་ཏེ་ཀྱེན་དུ་བལྟས་པ་དང༌། སེམས་ཅན་དམྱལ་བ་པ་རྣམས་ཀྱིས་ཕྱག་ན་པདྨ་བསྣམས་པའི་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་མངོན་སུམ་དུ་མཐོང་ནས་དེ་དང་ལྷན་ཅིག་བདེ་བ་ཆེན་པོ་ལ་སྤྱོད་པར་ཤོག་ཅིག་ཅེས་པའོ། ། (གསུམ་པ་)འཇམ་པའི་དབྱངས་ཀྱི་མཐུས་ཞི་བར་བསྔོ་བ་ནི། ཡང་དམྱལ་བ་པ་རྣམས་ཀྱིས་འཇམ་དབྱངས་མཐོང་བ་དང་ཕན་ཚུན་གཅིག་གིས་གཅྀག་ལ་སྦྲན་ཏེ། ཀྱེ་གྲོགས་པོ་དང་ད་ནི་དམྱལ་བའི་འཇིགས་པ་པོར་ལ་རིངས་པ་རིངས་པར་ཚུར་ཤོག་བདག་ཅག་རྣམས་ནི་དོན་ཆེན་པོ་དང་ལྡན་པ་ཉིད་དོ། །དེ་ཡང་འུ་བུ་ཅག་མང་པོའི་ཐད་དུ་ནི་འཕགས་པ་གང་གི་མཐུ་ཡིས་གཅོད་འདྲལ་ལ་སོགས་པའི་སྡུག་བསྔལ་ཀུན་དང་བྲལ་ཞིང་རབ་ཏུ་དགའ་བའི་ཤུགས་ཕྱིན་པར་མཛད་ལ། ངན་སོང་ལ་སོགས་པའི་འགྲོ་བ་མ་ལུས་པ་ཀུན་གནོད་པ་མཐའ་དག་ལས་ཡོངས་སུ་སྐྱོབ་པའི་བྱང་ཆུབ་ཀྱི་སེམས་དང་སེམས་ཅན་ཐམས་ཅད་ལ་རང་རང་གི་མ་ལྟ་བུར་ཐུགས་བརྩེ་བ་ཆེན་པོ་སྐྱེས་པར་གྱུར་པའི་འཇམ་དཔལ་གཞོན་ནུ་རལ་པའི་ཟུར་ཕུད་ལྔ་དང་ལྡན་པ་ཅན་འོད་ཟེར་གྱི་གཟི་བརྗིད་འབར་བས་དམྱལ་བའི་འཇིགས་པ་མེད་པར་བྱེད་པ་འདི་ཇི་ཞིག་ལྟར་ཕྱིན་པར་གྱུར་ཏོ། །སེམས་ཅན་དམྱལ་བ་ཁྱེད་རྣམས་ཀྱིས་ལྟོས་ཤིག གང་ལ་ཞེ་ན། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་ཚོགས་བརྒྱ་ཕྲག་དུ་མའི་མགོ་བོའི་ཅོད་པན་དག་གིས་གང་གི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་གུས་པས་རྒྱུན་མི་འཆད་པར་མཆོད་པ་ཕྱེད་ཅིང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་བརླན་པར་གྱུར་པའི་སྤྱན་རབ་ཏུ་མཛེས་པ་དང་ལྡན་པའི་དབུ་ལ་ལྷ་རྣམས་ཀྱིས་མཆོད་པའི་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་ཆེན་པོ་འབབ་པར་གྱུར་པ་གཞལ་མེད་ཁང་བརྩེགས་མ་ཡིད་དུ་འོང་བ་དུ་མའི་ནང་ན་ལྷའི་བུ་མོ་སྟོང་ཕྲག་མང་པོས་བསྟོད་པའི་དབྱངས་སྙན་པ་སྒྲོགས་པ་དང་ལྡན་པ་འདི་ལ་ལྟོས་ཤིག་ཅེས་སྨྲས་པ་དང༌། མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཏེ་འདྲ་བ་མངོན་སུམ་དུ་མཐོང་ནས། ད་ནི་སེམས་ཅན་དམྱལ་བ་པ་རྣམས་དགའ་བའི་ཤུགས་ཀྱིས་ཀུ་ཅོ་འདོན་ཞིང་དེ་དང་ལྷན་ཅིག་བདེ་བ་ཆེན་པོ་ལ་སྤྱོད་པར་ཤོག་ཅིག་ཅེས་པའོ། ། (བཞི་པ་)རྒྱལ་སྲས་གཞན་གྱི་མཐུས་ཞི་བར་བསྔོ་བ་ནི། དེ་ལྟར་གཞུང་ལུགས་རྣམ་པར་དག་པ་བརྩམས་པ་ལ་སོགས་པའི་བདག་གི་དགེ་བའི་རྩ་བ་ལ་བརྟེན་ནས་འཕགས་པ་ཀུན་ཏུ་བཟང་པོ་དང་སྒྲིབ་པ་རྣམ་སེལ་དང་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དང་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུའི་སྒྲིབ་པ་མེད་པ་སྤྲིན་གྱི་ཚོགས་དང་འདྲ་བ་རྣམས་ལས་མཐོང་ན་བདེ་བ་དང་རེག་བྱ་བསིལ་ཞིང་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས་སེམས་ཅན་དམྱལ་བ་པ་དེ་དག་ཐམས་ཅད་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པའི་དགའ་བ་དང་བདེ་བ་ཆེན་པོ་མྱུར་ཏུ་ཐོབ་པར་གྱུར་ཅིག་ཅེས་པའོ། ། (གཉིས་པ་)དུད་འགྲོའི་དོན་དུ་བསྔོ་བའི་སྤྱི་དོན་ལའང༌། གནས་ལུས་སྡུག་བསྔལ་ཚེ་ཚད་བཞི་ལས། (དང་པོ་)དེ་དག་གི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་དང་འཕྲོས་པའི་གནས་ནི། ཆུ་དང་ཐང་དང་ནམ་མཁའི་སྤྱོད་ཡུལ་ལ་སོགས་པ་གཞན་འཕྲུལ་དབང་བྱེད་མན་ཆད་དུ། ལུས་ཆུང་བ་ལ་སྐྲའི་རྩེ་མོ་ལ་བཅུ་ཆ་ཙམ་དང༌། ཉི་ཟེར་ཀྱི་རྡུལ་ཙམ་དང་རྒྱ་ཤུག་གི་ཚི་གུ་ཙམ་དང༌། ཆེ་བ་ལ་དཔག་ཚད་ཁྲི་ཡོད་པ་དང༌། གླང་པོ་ཆེ་འགའ་ཞིག་ལ་དཔག་ཚད་བདུན་ཡོད་པ་དང༌། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉེས་སྟོང་བདུན་བརྒྱ་ཡོད་པ་དང༌། ཀླུ་འགའ་ཞིག་རི་རབ་དང་མཉམ་པ་ལ་སོགས་པ་གྲུབ་ནས། སྡུག་བསྔལ་གྱི་ཁྱད་པར་ཉ་དང་ཆུ་སྲིན་ལ་སོགས་པ་ཆེ་བ་རྣམས་ཀྱི་ཆུང་ངུ་མང་པོ་མིད་དེ་ཟ་བ་དང༌། སྲིན་བུ་ལ་སོགས་པ་ཆུང་བ་རྣམས་ཀྱིས་ཆེ་བ་མང་པོའི་ལུས་ཕུག་སྟེ་ཟ་བ་དང་ཕན་ཚུན་གཅིག་གིས་གཅིག་གསོད་ཅིང་འཚེད་པ་དང༌། ཁྱད་པར་ཀླུ་རྣམས་ཉིན་རེ་ཞིང་བྱེ་ཚན་གྱི་ཆར་པས་ཤ་ཐམས་ཅད་རུས་པ་ལ་ཐུག་པར་སྲེག་པ་དང༌། ནམ་མཁའ་ལྡིང་གཏུམ་པོས་ཟ་བ་དང༌། ཁ་འཐོར་བ་རྣམས་ཀྱང་རང་དབང་མེད་པར་བཀོལ་བ་དང་ཤ་ཁྲག་དང་པགས་པ་ལ་སོགས་པའི་ཆེད་དུ་གསོད་པ་དང༌། ལྕག་ཚན་དང་ལྕགས་ཀྱུ་ལ་སོགས་པས་རྡེག་པ་དང་འཚོག་པ་དང་འཁོལ་བ་ལ་སོགས་པའི་གདུང་བ་དྲག་པོ། (ཉི་མའི་སྙིང་པོར་)ཚེ་ཐུང་བས་ཡུད་ཙམ་དང་རིང་བས་བསྐལ་པའི་བར་དུ་མྱོང་བར་གསུངས་པས། དེ་རྣམས་རང་རང་གི་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བའི་བདེ་བ་ཐོབ་པར་གྱུར་ཅིག་ཅེས་པའི་དོན་ཏེ། དེ་ཡང་གཞུང་ལ་སྦྱར་ན་དུད་འགྲོའི་ཚོགས་མཐའ་ཡས་པ་རྣམས་ནི་ཕན་ཚུན་གཅིག་ལ་གཅིག་ཟ་བ་དང་གནོད་པ་ལ་སོགས་པའི་འཇིགས་པ་ཐམས་ཅད་དང་བྲལ་ནས། གནས་སྐབས་སུ་མཐོ་རིས་ཀྱི་བདེ་བ་དང༌། མཐར་ཐུག་ཐར་པའི་བདེ་བ་བླ་ན་མེད་པར་ཐོབ་པར་ཤོག་ཅིག་ཅེས་པའོ།