སྤྱོད་འཇུག་ས་འགྲེལ།

། (༢) མཚན་ཉིད། (གཉིས་པ་)མཚན་ཉིད་ནི། མི་མཐུན་པའི་ཕྱོགས་གཏི་མུག་མཐའ་དག་སྤང་པ་དང༌། གཉེན་པོ་ཆོས་ལ་བདག་མེད་རྟོགས་པའི་སྒོ་ནས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གཞན་གྱི་ཐེ་ཚོམ་མཐའ་དག་གཅོད་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཆོས་བཞི་དང་ལྡན་པ་སྟེ། ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོགས་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། (༣) དབྱེ་བ། (གསུམ་པ་)དབྱེ་བ་ལ་གཉིས་ལས། ༡༽ཐུན་མོང་གི་དབྱེ་བ། (དང་པོ་)ཐུན་མོང་གི་དབྱེ་བ་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པའི་དོན་རབ་ཏུ་རྣམ་པར་འབྱེད་པ་ངོ་བོའི་དོན་དང༌། ཞི་གནས་ལ་བརྟེན་ནས་ལྷག་མཐོང་འབྱུང་བ་རྒྱུའི་དོན་དང༌། ཀུན་ནས་ཉོན་མོངས་པ་མཐའ་དག་ལས་ཤིན་ཏུ་རྣམ་པར་གྲོལ་བ་འབྲས་བུའི་དོན་དང༌། འཚོ་བ་རྣམ་པར་དག་པ་དང་ལེགས་བཤད་སྟོན་པར་བྱེད་པ་ལས་ཀྱི་དོན་དང༌། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ་ཞེས་གསུངས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་དང༌། དེ་ལྡན་གྱི་གང་ཟག་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དམན་པ་དང་མཆོག་གི་ཤེས་རབ་རྣམས་སུ་རབ་ཏུ་དབྱེ་བའི་འཇུག་པའི་དོན་ཏེ་དོན་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང༌། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཆོས་རབ་འཚོ་བ་ལེགས་བཤད་དང༌། །ཆོས་རྣམས་ཀུན་གྱི་མཆོག་ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། ། ༢༽ཁྱད་པར་གྱི་དབྱེ་བ། (གཉིས་པ་)ཁྱད་པར་གྱི་དབྱེ་བ་ལ། བདེན་གཉིས་ཤེས་པའི་ཤེས་རབ་དང༌། གྲུབ་མཐའ་ཤེས་པའི་ཤེས་རབ་དང༌། སྟོང་ཉིད་ཤེས་པའི་ཤེས་རབ་བོ། ། ༡ བདེན་གཉིས་ཤེས་པའི་ཤེས་རབ། དང་པོ་ལ། བདེན་གཉིས་ཀྱི་རང་བཞིན། མ་ཤེས་པའི་ཉེས་དམིགས། ཤེས་པའི་ཕན་ཡོན་ནོ། །དང་པོ་ལ། ངོ་བོ། དབྱེ་བ། ཐ་དད། གྲངས་ངེས། མིང་དོན། བསྒོམ་ཚུལ། འཁྲུལ་སྤོང་ངོ༌། ། (དང་པོ་)ངོ་བོ་ལ། ཀུན་རྫོབ་ནི། མ་བརྟགས་ན་ཉམས་དགའ་ཞིང་སྐྱེ་འཇིག་དང་བཅས་པའི་ཆོས་ཅན་འཁྲུལ་ཤེས་མ་འགགས་ཀྱི་བར་དུ་དོན་བྱེད་ནུས་པར་སྣང་བ་སྟེ། (ཞི་བ་འཚོས་)དབུ་མ་རྒྱན་དུ། མ་བརྟགས་གཅིག་པུ་ཉམས་དགའ་ཞིང༌། །སྐྱེ་དང་འཇིགས་པའི་ཆོས་ཅན་པ། དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་ཡིན་པར་རྟོགས། །ཞེས་པ་ལྟར་རོ། །དོན་དམ་ནི། བརྟགས་ན་འདུལ་བྱས་ཀྱི་དངོས་པོ་གང་དུ་ཡང་གྲུབ་པ་མེད་ཅིང༌། སྐྱེ་འཇིག་ལ་སོགས་པའི་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་ཆོས་ཉིད་ནམ་ཡང་སླུ་བ་མེད་པ་སྟེ། དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །ཡང་དག་ཏུ་ན་སྤྲོས་པ་ཡི། །མཚན་མ་ཀུན་ལས་དེ་གྲོལ་ཡིན། །ཞེས་པ་ལྟར་རོ། ། (གཉིས་པ་)དབྱེ་བ་ནི། ཀུན་རྫོབ་ལའང་སྣང་ཙམ་དུ་དོན་བྱེད་ནུས་པ་མེ་ཆུ་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་དང༌། སྣང་ཡང་དོན་བྱེད་མི་ནུས་པ་སྐྲ་ཤད་འཛགས་པ་དང༌། ཟླ་བ་གཉིས་སུ་སྣང་བ་ལ་སོགས་པ་ལོག་པའི་ཀུན་རྫོབ་གཉིས་ཏེ། བདེན་གཉིས་སུ། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་པ་ལྟར་རོ། །དོན་དམ་ལའང་སྐྱེ་བ་ལ་སོགས་པ་བཀག་ཙམ་གྱི་མེད་དགག་ཅིར་ཡང་མ་གྲུབ་པ་རྣམ་གྲངས་བའི་དོན་དམ་དང༌། ཡོད་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་ཞི་བའི་དེ་བཞིན་ཉིད་རྣམ་གྲངས་མ་ཡིན་པ་མཐར་ཐུག་པའི་དོན་དམ་རྣམ་པ་གཉིས་ཏེ། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཕྱིར་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་སྒྲ་མཛད་དོ། །ཞེས་པ་ལྟར་རོ། ། ཡང་དབུས་མཐར། བརྟགས་པ་དང་ནི་ཤེས་པ་དང༌། །དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་པ་ལྟར། ཀུན་བརྟགས་བརྟགས་པའི་ཀུན་རྫོབ་དང༌། །གཞན་དབང་ཤེས་པའི་ཀུན་རྫོབ་དང༌། །ཡོངས་གྲུབ་བརྗོད་དུ་མེད་པ་ལ་དེ་བཞིན་ཉིད་ལ་སོགས་པའི་སྒྲས་བརྗོད་པའི་ཆའང་བརྗོད་པའི་ཀུན་རྫོབ་སྟེ་གསུམ་དང༌། དོན་དང་ཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །ཅེས་པ་ལྟར་དེ་བཞིན་ཉིད་དོན་དམ་པ་དང༌། མྱ་ངན་ལས་འདས་པ་ཐོབ་པ་དོན་དམ་པ་དང༌། ལམ་སྒྲུབ་པ་དོན་དམ་པ་དང་གསུམ་དུ་འབྱེད་པ་ལ་སོགས་པའོ། ། (གསུམ་པ་)ཐ་དད་བསམ་པ་ནི། བདེན་པ་གཉིས་པོ་གཅིག་ཡིན་ན་བྱིས་པ་རྣམས་ཀྱིས་ཀྱང་དོན་དམ་མངོན་སུམ་དུ་མཐོང་པར་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་ཅིང༌། ཐ་དད་ཡིན་ན་དོན་དམ་དེ་འདུ་བྱེད་སྤྱིའི་མཚན་ཉིད་དུ་མི་རུང་བར་འགྱུར་བ་ལ་སོགས་པའི་སྐྱོན་ཡོད་པས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་སྟེ། དགོངས་འགྲེལ་དུ། འདུ་བྱེད་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་པ་ལྟར་རོ། །ཐ་དད་དུ་ནི་རང་བཞིན་གཅིག་ལ་ལྡོག་པ་ཐ་དད་པ་ཞེས་ཀྱང་བྱ་སྟེ། བྱང་ཆུབ་སེམས་འགྲེལ་དུ། བུ་རམ་རང་བཞིན་མངར་བ་དང༌། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གནས། །ཞེས་པ་ལྟར་རོ། ། (བཞི་པ་)གྲངས་ངེས་ནི། ཡུལ་ལ་དཔྱད་བཟོད་མི་བཟོད་གཉིས་སུ་ངེས་པས། དཔྱད་བཟོད་དོན་དམ་དང༌། དཔྱད་མི་བཟོད་ཀུན་རྫོབ་གཉིས་སུ་ངེས་ཤིང༌། བློ་ལ་འཁྲུལ་མ་འཁྲུལ་གཉིས་སུ་ངེས་པས། འཁྲུལ་བའི་ཡུལ་ཀུན་རྫོབ་དང༌། མ་འཁྲུལ་བའི་ཡུལ་དོན་དམ་གཉིས་སུ་ངེས་ལ། གང་ཟག་ལ་འཁོར་འདས་གཉིས་སུ་ངེས་པས། འཁོར་བ་ཀུན་རྫོབ་དང༌། མྱང་འདས་དོན་དམ་གཉིས་སུ་ངེས་ཏེ། ཡབ་སྲས་མཇལ་བར། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱི་ནི་རྣམ་དབྱེ་མཛད། །གང་ཞིག་ཀུན་རྫོབ་གཞན་ནི་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་པ་ལྟར་རོ། །འོ་ན་བདེན་པ་བཞིར་གསུངས་པ་དང་མི་འགལ་ལམ་སྙམ་ན། དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་འཕགས་པའི་བདེན་པ་བཞི་པོ་འདི་དག་ལས་བདེན་པ་གསུམ་ནི་མི་རྟག་པ་ལགས་སོ། །བདེན་པ་གཅིག་ནི་རྟག་པ་ལགས་སོ། །ཞེས་པ་ལྟར་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་བདེན་གསུམ་ནི་འདུས་བྱས་བརྫུན་པ་སླུ་བའི་ཆོས་ཅན་ཡིན་པའི་ཀུན་རྫོབ་དང༌། གང་དག་པ་དེ་ནི་མི་སླུ་བའི་ཆོས་ཅན་ལགས་སོ། །ཞེས་པ་ལྟར་ འགོག་བདེན་ནི་འདུས་མ་བྱས་མི་སླུ་བའི་ཆོས་ཅན་ཡིན་པས་དོན་དམ་སྟེ་གཉིས་སུ་འདུ་བས་འགལ་བ་མེད་དོ། །མདོ་ལས་ཀྱང༌། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདི་དག་ཏུ་ཟད་དོ་ཞེས་པ་ལྟར་རོ། ། (ལྔ་པ་)མིང་དོན་ནི་འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་པ་ལྟར་ཡང་དག་པའི་དོན་ལ་སྒྲིབ་པས་ཀུན་རྫོབ་(སཾ་བྲྀ་ཏི་)ཅེས་བྱ་བ་དང༌། དེ་ནི་དགོས་པའི་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །ཞེས་པ་ལྟར་མཆོག་གམ་དམ་པའི་དོན་དུ་གྱུར་པས་དོན་དམ་(པ་ར་མཱརྠ་)ཞེས་བྱ་བའོ། ། (དྲུག་པ་)བསྒོམ་ཚུལ་ནི། མཉམ་བཞག་ཏུ་རྣམ་པར་དཔྱད་ན་ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་མེད་པར་ཤེས་པ་དང༌། དོན་དམ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་མི་འགྱུར་པར་ཡོད་པར་ཤེས་པའི་ངང་ནས་རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་བསྒོམ་པར་བྱ་སྟེ། རྒྱུད་ལས་ཀྱང༌། ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཞེས་པ་དང༌། མདོ་ལས་ཀྱང༌། ཡོད་པ་ལ་ཡང་ཡོད་པར། མེད་པ་ལ་ཡང་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཞེས་པ་དང༌། རྒྱན་ལས་ཀྱང༌། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པར་འདོད། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་དམ་པར་འདོད། །ཅེས་པ་ལྟར་རོ། །དེ་ཡང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པས་སྐྱོན་གློ་བུར་གྱི་དྲི་མ་བསལ་བར་བྱ་བ་ཅི་ཡང་མེད་ཅིང༌། དོན་དམ་པའི་ཡོན་ཏན་རྣམས་གདོད་མ་ནས་ལྷུན་གྱིས་གྲུབ་པས་གཞག་པར་བྱ་བའང་ཅི་ཡང་མེད་པ་ཡུལ་མཐའ་གཉིས་དང་བྲལ་བ་ཡང་དག་པའི་དོན་ལ། ཡུལ་ཅན་དོན་དམ་པ་ཤེས་པའི་ཤེས་རབ་ཡང་དག་པས་བལྟས་ཤིང་མཉམ་པར་བཞག་པ་ལས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་རིམ་གྱིས་སྐྱེས་ནས། མཐོང་ལམ་དུ་མཐོང་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། བསྒོམ་ལམ་དུ་སྒོམ་སྤང་གི་དྲི་མ་ལས་རྣམ་པར་གྲོལ་བ་དང༌། མཐར་ཕྱིན་པའི་ལམ་དུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བ་ཐོབ་སྟེ། ཡུམ་གྱི་རྒྱན་དང༌། རྒྱུད་བླ་མར། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་ལྟར་རོ། །རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡིན་ཡང་ལས་རྒྱུ་འབྲས་མི་སླུ་བར་ཤེས་པའི་སྒོ་ནས་དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཏེ། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །རྣམ་པ་ཀུན་ཏུ་བདེ་བ་དང༌། །ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། (བདུན་པ་)འཁྲུལ་སྤོང་ལ་གསུམ་ལས། (དང་པོ་)ཀུན་རྫོབ་བདེན་དངོས་སུ་འདོད་པ་སྤང་བ་ནི། གང་དག་གློ་བུར་གྱི་དྲི་མས་བསྡུས་པ་གཟུང་བ་དང་འཛིན་པའི་རྣམ་པ་འདི་དག་བདེན་པ་ཉིད་དུ་ཡོད་དམ་སྙམ་དུ་མངོན་པར་ཞེན་ན། དེ་ལྟར་ནི་མ་ཡིན་ཏེ། རྣམ་ངེས་སུ། གང་གི་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། གང་གིས་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པ་ལྟར་རྣམ་པར་དཔྱད་ན། གཅིག་དང་དུ་མ་ལ་སོགས་པར་བདེན་པས་སྟོང་བའི་ཕྱིར་རོ། །གཟུང་བ་དང་འཛིན་པ་མངོན་སུམ་ལ་སྣང་ཡང་རི་མོའི་མཐོ་དམན་ལྟར་མེད་བཞིན་དུ་སྣང་བ་ཡིན་གྱི་བདེན་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། རྒྱན་ལས། ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོ་དམན་མེད་ཀྱང་དེ་ན་སྣང་བ་ལྟར། །ཡང་དག་མ་ཡིན་རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཞེས་པ་ལྟར་རོ། །ལུང་ལས། གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཡོད་པར་གསུངས་པ་དང་མི་འགལ་ལམ་སྙམ་ན། དེ་དག་ནི་དངོས་པོར་སྨྲ་བ་རྣམས་རིམ་གྱིས་གཞུགས་པའི་དོན་དུ་བསྟན་པ་ཡིན་གྱི། དོན་དམ་དུ་ཡོད་པར་གསུངས་པ་ནི་མ་ཡིན་ཏེ། ཉི་ཤུ་བར། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་བྱུང་བའི་སེམས་ཅན་བཞིན། །ཞེས་པ་ལྟར་རོ། ། (གཉིས་པ་)དོན་དམ་གཏན་མེད་དུ་འདོད་པ་སྤང་པ་ནི། ཡང་གང་དག་རང་བཞིན་ཆོས་ཀྱི་དབྱིངས་དོན་དམ་པའི་ཡོན་ཏན་རྣམས་དང་རྣམ་པར་དབྱེར་མེད་པར་གནས་པ་ནི་མ་མཐོང་བའི་ཕྱིར་མེད་དོ་སྙམ་དུ་མངོན་པར་ཞེན་ན། དེ་ཡང་ཤིན་ཏུ་རིགས་པ་མ་ཡིན་ཏེ། སྤྱིར་ཡང་མ་མཐོང་ཙམ་ནི་མེད་ངེས་ཀྱི་སྒྲུབ་བྱེད་མ་ཡིན་ཞིང༌། ཁྱད་པར་ཆོས་ཀྱི་དབྱིངས་ནི་གློ་བུར་གྱི་དྲི་མས་བསྒྲིབས་པས་མ་མཐོང་བ་ཡིན་གྱི། ལམ་བསྒོམ་པ་ལས་རིམ་གྱིས་མངོན་སུམ་དུ་གསལ་བར་འགྱུར་བའི་ཕྱིར་རོ། །ཆོས་དབྱིངས་བསྟོད་པར་ཡང༌། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཇི་ལྟར་འོ་མ་སྦྱངས་པ་ལས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་སྦྱངས་བ་ལས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཅི་སྟེ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་ཕྱིར་དོན་དམ་པ་ནི་ཅིར་ཡང་མ་གྲུབ་པའོ་སྙམ་ན། དེ་དག་ནི་དངོས་པོ་ལ་མངོན་པར་ཞེན་པ་བཟློག་པའི་ཆེད་དུ། རྣམ་པར་དབྱེ་བ་དང་བཅས་པ་གློ་བུར་གྱི་དྲི་མས་སྟོང་བ་ལ་དགོངས་ནས་གསུངས་པ་ཡིན་གྱི། དོན་དམ་པའི་ཡོན་ཏན་རྣམས་དང་དབྱེར་མེད་པའི་ཆོས་ཀྱི་དབྱིངས་ཀྱིས་སྟོང་པ་ནི་མ་ཡིན་ཏེ། རྒྱུད་བླ་མར། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་པ་ལྟར་རོ། །ཤིན་ཏུ་རྒྱས་པ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་མ་ཤེས་པར་སྒྲ་ཇི་བཞིན་དུ་དོན་ལ་གཟུང་ནས་ཅི་ཡང་མེད་པར་བརྟགས་ན་བདག་ཉིད་ཉམས་པར་འགྱུར་ཏེ། རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་བཤད་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཅེས་པ་ལྟར་རོ། ། (གསུམ་པ་)དེས་ན་མཐའ་གཉིས་དང་བྲལ་བར་བསྟན་པ་ནི། བསམ་གྱིས་མི་ཁྱབ་པར་བསྟོད་པ་ལས། ཡོད་ཅེས་པ་ནི་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །དེས་ན་མཐའ་གཉིས་སྤངས་པ་ཡི། །ཆོས་དེ་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་པ་ལྟར་གནས་སྐབས་སུ་གཟུགས་སོགས་འདུས་བྱས་ཀྱི་དངོས་པོ་སྣ་ཚོགས་སུ་སྣང་ཡང༌། རང་རང་གི་ངོ་བོས་སྟོང་བས་ཀུན་རྫོབ་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་དང་བྲལ་བའི་དོན་དང༌། མཐར་ཐུག་ཆོས་ཀྱི་དབྱིངས་འདུས་མ་བྱས་སོ་སོ་རང་རིག་ཡེ་ཤེས་ལ་སྣང་ཡང་གློ་བུར་གྱི་དྲི་མས་སྟོང་པས་དོན་དམ་སྣང་བ་དང་སྟོང་བ་ཟུང་དུ་འཇུག་པ་མཐའ་གཉིས་དང་བྲལ་བའི་དོན་ལ་མོས་པར་བྱའོ། །དེ་ལྟར་ཀུན་རྫོབ་གློ་བུར་གྱི་དྲི་མ་རྣམས་དཔྱད་ན་མེད་པའི་རྒྱུ་མཚན་གྱིས་འགགས་ནས་མི་སྣང་ཞིང་དོན་དམ་ཆོས་ཀྱི་དབྱིངས་མི་འགྱུར་བར་ཡོད་པའི་རྒྱུ་མཚན་གྱིས་མངོན་སུམ་དུ་གྱུར་ནས་སྣང་བ་ལས་ནི་གནས་ཡོངས་སུ་གྱུར་པའི་རྣམ་པར་གྲོལ་བ་ཡང་ཐོབ་པར་འགྱུར་ཏེ། རྒྱན་ལས། དོན་མེད་པ་དང་དོན་ཡོད་དག །མི་སྣང་སྣང་བ་ཡིན་ཤེས་བྱ། །དེ་ནི་གནས་གཞན་གྱུར་པ་སྟེ། །འདོད་དགུ་སྒྱུར་ཕྱིར་ཐར་བ་ཡིན། །ཞེས་པ་ལྟར་རོ། ། (གཉིས་པ་)མ་ཤེས་པའི་ཉེས་དམིགས་ནི། དེ་ལྟར་བདེན་པ་གཉིས་ཀྱི་གནས་ལུགས་མ་ཤེས་ན། ཆོས་ཅན་དང་ཆོས་ཉིད་དང༌། རྣམ་ཤེས་དང་ཡེ་ཤེས་དང༌། འཁོར་བ་དང་མྱང་འདས་དང༌། དྲང་དོན་དང་ངེས་དོན་དང༌། གནས་སྐབས་དང་མཐར་ཐུག་ལ་སོགས་པའི་ཁྱད་པར་རྣམས་མི་ཤེས་ཤིང༌། བསྟན་པའི་དེ་ཁོ་ན་ཉིད་མ་རིག་པ་ལས་ནི་སྲིད་ཞིའི་མཐར་ལྷུང་བར་འགྱུར་པ་སྟེ། དབུ་མའི་རྩ་བར། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ལ། །ཟབ་མོའི་དེ་ཉིད་མཐོང་མ་ཡིན། །ཞེས་པ་ལྟར་རོ། ། (གསུམ་པ་)ཤེས་པའི་ཕན་ཡོན་ནི། དེ་ལྟར་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པར་བྱས་ན། གསུང་རབ་མཐའ་ཡས་པའི་དོན་ཡང་བདེ་བླག་ཏུ་ཤེས་ཤིང༌། དེ་དག་ལ་བརྟེན་ནས་ཚོགས་གཉིས་རིམ་གྱིས་བསགས་པ་ལས་མཐར་ཐུག་སྐུ་གཉིས་ཀྱི་ཕུན་སུམ་ཚོགས་པ་ཡང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དེ། བདེན་གཉིས་སུ། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་པ་ལྟར་རོ། ། ༢ གྲུབ་མཐའ་ཤེས་པའི་ཤེས་རབ། (གཉིས་པ་)གྲུབ་མཐའ་ཤེས་པའི་ཤེས་རབ་ལ། །གྲུབ་མཐའི་རྣམ་དབྱེ་བསྟན་པ་དང༌། །ཤེས་ནས་ཇི་ལྟར་བསྒྲུབ་ཚུལ་ལོ། །དང་པོ་ལ་ཕྱི་ནང་གཉིས་ལས། (དང་པོ་)ཕྱི་བ་ལ། ཚངས་པ་ཁྱབ་འཇུག་དབང་ཕྱུག་དང༌། རྒྱང་འཕེན་སྟག་གཟིག་ཟད་བྱེད་པའོ། །ཚངས་པ་པ་ལ་ནི་རིག་བྱེད་པ་དང་མཆོད་སྦྱིན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་རིག་བྱེད་བཞི་འདུས་མ་བྱས་ནམ་མཁའ་ལྟར་རྟག་པར་འདོད་པ་ནི་མི་འཐད་དེ། སྔར་ཚངས་པའི་གདོང་བཞི་ལས་བྱུང་ཞིང༌། ཕྱིས་བྲམ་ཟེ་རྣམས་ཀྱིས་ཀློག་པས་བྱས་པར་གྲུབ་པའི་ཕྱིར་རོ། །ཚངས་པའི་ཁ་ལ་སོགས་པའི་ལུས་ཀྱི་ཆ་ཤས་བཞི་ལས་བྲམ་ཟེ་ལ་སོགས་པའི་མི་རིགས་བཞི་(ཁ་ལས་བྲམ་ཟེ་དང༌། དཔུང་བ་ལས་རྒྱལ་རིགས་དང༌། བརླ་ལས་རྗེ་རིགས་དང༌། རྐང་པ་ལས་དམངས་རིགས་)སྤྲོས་པར་འདོད་པ་ཡང་མི་འཐད་དེ། གང་ཟག་གཅིག་ལས་སྐྱེས་པའི་ཕྱིར་ཕ་གཅིག་གི་བུ་བཞིན་དུ་རིགས་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །(རྟ་དཀར་བོ་གཙང་མ་བསད་དེ་)རྟ་གཙང་མཆོད་སྦྱིན་ལ་སོགས་པས་མཐོ་རིས་ཐོབ་པར་འདོད་པ་ཡང་མི་འཐད་དེ། མཆོད་སྡོང་བཙུགས་ནས་ཕྱུགས་བསད་དེ། །ཁྲག་འདམ་བྱས་བས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྟ་ན། །དམྱལ་བ་གང་གིས་འགྲོ་བར་འགྱུར། (རྒྱལ་བོའི་བུ་དྲང་སྲོང་ནེ་ཚོས་)ཞེས་སུན་ཕྱུང་བ་ལྟར་རོ། ། ཁྱབ་འཇུག་པ་ལ་ནི། བྱེ་བྲག་པ་དང་རིགས་པ་ཅན་པ་དང་གླུ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་ཞིང༌། དབང་ཕྱུག་པ་ལ་ནི་ཞི་བ་པ་དང་འཁྲིག་པ་ཆོས་སུ་སྨྲ་བ་ཞེས་ཀྱང་བྱ་སྟེ། དེ་དག་ནི་བྱེད་པ་པོ་དང་བདག་དང་དུས་གསུམ་རྟག་པ་དང༌། རང་བཞིན་དང་ཡོན་ཏན་དང་ཐམས་ཅད་དུ་ཁྱབ་པ་ལ་སོགས་པར་འདོད་མོད། གལ་ཏེ་ཁྱབ་འཇུག་དང་དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་ན། ལས་ཀྱི་འབྲས་བུ་ཐམས་ཅད་ཀྱང་མྱོང་བར་འགྱུར་ཏེ། དེ་ལྟ་ན་ནི་རང་དབང་ཅན་མ་ཡིན་པར་ཡང་འགྱུར་རོ། །ཐ་སྙད་དུ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་པའི་བྱེད་པ་པོ་མེད་དོ། །དེ་བཞིན་དུ་བདག་རྟག་པ་གཅིག་པུ་ཐམས་ཅད་དུ་འགྲོ་བ་ཡིན་ན། གཉེན་གྱི་བདག་རྟག་ཏུ་མ་བྲལ་བར་ཡོད་པའི་ཕྱིར་གཉེན་དང་བྲལ་བའི་སྡུག་བསྔལ་ནམ་ཡང་མི་མྱོང་བར་འགྱུར་ཞིང༌། སེམས་ཅན་གཅིག་གི་སྡུག་བསྔལ་གྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་ཡང་འགྱུར་ཏེ། སྡུག་བསྔལ་བའི་བདག་གཅིག་པུ་དེ་ཐམས་ཅད་དུ་འགྲོ་བའི་ཕྱིར་རོ། །དུས་གསུམ་དུ་མི་འགྱུར་བར་རྟག་པ་ཡིན་ན་འདོད་པའི་གནས་སྐབས་བཅུའི་རྣམ་པར་འགྱུར་བ་ཡང་མེད་པ་ཉིད་དོ། ། གྲངས་ཅན་པ་ནི་དབང་ཕྱུག་གི་གཞུང་དཔང་དུ་བྱེད་པས་དེའི་ཁྱད་པར་དུ་འདུའོ། །འཇིག་རྟེན་རྒྱང་འཕན་པ་ལ་ནི། ཕུར་བུ་པ་དང་ཆད་པ་བ་དང་ཚུ་རོལ་མཛེས་པར་སྣང་བ་ཞེས་ཀྱང་བྱ་ཞིང༌། དེ་དག་ནི་ཨ་རུ་ར་དང་བུ་རམ་ལ་སོགས་པ་ཡང་དག་པར་སྦྱར་བའི་ནུས་པ་ལས་ཆང་འབྱུང་བ་བཞིན་དུ་སྔ་མ་ནས་འོངས་པ་མེད་ཀྱང་གློ་བུར་དུུ་ས་ལ་སོགས་པའི་འབྱུང་བ་རྣམས་ཡང་དག་པར་སྦྱར་བའི་ནུས་པ་ལས་སེམས་ཅན་རྣམས་ཀྱི་དབང་པོ་དང་བཅས་པའི་སེམས་འབྱུང་ལ། ཤི་བ་ན་སེམས་ཀྱིས་འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་མེད་པས་སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཚེ་འདིར་ཇི་ལྟར་བདེ་བའི་ཐབས་ཀྱིས་ཆོག་པར་འདོད་མོད། དེ་ལྟར་ན་ས་ལ་སོགས་པ་གཅིག་ཏུ་འདུས་པའི་ཤིང་རྣམས་ལ་ཡང་འབྱུང་བ་རྣམས་ཡང་དག་པར་སྦྱར་བའི་ནུས་པ་ལས་དབང་བོ་དང་བཅས་པའི་སེམས་ཡོད་པར་ཧ་ཅང་ཐལ་བར་འགྱུར་ཏེ་རིགས་པ་མཚུངས་པའི་ཕྱིར་རོ། །ཅི་སྟེ་ཤིང་ལ་སོགས་པ་བརྟན་པའི་དངོས་པོ་རྣམས་ལ་སེམས་སྐྱེ་བའི་ནུས་པ་མེད་ན་འབྱུང་བ་རྣམས་ཡང་དག་པར་སྦྱོར་བ་ལ་ཡང་སེམས་སྐྱེ་བའི་ནུས་པ་མེད་པར་མཚུངས་པས་ཚུ་རོལ་མཛེས་པར་སྨྲ་བའི་ཚིག་འདི་དག་ནི་མཆོག་ཏུ་བརྫུན་པ་སྟེ། མཐོ་རིས་དང་ཐར་བའི་བདེ་བ་འདོད་པ་རྣམས་ཀྱིས་སྤང་བར་བྱའོ། །ཀླ་ཀློ་སྟག་གཟིག་པ་རྣམས་ལ་ནི་སོག་པོ་རཧྨ་ཎ་བ་ཞེས་ཀྱང་བྱ་ཞིང༌། དེ་དག་ནི་བརྟན་གཡོ་ཐམས་ཅད་ཀྱི་བྱེད་པ་པོ་ལྷ་རཧྨ་ཎ་ཡིན་པས། ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པས་དེ་མཉེས་པར་བྱས་ན་མཐོ་རིས་ཀྱི་བདེ་བ་དང༌། མ་མཉེས་ན་དམྱལ་བའི་སྡུག་བསྔལ་ལ་སྦྱོར་ཏེ། དེ་ཡང་མི་རྣམས་ཤི་འཕོས་ནས་ཀྱང་ལུས་འདི་ཉིད་ཀྱིས་བདེ་སྡུག་མྱོང་བར་འགྱུར་རོ་ཞེས་ཟེར་བ་མི་འཐད་དེ། སྤྱིར་ཡང་བྱེད་པ་པོར་འདོད་པ་དེ་ལ་རང་དབང་མེད་ཅིང༌། ཁྱད་པར་དུ་མིའི་ལུས་འདི་ཉིད་ཀྱིས་མྱོང་བར་འདོད་པ་ལ་ནི་མངོན་སུམ་གྱི་རིགས་པས་ཀྱང་གནོད་པའི་ཕྱིར་རོ། ། ཟད་བྱེད་པ་ལ་ནི་གཅེར་བུ་པ་དང་རྒྱལ་བ་པ་དང་མཆོད་མོས་པ་དང་ནམ་མཁའི་གོས་ཅན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་སྲོག་རྟག་པ་ལུས་ཀྱི་ཚད་དང་མཉམ་པར་འདོད་པ་ནི་མི་འཐད་དེ། ལག་པ་ལ་སོགས་པའི་ཡན་ལག་བཅད་ནའང་སྲོག་ཉམས་པར་འགྱུར་ཞིང༌། ལུས་ཕྲ་སྦོམ་དུ་གྱུར་པ་ལས་སྲོག་ཀྱང་དེ་ལྟར་འགྱུར་ན་རྟག་པར་འགལ་བའི་ཕྱིར་རོ། །དེ་བཞིན་དུ་སྲིད་པ་གསུམ་རྟག་པའི་སྟེང་ན་ཐར་པའི་ཚད་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་བ་གདུགས་ཀྱི་རྣམ་པ་ལྟ་བུ་རྟག་པའི་ངོ་བོར་ཡོད་པར་འདོད་པ་ཡང་མི་རིགས་ཏེ། གཟུགས་ཅན་ཡིན་ན་རྡུལ་ཕྲ་རབ་བསགས་པ་ལས་སྐྱེད་དགོས་ཤིང༌། དེ་ལྟ་ན་མི་རྟག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ལྗོན་ཤིང་དང་འབྲུ་ལ་སོགས་པ་རྣམས་ཀྱང་རྐང་པས་ཆུ་འཐུངས་ནས་མེ་ཏོག་དང་འབྲས་བུ་ལ་སོགས་པ་སྐྱེད་པའི་ཕྱིར་སྲོག་དང་བཅས་པའོ་ཞེས་ཟེར་བའང་མི་འཐད་དེ། བུར་ཤིང་གི་དབྱུག་པ་དུམ་བུ་དུ་མར་བྱས་པ་ན་སྲོག་ཀྱང་དུ་མར་འགྱུར་ཞིང༌། ཅི་སྟེ་དུ་མ་བུ་གཅིག་ལ་བསྐུམས་ནས་གནས་པས་གཞན་རྣམས་ལ་སྲོག་མེད་ན་ནི། དེ་དག་ས་ལ་བཙུགས་པ་ལས་མྱུ་གུ་ལ་སོགས་པ་མི་སྐྱེ་བར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ལ་ཡང་འཚེ་བ་མེད་པ་དང་བདེན་པར་སྨྲ་བ་དང་ཚངས་བར་སྤྱོད་པ་དང་ཡོངས་སུ་གཟུང་བ་ཐམས་ཅད་གཏོང་པ་ལ་སོགས་པ་ཡོན་ཏན་གྱི་ཆ་ཡོད་པ་རྣམས་ནི་མི་འགོག་སྟེ། དྲི་མེད་འོད་ལས། གང་ཞིག་ཀུན་རྫོབ་དང་དོན་དམ་པ་སངས་རྒྱས་ཀྱི་གསུང་དང་མཚུངས་པ་དེ་དག་ནི་སུན་དབྱུང་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ནང་པ་ལའང༌། བཅོམ་ལྡན་འདས་ཀྱིས། (བརྟག་གཉིས་ལས་) དེ་ལ་ཕྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། ། རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་ལྟར་བཞི་ལས། དང་པོ་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི། ནམ་མཁའ་དང་ནི་འགོག་རྣམ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེ་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་པ་ལྟར་འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་འགོག་དང་བརྟགས་མིན་གྱི་འགོག་པ་གསུམ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་རྟག་པའི་རྫས་སུ་གྲུབ་པར་འདོད་ཅིང༌། བེམ་པོ་དང་རིག་པས་བསྡུས་པའི་འདུས་བྱས་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེས་པ་སྐད་ཅིག་མའི་ངོ་བོར་རྫས་སུ་གྲུབ་པར་འདོད་ལ། ཕྱི་རོལ་པས་བརྟགས་པའི་བདག་གིས་སྟོང་ཞིང་བྱེད་པ་པོ་དབང་ཕྱུག་ལ་སོགས་པ་ནི་མེད་པ་དང༌། ལྡན་མིན་འདུ་བྱེད་ཀྱང་རྫས་སུ་གྲུབ་པ་དང༌། དུས་གསུམ་ཡང་གཅིག་ནས་གཅིག་ཏུ་འགྲོ་བའི་རྫས་སུ་གྲུབ་པ་དང་དབང་ཤེས་རྣམས་ནི་དོན་གྱི་རྣམ་པ་མ་ཤར་ཡང་དོན་དང་ཕྲད་མ་ཐག་རྡུལ་ཕྲ་རབ་བསགས་པའི་རགས་པ་རྣམས་མངོན་སུམ་དུ་རིག་པར་འདོད་དོ། །དེ་དག་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་གང་ཟག་བདེན་པར་འདོད་པ་ནི་མི་འཐད་དེ། དེ་ཤེས་པ་ཡིན་ན་བུམ་པའི་ཤེས་པའི་རྗེས་སུ་སྣམ་བུའི་ཤེས་པ་སྐྱེ་བས་མི་རྟག་པར་འགྱུར་ཞིང༌། བེམ་པོ་ཡིན་ན་བདེ་སྡུག་མྱོང་བ་མ་ཡིན་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་མདོ་སྡེ་པའི་ལུགས་ནི། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །ནམ་མཁའ་དང་ནི་འགོག་པ་མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་པ་ལྟར་ཤེས་པ་ལ་སྣང་བའི་ཡུལ་གྱི་རྣམ་པ་ནི་ཤེས་པ་ཉིད་ཡིན་གྱི། རང་བས་སྐད་ཅིག་གིས་སྔ་བ་རྣམ་པ་གཏོད་བྱེད་ཀྱི་གཟུང་དོན་ནི་དབང་ཤེས་དེའི་སྤྱོད་ཡུལ་དུ་སྣང་བ་མིན་ལ། ནམ་མཁའ་དང་འགོག་པ་གཉིས་ཀྱང་མེད་དགག་ཡིན་པས་མོ་གཤམ་གྱི་བུ་དང་འདྲ་བར་རྫས་སུ་གྲུབ་པ་མེད་ཅིང༌། ལྡན་མིན་འདུ་བྱེད་ཀྱང་གཟུགས་སེམས་སེམས་བྱུང་གསུམ་གྱི་གནས་སྐབས་ལ་བཏགས་པ་ཡིན་གྱི། །བེམ་པོའི་དངོས་པོར་རྫས་སུ་གྲུབ་པ་མེད་པ་དང༌། དུས་གསུམ་ཡང་འདུས་བྱས་ཀྱི་སྔ་ཕྱི་ལ་ལྟོས་ནས་བཏགས་པ་ཡིན་གྱི་གཅིག་ནས་གཅིག་ཏུ་རྗེས་སུ་འགྲོ་བའི་རྫས་སུ་གྲུབ་པ་མེད་པ་དང༌། མྱ་ངན་ལས་འདས་ནས་ཐོགས་པ་མེད་པའི་གཟུགས་སམ་ངོ་བོར་གྲུབ་པ་ཅུང་ཟད་ཀྱང་མེད་པར་འདོད་མོད། འབྲས་བུ་ཐོབ་ནས་མར་མེ་མནལ་བ་དང་མཚུངས་པར་ཅི་ཡང་མེད་པ་ནི་མ་ཡིན་ཏེ། སྐུ་དང་ཡེ་ཤེས་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པ་ནི་ཡོད་པའི་ཕྱིར་རོ། ། གསུམ་པ་རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི་ལུགས་ནི། ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པ་རབ་ཏུ་སྣང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་པ་ལྟར་མུ་སྟེགས་ཅན་འདོད་པ་ལྟ་བུའི་ཡན་ལག་ཅན་ཞེས་བྱ་བ་ལ་སོགས་པའི་བདག་བདེན་པར་མེད་ཅིང༌། ཉན་ཐོས་སྡེ་གཉིས་འདོད་པ་ལྟར་རྡུལ་ཕྲ་རབ་རྣམས་ཀྱང་རྣམ་པར་དཔྱད་ན་རྫས་སུ་གྲུབ་པ་མེད་ལ། རྨི་ལམ་གྱི་སྣང་བ་བཞིན་དུ་ཕྱི་རོལ་གྱི་དམིགས་པ་དོན་ལ་མེད་ཅིང་བག་ཆགས་ཀྱི་དབང་གིས་དོན་དུ་སྣང་བ་ཙམ་ཡིན་གྱི། གཟུང་འཛིན་གཉིས་མེད་ཀྱི་རྣམ་ཤེས་རང་རིག་རང་གསལ་དོན་དམ་དུ་ཡོད་པར་འདོད་མོད། ཤེས་པ་སྐད་ཅིག་གི་ངོ་བོར་བདེན་པ་མེད་པས་དེ་བསགས་པའི་རྒྱུན་ཡང་བདེན་པར་མེད་དོ། ། བཞི་པ་དབུ་མ་བའི་ལུགས་ནི། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་པ་ལྟར་མུ་སྟེགས་པ་འདོད་པའི་ཡན་ལག་ཅན་ལ་སོགས་པའི་བདག་དང༌། ཉན་ཐོས་པ་འདོད་པའི་ཕྱི་རོལ་གྱི་ཡུལ་བདེན་པར་མེད་པར་མ་ཟད། སེམས་ཙམ་པ་འདོད་པའི་རྣམ་པར་ཤེས་པ་དེ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དཔེར་ན་ནམ་མཁའི་པདྨ་བཞིན་ཞེས་པས་ཀུན་རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་བ་དང་མཐུན་པའི་དབུ་མ་དང༌། གློ་བུར་གྱི་དྲི་མས་སྟོང་བས་ཡོད་པའི་མཐའ་དང་བྲལ་ཞིང༌། རང་བཞིན་ཆོས་དབྱིངས་ཀྱིས་སྟོང་པ་མ་ཡིན་པས་མེད་པའི་མཐའ་དང་ཡང་བྲལ་ལ། ཡོད་མེད་གཞི་མཐུན་པ་འགལ་བས་གཉིས་ཡིན་གྱི་མཐའ་དང་བྲལ་བ་དང༌། དེ་བཀག་པ་གཉིས་མ་ཡིན་གྱི་མཐའ་དང་ཡང་བྲལ་བའོ་ཞེས་པས་དོན་ དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །གྲུབ་མཐའ་བཞི་སྟོན་པའི་ཚིགས་སུ་བཅད་པ་འདི་རྣམས། འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང༌། སྤྱན་རས་གཟིགས་ཀྱིས་མཛད་པའི་དྲི་མ་མེད་པའི་འོད་དང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང༌། ཛེ་ཏཱ་རིས་མཛད་པའི་བདེ་གཤེགས་གཞུང་གི་རབ་བྱེད་རྣམས་ལས་མཐུན་པར་གསུངས་སོ། ། (གཉིས་པ་)ཤེས་ནས་སྒྲུབ་ཚུལ་ནི། འཇིག་རྟེན་ཐ་མལ་པ་བདག་དང་བདག་གིར་འཛིན་པ་རྣམས་དང༌། ཉན་ཐོས་འཕགས་པ་གང་ཟག་གི་བདག་མེད་རྟོགས་པ་རྣམས་དང༌། ཞི་བ་མཐའ་གཅིག་ཏུ་སྤྱོད་པའི་རང་སངས་རྒྱས་གང་ཟག་དང་ཆོས་ཀྱི་ཕྱེད་གཟུང་བ་མེད་པར་རྟོགས་པ་རྣམས་དང༌། བློ་ལྡན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀ་མེད་པར་རྟོགས་པ་རྣམས་དང༌། རང་བྱུང་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མཁྱེན་པ་རྣམས་གནས་ལུགས་འཇལ་བའི་ཤེས་རབ་ཀྱི་བློ་གོང་ནས་གོང་དུ་ཕྲ་ཞིང་ཟབ་ལ་མཆོག་ཏུ་གྱུར་བ་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྲ་ཞིང་ཟབ་པ་དང་ཆོས་མཚུངས་པས། ཤེས་རབ་སྔ་མ་རགས་ཤིང་དམན་པར་གྱུར་པ་རྣམས་རིམ་གྱིས་སྤངས་ནས། ཤེས་རབ་ཕྱི་མ་ཕྲ་ཞིང་མཆོག་ཏུ་གྱུར་པ་རྣམས་བསྒྲུབ་པར་བྱ་སྟེ། རྒྱུད་བླ་མར། འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེ་ནི་རྣམ་པ་ལྔ། །ཞེས་པ་ལྟར་རོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་རབ་ནི་མཚན་མོ་མུན་ཁུང་དུ་ལག་ནོམ་གྱི་དངོས་པོ་ཚོལ་བ་དང་འདྲ་ལ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་ནི་མུན་པ་འཐུག་པོས་ཁེབ་པའི་ཕུག་ཏུ་སྒྲོན་མེ་ཕྲ་མོ་ལ་བརྟེན་ནས་དངོས་པོ་ཚོལ་བ་དང་འདྲ་ཞིང༌། སྙིང་རྗེ་ཅན་ཐེག་ཆེན་པ་རྣམས་ཀྱི་ཤེས་རབ་ནི་ཉིན་པར་ཉི་མའི་སྣང་བ་ལ་དངོས་པོ་རྣམས་མངོན་སུམ་མཐོང་བ་དང་འདྲ་བས། གང་ཟག་གི་བློ་ཁྱད་ཤེས་པའི་སྒོ་ནས་གོང་མ་མཆོག་ཏུ་གྱུར་པའི་ཤེས་རབ་བསྒྲུབ་པར་བྱ་སྟེ། རྒྱན་ལས། ཇི་ལྟར་མཚན་མོ་ལག་ནོམ་དང༌། །ཁེབས་སྒྲོན་ཇི་བཞིན་ཤེས་རྣམ་གསུམ། །སྙིང་རྗེ་ཅན་གྱི་ཤེས་རབ་ནི། །ཉི་མའི་འོད་བཞིན་མཚུངས་པ་མེད། །ཅེས་པ་ལྟར་རོ། །ཁྱད་པར་དུ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། སངས་རྒྱས་ཆོས་ནི་རྣམ་པར་བཞིར། །ཡིད་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པས་དེ་ཉིད་སྒྲུབ་པ་འོ། །ཞེས་པ་ལྟར། ནང་པའི་ཆོས་རྣམས་ཀྱང་གྲུབ་མཐའ་བཞི་ལ་བརྟེན་ནས་བསྟན་པ་ལྟར་ཤེས་ནས་རིམ་གྱིས་མཆོག་ཏུ་གྱུར་པ་རྣམས་བསྒྲུབ་པར་བྱའོ། །དེ་ཡང་སེམས་ཙམ་ལ་བརྟེན་ནས་ཉན་ཐོས་པ་འདོད་པའི་ཕྱི་རོལ་གྱི་དོན་བདེན་པ་དགག་ཅིང༌། སྣང་མེད་དབུ་མ་ལ་བརྟེན་ནས་སེམས་ཙམ་དུ་བདེན་པའང་བཀག་ལ། སྣང་བཅས་དབུ་མ་ལ་བརྟེན་ནས་སྣང་མེད་ཀྱང་བཀག་པའི་ཆོས་ཀྱི་དབྱིངས་མུ་བཞིའི་སྤྲོས་པ་དང་བྲལ་བ་རྟོགས་པར་བྱ་སྟེ། ལང་ཀར་གཤེགས་པར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་ལ་བརྟེན་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱ༑ ༑ཡང་དག་དམིགས་ལ་བརྟེན་ནས་སུ། །སྣང་མེད་ལས་ཀྱང་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པས། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་པ་ལྟར་རོ། ། ༣ སྟོང་ཉིད་ཤེས་པའི་ཤེས་རབ། (གསུམ་པ་)སྟོང་ཉིད་ཤེས་པའི་ཤེས་རབ་ལ། (གཉིས་ལས་དང་པོ་)མདོར་བསྟན་ནི། དབུས་དང་མཐའ་རྣམ་པར་འབྱེད་པར། སྟོང་པ་ཉིད་དེ་མདོར་བསྡུ་ན། །མཚན་ཉིད་དང་ནི་རྣམ་གྲངས་དང༌། །དེ་ཡི་དོན་དང་དབྱེ་བ་དང༌། །སྒྲུབ་པ་དག་སྟེ་ཤེས་པར་བྱ། །ཞེས་པ་ལྟར་རོ། ། (གཉིས་པ་)རྒྱས་བཤད་ལ། (ལྔའི་དང་པོ་)མཚན་ཉིད་ནི། ཀུན་རྫོབ་གཟུང་བ་དང་འཛིན་པས་སྟོང་ཞིང༌། དོན་དམ་ཆོས་ཀྱི་དབྱིངས་སྟོང་པ་མ་ཡིན་པས་ཡོད་མེད་ཀྱི་མཐའ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་དང༌། ཆོས་ཉིད་སྟོང་ཉིད་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་པས་ཐ་དད་པ་མ་ཡིན་ཞིང༌། ཆོས་ཉིད་འདུས་མ་བྱས་དང་ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པ་ཡང་མ་ཡིན་པའི་ཕྱིར། དེ་ཉིད་དང་གཞན་ལས་རྣམ་པར་གྲོལ་བའི་མཚན་ཉིད་ཅན་ཏེ། གཉིས་དངོས་མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཡོད་པ་མ་ཡིན་མེད་པའང་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །ཞེས་པ་ལྟར་རོ། ། (གཉིས་པ་)རྣམ་གྲངས་ནི། སྟོང་པ་ཉིད་ལ་མིང་གི་དབྱེ་བ་མཐའ་ཡས་པ་ཡོད་ཀྱང་མདོར་བསྡུ་ན་དེ་བཞིན་ཉིད་ལ་སོགས་པ་ལྔ་སྟེ། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་པ་ལྟར་རོ། ། (གསུམ་པ་ )དེའི་དོན་ནི། ནམ་ཡང་གཞན་དུ་མི་འགྱུར་བའི་ཆ་ནས་དེ་བཞིན་ཉིད་དང༌། ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཆ་ནས་ཡང་དག་པའི་མཐའ་དང༌། སྤྲོས་པའི་མཚན་མ་ཐམས་ཅད་འགགས་པའི་ཆ་ནས་མཚན་མ་མེད་པ་དང༌། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཆ་ནས་དོན་དམ་པ་དང༌། འཕགས་པའི་ཆོས་ཐམས་ཅད་དེ་ལ་དམིགས་ནས་འབྱུང་བའི་རྒྱུ་ཡིན་པའི་ཆ་ནས་ཆོས་ཀྱི་དབྱིངས་ཞེས་བྱ་བ་སྟེ། གཞན་མིན་ཕྱིན་ཅི་མ་ལོག་དང༌། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང༌། །འཕགས་པའི་ཆོས་ཀྱི་རྒྱུ་ཡི་ཕྱིར། །རྣམ་གྲངས་དོན་ཏེ་གོ་རིམ་བཞིན། །ཞེས་པ་ལྟར་རོ། ། (བཞི་པ་)དབྱེ་བ་ནི། ཀུན་ནས་ཉོན་མོངས་པ་དང་བཅས་པ་འཁོར་བའི་གནས་སྐབས་ན་དྲི་བཅས་དེ་བཞིན་ཉིད་དང༌། རྣམ་པར་དག་པ་མྱ་ངན་ལ་འདས་པའི་གནས་སྐབས་ན་དྲི་མེད་དེ་བཞིན་ཉིད་ཅེས་བྱ་བ་གཉིས་སུ་ཡང་འབྱེད་ལ། དྲི་བཅས་དྲི་མེད་དུ་འགྱུར་ཡང་ངོ་བོ་ནི་གཞན་དུ་མི་འགྱུར་བ་སྟེ། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་པ་ལྟར་རོ། །ཡང་རྒྱས་པར་ཕྱེ་ན། སྟོང་པ་ཉིད་བཅུ་དྲུག་ནི། ནང་དང་ཕྱི་དང་ཕྱི་ནང་ཆེན་པོ་དང༌། །སྟོང་ཉིད་དོན་དམ་འདུས་བྱས་འདུས་མ་བྱས། །མཐའ་འདས་སོག་མཐའ་དོར་མེད་རང་བཞིན་དང༌། །རང་མཚན་ཆོས་ཀུན་དངོས་མེད་ངོ་བོ་ཉིད། །ཅེས་བར་སྐབས་ཀྱི་སྡོམ་དུ་བྱས་ནས། ཟ་བ་པོ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ནང་སྟོང་བ་ཉིད་དང༌། བཟའ་བར་བྱ་བ་་་་་་་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་རྣམས་ཀྱི་སྟོང་པ་ནི་ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་གི་སྐྱེ་མཆེད་དེ་དག་གི་ལུས་སམ་ཁོག་པའི་སྟོང་པ་ནི་ཕྱི་ནང་སྟོང་པ་ཉིད་དང༌། གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོའི་སྟོང་པ་ནི་ཆེན་པོ་སྟོང་པ་ཉིད་དང༌། ནང་གི་སྐྱེ་མཆེད་ལ་སོགས་པ་དེ་ཡང་གང་གི་སྟོང་པར་མཐོང་ཞིང་ཤེས་པའི་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དང༌། ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ནི་དོན་དམ་པ་སྟོང་པ་ཉིད་དང༌། བྱང་ཆུབ་སེམས་དཔས་བསྒྲུབ་པར་བྱ་བ་ལམ་གྱི་དགེ་བ་འདུས་བྱས་ཀྱི་སྟོང་པ་ནི་འདུས་བྱས་སྟོང་པ་ཉིད་དང༌། མྱ་ངན་ལས་འདས་པའི་དགེ་བ་འདུས་མ་བྱས་ཀྱི་སྟོང་པ་ནི་འདུས་མ་བྱས་སྟོང་པ་ཉིད་དང༌། ཕན་གདགས་པར་བྱ་བའི་སེམས་ཅན་མཐའ་ཡས་པའི་སྟོང་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང༌། བློས་མི་གཏང་བར་བྱ་བ་འཁོར་བ་ཐོག་མཐའ་མེད་པའི་སྟོང་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། ལྷག་མེད་ཀྱི་མྱང་འདས་སུ་ཡང་དགེ་བ་མི་ཟད་པར་བྱ་བའི་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་དང༌། རིགས་རང་བཞིན་གྱིས་རྣམ་པར་དག་པ་དྲི་མས་ཀྱང་དག་པར་བྱ་བའི་སྟོང་པ་ནི་རང་བཞིན་སྟོང་པ་ཉིད་དང༌། ཐོབ་པར་བྱ་བ་མཚན་དང་དཔེ་བྱད་རྣམས་ཀྱི་རང་གི་མཚན་ཉིད་ཀྱི་སྟོང་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དང༌། དག་པར་བྱ་བ་སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པའི་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དང༌། དེ་ལྟར་སྟོང་པ་ཉིད་བཅུ་བཞི་པོ་རྣམས་ཀྱི་མཚན་ཉིད་མདོར་བསྡུས་ན། ཀུན་རྫོབ་གློ་བུར་གྱི་དྲི་མ་གང་ཟག་དང་ཆོས་ཀྱི་བདག་མཐའ་དག་གི་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དང༌། དོན་དམ་ཆོས་ཀྱི་དབྱིངས་བདག་མཐའ་དག་གིས་སྟོང་པ་དེའི་ངོ་བོར་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། ཟ་པོ་བཟའ་བ་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམ་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔས་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །ཞེས་པ་ལྟར་རོ། ། (ལྔ་པ་)སྒྲུབ་ཚུལ་ནི། གལ་ཏེ་གཉེན་པོ་མ་བསྒོམས་ཀྱང་ཉོན་མོངས་པ་མེད་པར་འགྱུར་ན་ལུས་ཅན་རྣམས་འབད་མེད་དུ་གྲོལ་བར་འགྱུར་ཞིང༌། ཅི་སྟེ་གཉེན་པོ་བསྒོམས་ཀྱང་རྣམ་པར་དག་པར་མི་འགྱུར་ན། ཐར་པའི་དོན་དུ་འབད་པ་དོན་མེད་པར་འགྱུར་བས། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་མངོན་སུམ་དུ་འགྱུར་བར་བྱེད་པ་ལ། ཆོས་ཅན་གློ་བུར་གྱི་དྲི་མ་རྣམས་རྣམ་པར་སྦྱང་བའི་ཆེད་དུ། སྟོང་ཉིད་ཟབ་མོ་རྟོགས་ནས་བསྒོམ་པ་ལ་འབད་པར་བྱ་སྟེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པར་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །ཞེས་པ་ལྟར་རོ། །དེ་ཡང་ཀུན་བརྟགས་གང་ཟག་དང་ཆོས་ཀྱི་བདག་ཏུ་བརྟགས་པའི་ཆ་དོན་ལ་ཅིའང་མེད་པ་ལ་མེད་པར་ཤེས་པ་དང༌། གཞན་དབང་རྟོག་བྱེད་ཀྱི་ཤེས་པ་རྒྱུ་རྐྱེན་ལ་རག་ལས་པ་སྣང་ཙམ་དུ་ཡོད་ཀྱང་དེ་བཞིན་དུ་ཡོད་པ་མ་ཡིན་པར་ཤེས་པ་དང༌། ཡོངས་གྲུབ་ཆོས་ཉིད་འགྱུར་བ་མེད་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་རྣམ་པར་དག་པ་ཞེས་བྱ་སྟེ། རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པར་དེ་བརྗོད་དོ། །ཞེས་པ་ལྟར་རོ༑ ༑དེས་ན་སྟོང་པ་ཉིད་ཀྱི་དོན་ནི་ཀུན་རྫོབ་གློ་བུར་གྱི་དྲི་མ་ཉོན་མོངས་པ་རྣམས་དཔྱད་ན་བདེན་པར་མེད་པ་ལ་དགོངས་པ་ཡིན་གྱི། དོན་དམ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་གཏན་ནས་མེད་པ་མ་ཡིན་ཏེ། ཆོས་དབྱིངས་བསྟོད་པར། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་(སམ་དབྱིངས་)དེ་ཉམས་པར་བྱེད་མ་ཡིན། །ཞེས་པ་ལྟར་རོ།