སྤྱོད་འཇུག་ས་འགྲེལ།

དེ་དག་གི་ཕ་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པས་ཀྱང་སྒྱུ་རྩལ་མཁས་པ་དེ་ལ་སྦྱིན་པར་བྱའོ་ཞེས་སྨྲས་པ་ལྷས་སྦྱིན་ལ་སོགས་པའི་སྐྱེ་བོ་མང་པོས་ཐོས་ནས། ཡི་གེ་དང་རྩིས་དང་གྱད་ཀྱི་འཛིན་སྟངས་དང་བང་དང་འཆོངས་པ་དང་འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་ཐམས་ཅད་ལ་འགྲན་པས་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ཏེ། ས་འཚོ་མ་དང་གྲགས་འཛིན་མ་དང་ལེགས་སྐྱེས་མ་དང་རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་{ཉི་ཁྲི་}དང་བཅས་པ་ཁབ་ཏུ་བཞེས་པའི་ཚུལ་བསྟན་པ་ལྟ་བུ་བཙུན་མོའི་འཁོར་དང་དགྱེས་པར་རོལ་པའི་མཛད་༥པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་དུས་ལས་མི་འདའ་ཡང་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས་དེ་དག་གིས་བྱིན་གྱིས་བརླབས་པའི་རོལ་མོ་རྣམས་ལས་སྔོན་གྱིས་དམ་བཅས་པ་དྲན་པར་གྱིས་ཤིག་ཅེས་པ་ཡང་ཡང་བྱུང་བས་རབ་ཏུ་འབྱུང་བར་བཞེད་པ་ལ། ཡབ་ཀྱིས་སྐྱེད་མོས་ཚལ་དུ་འདོད་ཡོན་ལ་རྩེར་བཏང་བའི་ལམ་དུ་རྒས་བ་དང་ན་བ་དང་ཤི་བའི་སྡུག་བསྔལ་རྣམས་གཟིགས་ཤིང་དགེ་སྦྱོང་གི་ཡོན་ཏན་ཡང་གཟིགས་ནས་ཡབ་ལ་རབ་ཏུ་འབྱུང་བར་ཞུས་པས་མ་གནང་བར་ཁང་བཟངས་ཟབ་མོར་བཅུག་སྟེ་ཕྱོགས་བཞི་ནས་ཤཱཀྱ་ལྔ་བརྒྱ་ལྔ་བརྒྱས་སྲུང་ཞིང་གནས་པ་ལས། ཞག་བདུན་འདས་པའི་ནམ་བྱེད་ན་ལྷའི་མཐུས་མི་རྣམས་གཉིད་འཐུག་པོར་གྱུར་པ་དང་ཡབ་ལ་ཞུས་ཤིང་གནང་སྟེ། འདུན་པ་དང་ལྷན་ཅིག་རྟའི་རྒྱལ་པོ་ལ་ཆིབས་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་བཞིན་བས་བར་སྣང་ལ་མཆོད་རྟེན་རྣམ་དག་དྲུང་དུ་བྱོན་ཏེ་རྟ་མཆོག་རྒྱན་དང་བཅས་པ་འདུན་པ་ལ་བཟློག་ཅིང༌། རལ་གྲི་ཨུཏྤལ་ལྟ་བུས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཞར་ནས་ལྷ་རྣམས་ཀྱིས་སྤྲུལ་པའི་རྔོན་པས་ན་བཟའ་ངུར་སྨྲིག་ཕུལ་བ་ཡང་བླངས་ཏེ་དཔལ་རང་བྱུང་གི་བསྙེན་པར་རྫོགས་པར་མཛད་པ་ལྟ་བུ་རྒྱལ་པོའི་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་༦དང༌། དེ་ནས་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་མཆོག་ཏུ་འཛིན་པའི་ལྟ་བས་གཅེར་བུ་དང་རྩེ་གསུམ་ལ་འཕྱོང་བ་དང་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་སྤྱད་ཙམ་གྱིས་གྲོལ་བར་རློམ་པའི་མུ་སྟེགས་པ་རྣམས་སུན་དབྱུང་བའི་ཕྱིར་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དབུགས་འབྱུང་རྔུབ་བཀག་སྟེ་མི་གཡོ་བ་ལ་སོགས་པའི་ཏིང་ངེ་འཛིན་མཐའ་ཡས་པ་ལ་སྙོམས་པར་ཞུགས་ནས་ཏིལ་ཕྱེད་ཕྱེད་ཙམ་གསོལ་བའི་དཀའ་བ་ལོ་དྲུག་སྤྱད་པས་སྐུ་ཤིན་ཏུ་རིད་ཅིང་སྐེམས་པར་གྱུར་པ་ལ། སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་འོད་ཟེར་གྱིས་བསྐུལ་ཏེ། ཏིང་ངེ་འཛིན་ལས་བཞེངས་པ་དང་ལྷ་རྣམས་ཀྱིས་བསྐུལ་ནས་ཞིང་བའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པས་འབྲས་ཆན་དང་འོ་ཐུག་དྲངས་པ་གསོལ་བས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་པ་ལྟ་བུ་དཀའ་བ་སྤྱད་པའི་མཛད་པ་༧དང༌། དེ་ནས་དུས་གསུམ་གྱི་སངས་རྒྱས་མང་པོས་ཀྱང་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེའི་གདན་ལ་ཐུགས་གཏད་དེ་གཤེགས་པའི་ལམ་དུ་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་འཇམ་ལ་དྲི་ཞིམ་པ་ཕུལ་བ་རྣམས་བླངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་མ་འཁྲུགས་པར་བཏིང་བ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་སྐུ་དྲང་པོར་བསྲང་བའི་ཞལ་ཤར་ཕྱོགས་སུ་གཟིགས་ནས་བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་སྟན་དེ་ཉིད་ལས་མི་གཡོ་བར་དམ་བཅའ་བ་མཛད་པ་ལ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡང་དག་པར་བསྟོད་པ་ལྟ་བུ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་༨དང༌། དེ་ནས་སྲོད་ཀྱི་དུས་སུ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇིག་པ་ཞེས་བྱ་བའི་འོད་ཟེར་མཐའ་ཡས་པ་བཀྱེ་ཞིང༌། འོད་ཀྱི་རྩེ་མོ་ལས་བདུད་ཟིལ་གྱིས་གནོན་པའི་སྒྲ་ཆེན་པོ་བྱུང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོ་དང་བཅས་པས་ཁྱབ་པར་བྱིན་གྱིས་བརླབས་པ་དང༌། བདུད་སྡིག་ཅན་འཁོར་དང་བཅས་པ་ཤིན་ཏུ་འཁྲུགས་ནས་འཇིགས་སུ་རུང་བའི་རྣམ་འགྱུར་དུ་མ་དང་བཅས་པའི་དཔུང་གི་ཚོགས་ཆེན་པོ་སྟེང་གི་བར་སྣང་ལ་འོངས་ཏེ། རི་དང་བྲག་དང་མེ་དང་ཐོག་དང་འཁོར་ལོ་དང་མདུང་ཐུང་དང་རལ་གྲི་དང་གཏུན་ཤིང་དང་མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་མེད་པ་སེར་བ་དྲག་པོའི་རྒྱུན་བཞིན་དུ་བར་དང་མཚམས་མེད་པ་ཕབ་ཀྱང༌། དེ་ཡི་བྱམས་པའི་མཐུ་ལས་གནོད་པ་མེད་ཅིང་མེ་ཏོག་གི་ཆར་འབབ་ཞིག་ཏུ་གྱུར་ནས་ལྡིང་ཞིང་འབབ་པར་གྱུར་བས་ཞེ་སྡང་གི་རྣམ་འགྱུར་གྱིས་ཀྱང་བརྫི་བར་མ་ནུས་ལ། བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་མ་རྣམས་ཀྱིས་ཆགས་པའི་རྣམ་འགྱུར་མཐའ་ཡས་པ་བསྟན་པས་ཀྱང་བསླུ་བར་མ་ནུས་པ་ལྟ་བུ་བདུད་ཀྱི་སྡེ་མཐའ་དག་འཇོམས་པའི་མཛད་པ་༩དང༌། དེ་ནས་ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་མངོན་དུ་མཛད་ཅིང་གུང་ཐུན་ལ་མངོན་པར་ཤེས་པ་རྣམས་བསྐྱེད་ནས་ཐོ་རངས་ཟག་པ་ཟད་པ་མངོན་དུ་མཛད་དེ། ས་བཅུ་རྒྱུན་གྱི་ཐ་མར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་སྤང་བར་བྱ་བའི་ལྷག་མ་མ་ལུས་པ་སྤངས་ཤིང་རྟོགས་པ་མཐར་ཐུག་པ་ཡོངས་སུ་རྫོགས་ནས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུུ་ས་གཡོ་བ་དང་འོད་གསལ་བ་དང་མེ་ཏོག་གི་ཆར་འབབ་པ་ལ་སོགས་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་ཤིང་ལྷ་དང་བཅས་པའི་འགྲོ་བ་མང་པོས་ཀྱང་མཆོད་ཅིང་བསྟོད་པའི་གོ་འཕང་ཐོབ་པ་ལྟ་བུ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་༡༠དང༌། དེ་ནས་ཚངས་པ་དང་བརྒྱ་བྱིན་ལ་སོཊ་པའི་ལྷའི་ཚོགས་དཔག་ཏུ་མེད་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཡོན་དུ་ཕུལ་ཏེ་གསོལ་བ་ཡང་ཡང་བཏབ་པས་ཝཱ་རཱ་ཎ་སཱིར་བྱོན་ཏེ་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལོ་བདུན་དུ་བསྐོར་བས་གང་ཟག་གི་བདག་ཏུ་ལྟ་བ་ལས་བཟློག་ནས་མྱ་ངན་ལས་འདས་པའི་ལམ་ལ་འཇུག་པར་མཛད་པ་དང༌། བྱ་རྒོད་ཕུང་པོ་ལ་སོགས་པར་བྱོན་ཏེ་གང་ཟག་སྡེ་བཞི་ལ་སོགས་པའི་གདུལ་བྱ་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ལོ་བཅུའི་བར་དུ་བསྐོར་བས་དངོས་པོར་འཛིན་པའི་ལྟ་བ་ལས་བཟློག་ནས་ཐེག་པ་ཆེན་པོའི་ལམ་གྱིས་སྨིན་པར་མཛད་པ་དང༌། མཉན་ཡོད་དང་ལང་ཀ་པུ་རི་ལ་སོགས་པར་བྱོན་ཏེ་རང་བཞིན་སྣ་ཚོགས་པའི་གདུལ་བྱ་རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ལོ་སུམ་ཅུར་བསྐོར་བས་ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པའི་ལྟ་བ་ལས་བཟློག་ནས་མུ་བཞིའི་སྤྲོས་པ་དང་བྲལ་བའི་བྱང་ཆུབ་ཆེན་པོ་ལ་སྦྱོར་བར་མཛད་པ་ལྟ་བུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་༡༡དང༌། དེ་ནས་རེ་ཞིག་འོས་སུ་གྱུར་པའི་གདུལ་བྱ་རྣམས་ཀྱི་དོན་བྱ་བ་ཡོངས་སུ་རྫོགས་པར་གཟིགས་ཏེ་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བ་དང༌། རྟག་འཛིན་ཅན་རྣམས་དེ་ལས་བཟློག་པ་ལ་སོགས་པའི་ཆེད་དུ་གྲོང་ཁྱེར་རྩྭ་མཆོག་ཏུ་གཤེགས་ནས་ཤིང་སཱ་ལ་ཟུང་གི་ཚལ་དུ་གཟིམས་མལ་གྱི་ཐ་མ་མཛད་ཅིང༌། ས་གཡོ་བ་ལ་སོགས་པའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བུད་ཤིང་ཟད་པའི་མེ་བཞིན་དུ་གཟུགས་ཀྱི་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང༌། ཀུན་དགའ་བོ་ལ་སོགས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་བྱ་བ་བཞིན་དུ་སྐུ་ལ་ཤིང་བལ་འཇམ་པོས་དཀྲིས་ཤིང་རས་ཟུང་སྟོང་གིས་ཀྱང་དཀྲིས་ནས་འབྲུ་མར་གྱིས་བཀང་བའི་སྒྲོམ་དུ་བཅུག་སྟེ་ཙན་དན་གྱི་མེ་ཤིན་ཏུ་ཚ་བས་སྦྱངས་ཀྱང་འཚིག་པར་མ་གྱུར་བ་ལས་ཉིད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་ཞག་བདུན་དུ་སྦྱངས་པ་ལ་ལྷ་དང་བཅས་པའི་འགྲོ་བ་མཐའ་ཡས་པས་མཆོད་པའི་ཚོགས་ཚད་མེད་པ་ཕུལ་བས་རིང་བསྲེལ་མ་ག་དྷཱའི་ཁལ་བཅུ་གཉིས་བྱོན་པ་ཆ་བརྒྱད་དུ་གྱུར་ནས་སེར་སྐྱ་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་རྣམས་སུ་བབས་ཏེ་སྐུ་གདུང་གིས་ཀྱང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལྟ་བུ་མྱ་ངན་ལས་འདས་པར་གཤེགས་པའི་མཛད་པ་༡༢རྣམས་སོ། ། (གསུམ་པ་)དེ་དག་གི་འཇོག་ཚུལ་ནི། འགའ་ཞིག་སྐུ་བཞིར་འདོད་པའང་རང་དོན་དོན་དམ་པའི་སྐུ་ལ་དག་པ་གཉིས་ལྡན་གྱི་ཆ་ངོ་བོ་ཉིད་ཀྱི་སྐུ་དང༌། ཡེ་ཤེས་མཐར་ཐུག་པའི་ཆ་ཆོས་ཀྱི་སྐུར་ཕྱེ་བའམ། ཡང་ན་བདེ་བ་ཆེན་པོ་དང་སྟོང་པ་ཉིད་ལ་དེ་དག་ཏུ་ཕྱེ་བ་ཡིན་གྱི། བསྡུ་ན་སྐུ་གསུམ་དུ་མི་འདོད་པ་མ་ཡིན་ལ། གཞན་དག་སྐུ་གཉིས་སུ་འདོད་པའང་རང་དོན་གྱི་སྐུ་གཉིས་པོ་ཆོས་ཀྱི་སྐུ་དང༌། གཞན་དོན་གྱི་སྐུ་གཉིས་པོ་གཟུགས་ཀྱི་སྐུར་འདོད་པ་ཡིན་གྱི། ཕྱེ་ན་གསུམ་དང་བཞིར་མི་འདོད་པ་མ་ཡིན་པས་ཐམས་ཅད་ཀྱང་འགལ་བ་མེད་པར་བལྟ་སྟེ། རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་བཞིན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་པ་ལྟར་རོ། ། (གཉིས་པ་)ཡེ་ཤེས་ལའང་ (གསུམ་ལས་དང་པོ་) ཐུན་མོང་གི་དབྱེ་བ་ནི། ལྔར་འབྱེད་པ་ན། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །དངོས་པོ་ཤེས་པ་དེ་ལ་དམིགས། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་པ་ལྟར་དེ་བཞིན་ཉིད་དག་པ་གཉིས་ལྡན་དུ་གྱུར་པ་ཆོས་དབྱིངས་ཡེ་ཤེས་ཡིན་ལ། འདིར་ནི་མེ་ལོང་ལྟ་བུ་ལ་སོགས་པ་བཞིའི་དང་པོ་ནི་མི་གཡོ་ཞིང་རྟེན་དུ་གྱུར་པ་དང༌། ཕྱི་མ་གསུམ་ནི་དེ་ལ་བརྟེན་པར་གྱུར་པ་སྟེ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་སྒྲུབ་པ་ཁོ་ན་འོ། །ཞེས་པ་ལྟར་རོ། ། (གཉིས་པ་ )སོ་སོའི་ངོ་བོ་ལ། (བཞི་ལས་དང་པོ་)མེ་ལོང་ལྟ་བུའི་ཡེ་ཤེས་ནི། ང་ཡིར་འཛིན་པ་མེད་པའི་སྒོ་ནས་ཡུལ་མཐའ་དག་དུས་རྟག་ཏུ་མེ་ལོང་གི་གཟུགས་བརྙན་ལྟར་གསལ་བར་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཤིང་ཡུལ་གྱི་རྣམ་པར་འཆར་པ་ལ་ལྟོས་པའང་མ་ཡིན་པ་སྟེ། མེ་ལོང་ཡེ་ཤེས་ང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་ཤིང༌། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་པ་ལྟར་རོ། ། (གཉིས་པ་)མཉམ་པ་ཉིད་ཀྱི་ཡེ་ཤེས་ནི། སློབ་ལམ་དུ་བདག་གཞན་མཉམ་པ་ཉིད་དུ་བསྒོམས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས་ན་སྲིད་ཞི་མཉམ་པ་ཉིད་དུ་མཁྱེན་པ་སྟེ། མཉམ་ཉིད་ཡེ་ཤེས་སེམས་ཅན་ལ། །སྒོམ་པ་དག་པ་ལས་འདོད་དེ། །མི་གནས་ཞི་བར་ཞུགས་པ་ནི༑ ༑མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །ཅེས་པ་ལྟར་རོ། ། (གསུམ་པ་)སོ་སོར་རྟོག་པའི་ཡེ་ཤེས་ནི། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་ཞིང་ཏིང་ངེ་འཛིན་དང་གཟུངས་མཐའ་ཡས་པ་དང་ལྡན་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །ཞེས་པ་ལྟར་རོ། ། (བཞི་པ་)བྱ་བ་སྒྲུབ་པའི་ཡེ་ཤེས་ནི། ཞིང་ཁམས་མཐའ་ཡས་པར་སྤྲུལ་པ་སྣ་ཚོགས་པ་བསྟན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་མཁྱེན་པ་སྟེ། བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཁམས་རྣམས་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་བ་ཡིས། །སེམས་ཅན་ཀུན་དོན་སྒྲུབ་པ་འོ། །ཞེས་པ་ལྟར་རོ། ། (གསུམ་པ་)འབྱུང་ཚུལ་གྱིས་བསྡུ་བ་ནི། དམ་པའི་ཆོས་མང་དུ་ཐོས་ཤིང་འཛིན་པ་དང༌། བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དང༌། ཡང་དག་པའི་ཆོས་གསལ་བར་བསྟན་པ་དང༌། གཞན་གྱི་དོན་བྱ་བ་སྒྲུབ་པ་རྣམས་ལས་རིམ་པ་ལྟར་འབྱུང་བ་སྟེ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར། །ཡང་དག་ཆོས་རབ་སྟོན་ཕྱིར་དང༌། །བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་བོ་ཡང་དག་འབྱུང༌། །ཞེས་པ་ལྟར་རོ། ། (གསུམ་པ་ )ཕྲིན་ལས་ལ། (གཉིས་ལས་དང་པོ་)ལྷུན་གྱིས་གྲུབ་པའི་དོན་ནི། དཔེར་ན་ལྷའི་རྔ་ལ་རྟོག་པ་མེད་བཞིན་དུ་ཆོས་ཀྱི་སྡོམ་བཞི་སྟོན་པ་དང༌། ནོར་བུ་ལ་འབད་རྩོལ་མེད་བཞིན་དུ་འོད་ཟེར་སྤྲོ་བ་དང་མཐུན་པར་རང་རང་གི་མོས་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་དང་སྤྲུལ་པ་མཛད་པ་ལ་སོགས་པས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་མཛད་ཀྱང་རྣམ་རྟོག་དང་འབད་རྩོལ་མི་མདའ་བར་འཇུག་པ་སྟེ། ཇི་ལྟར་རྔ་དག་མ་བརྡུངས་པར། །སྒྲ་ནི་ཀུན་ཏུ་འབྱུང་པ་ལྟར། །དེ་བཞིན་རྒྱལ་བ་གཟོ་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམ་ཀྱང་གཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་སྟོན། །ཞེས་པ་ལྟར་རོ། ། (གཉིས་པ་)རྒྱུན་མི་འཆད་པའི་དོན་ནི། དཔེར་ན་འདུས་མ་བྱས་ནམ་མཁའི་དབྱིངས་སུ་འདུས་བྱས་ཀྱི་སྐྱེ་འཇིག་རྒྱུན་མི་འཆད་པ་ལྟར། ཟག་པ་མེད་པའི་དབྱིངས་སུ་སངས་རྒྱས་ནས་ཀྱང་གདུལ་བྱ་ནམ་དུས་ལ་བབ་པ་ན་ཕྲིན་ལས་རྒྱུན་མི་འཆད་པར་འབྱུང་པ་སྟེ། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་འཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་མི་འཆད། །ཅེས་པ་ལྟར་རོ། ། (བཞི་པ་)ཟབ་པའི་དོན་ནི། འཁོར་འདས་ཀྱི་རང་བཞིན་ལ་ཁྱད་པར་མེད་པའི་ཕྱིར་དག་དགོས་པ་ཡང་མ་ཡིན་ལ། སངས་རྒྱས་པ་ན་གློ་བུར་གྱི་དྲི་མ་མཐའ་དག་སྤངས་བའི་ཕྱིར་མ་དག་པའང་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། སྔ་མ་ཕྱི་མ་ཁྱད་མེད་ཀྱང༌། །སྒྲིབ་པ་ཀུན་གྱི་དྲི་མེད་པ། །དེ་བཞིན་ཉིད་ནི་སངས་རྒྱས་འདོད། །དག་པ་མ་ཡིན་མ་དག་མིན། །ཞེས་པ་ལྟར་རོ། །དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ན་ཆོས་ཀྱི་སྐུ་ནམ་མཁའ་ལྟར་རོ་གཅིག་པའི་ཕྱིར་མང་པོ་མ་ཡིན་ལ། སྔོན་གྱི་སྨོན་ལམ་གྱི་དབང་གིས་གཟུགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བའི་ཕྱིར་གཅིག་པུ་ཡང་མ་ཡིན་པས་བསམ་གྱིས་མི་ཁྱབ་པ་སྟེ། ཟག་མེད་དབྱིངས་ན་སངས་རྒྱས་རྣམས། །མཁའ་ལྟར་ལུས་ནི་མེད་ཕྱིར་དང༌། །སྔོན་གྱི་ལུས་རྗེས་འབྲང་བའི་ཕྱིར། །མང་པོ་མ་ཡིན་གཅིག་ཉིད་མིན། །ཞེས་པ་ལྟར་རོ། ། (བཞི་པ་)སྒྲུབ་པར་རིགས་པ་ནི། དེ་ལྟར་སངས་རྒྱས་ཐོབ་པ་ན་ཡོན་ཏན་མཐར་ཐུག་པ་དང་ལྡན་པས་དོན་གཉིས་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་ཀྱི་དགེ་བ་ལ་འབད་པར་རིགས་ཏེ། དེ་ལྟར་སངས་རྒྱས་ཉིད་ནི་དཀར་པོའི་ཆོས། །དཔེ་མེད་ལྡན་ཕྱིར་ཕན་བདེའི་རྒྱུ་མཚན་ཕྱིར། །བདེ་དགེ་དམ་པ་མི་ཟད་རྒྱུ་མཚན་ཕྱིར། །བློ་ལྡན་བྱང་ཆུབ་སེམས་དགེ་བླང་བའི་རིགས། །ཞེས་པ་ལྟར་རོ། །དོན་དམ་པའི་སངས་རྒྱས་ནི་རང་བཞིན་གྱི་རྣམ་པར་དག་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བཞུགས་པའི་ཕྱིར་ཡང་གློ་བུར་གྱི་དྲི་མ་སྦྱོང་བ་ལ་འབད་པར་རིགས་ཏེ། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པས། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་པ་ལྟར་རོ། ། ༼༢༽སྤང་བྱ་འཁོར་བའི་ཉེས་དམིགས། (གཉིས་པ་)སྤང་པར་བྱ་བ་འཁོར་བའི་ཉེས་དམིགས་ནི། དེ་ལྟར་ཆོས་ཀྱི་དབྱིངས་རང་བཞིན་དུ་གནས་ཀྱང་དམ་པའི་ཆོས་ལ་བརྩོན་པར་མ་བྱས་ན། མེད་བཞིན་དུ་བདག་ཏུ་འཛིན་པ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པའི་དབང་གིས་ཉོན་མོངས་པ་རྣམས་འབྱུང་ཞིང༌། དེས་ཀུན་ནས་བསླངས་པའི་ལས་ཟག་པ་དང་བཅས་པ་སྤྱད་པ་ལས། མཐའ་མེད་པའི་འཁོར་བ་རྣམས་སུ་སྐྱེས་ནས་བཟོད་པར་དཀའ་བའི་སྡུག་བསྔལ་སྣ་ཚོགས་པ་ལ་ལོངས་སྤྱོད་པ་སྟེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་པ་ལྟར་རོ། ། དེ་ཡང་བཤེས་སྤྲིང་དུ། འདི་ན་ཁ་ཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང༌། །དཔེར་ཡང་མི་ཕོད་འོལ་ཡང་མི་མཆི་འོ། །ཞེས་པ་ལྟར།