།དེའི་རྒྱུ་མཚན་འདི་ལྟར་འདི་ནས་ཤི་བའི་ཕུང་པོའང་མ་འོངས་པ་ལ་ལྟོས་ཏེ་གཞན་ཉིད་ཡིན་ལ་ཕྱི་མར་སྐྱེ་བའི་ཕུང་པོ་ཡང་ནི་ད་ལྟར་པ་ལ་ལྟོས་ཏེ་གཞན་ཉིད་ཡིན་པའི་ཕྱིར་རོ། །ཡང་གང་གི་ཚེ་མྱོང་བ་པོ་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་མྱོང་པ་པོ་དེ་ཉིད་ཀྱིས་སྲུང་གི་དེ་ལས་གཞན་གྱིས་མི་བསྲུང་བ་ཡིན་ན་རྐང་བའི་སྡུག་བསྔལ་ཡང་དེ་ལས་གཞན་ལག་པས་མྱོང་བ་མིན་པས། རྒྱུ་མཚན་ཅིའི་ཕྱིར་རྐང་པའི་སྡུག་བསྔལ་དེ་ནི་ལག་པ་དེས་བསྲུང་བར་བྱ་སྟེ། བསྲུང་བྱ་མིན་པར་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་རྐང་པའི་སྡུག་བསྔལ་ལག་པས་མི་ཀ྄མྱོང་བས་ཏ྄བསྲུང་བར་རིགས་པ་མིན་ཡང་ཡན་ལག་ཚོགས་པའི་ལུས་འདི་ལ་བདག་གཅིག་ཏུ་འཛིན་པའི་བློ་ཡུན་རིང་དུ་གོམས་པས་བསྲུང་བ་ལ་འཇུག་ཅེ་ན་དེ་ལྟ་ན་བདག་དང་གཞན་གྱི་མི་རིགས་པའམ་སྡུག་བསྔལ་གང་ཡིན་པ་དེ་བདག་གིས་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་ཏེ། ཡུན་རིང་དུ་གོམས་པ་ལས་བསྲུང་བར་འདོད་པའི་བློ་སྐྱེ་བའི་ཕྱིར་རོ། །ཡང་ན་ལུས་ལ་བདག་གཅིག་ཏུ་འཛིན་པའི་བློ་དེ་ནི་སྤང་བར་བྱ་བ་ཡིན་ཏེ་མི་རིགས་པའི་ཕྱིར་དང་བདག་དང་གཞན་གྱི་མི་རིགས་པ་གང་ཡིན་པ་དེ་ཡང་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་དང་སེམས་ཀྱི་རྒྱུད་དང་ལུས་ཀྱི་ཚོགས་པ་མི་གཅིག་པས་མི་བསྲུང་ལ། རང་གི་ཚེ་སྔ་ཕྱིའི་སེམས་ཀྱི་རྒྱུད་གཅིག་པས་མ་འོངས་པའི་སྡུག་བསྔལ་ཡང་ད་ལྟ་ནས་སྲུང་ཞིང་ཚེ་འདིའི་ལུས་ཀྱི་ཚོགས་པ་གཅིག་པས་རྐང་པའི་སྡུག་བསྔལ་ཡང་ལག་པས་སྲུང་ངོ་སྙམ་ན། ཤེས་པ་སྐད་ཅིག་དུ་མ་རིམ་གྱིས་འབྱུང་བའི་རྒྱུད་ཅེས་བྱ་བ་དང༌། རྐང་ལག་ལ་སོགས་པའི་ཡན་ལག་དུ་མ་འདུས་པའི་ཚོགས་པ་ཞེས་བྱ་བ་ནི་དཔེར་ན་གྲོག་མ་སྔ་ཕྱི་འབྲེལ་མ་ཆད་པར་འགྲོ་བ་ལ་གྲོག་མའི་ཕྲེང་བ་ཞེས་བཏགས་པ་དང༌། གླང་པོ་ཆེ་དང་རྟ་བ་དང་རྐང་ཐང་དུ་མ་འདུས་པ་ལ་དམག་ཅེས་བཏགས་པ་ལ་སོགས་པ་བཞིན་དུ་བརྫུན་པ་ཡིན་གྱི་གཅིག་ཏུ་བདེན་པར་གྲུབ་པ་མེད་དེ་རྫས་དུ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་སྡུག་བསྔལ་མྱོང་བ་ཅན་གྱི་བདག་གཅིག་པུ་གང་ཡིན་པ་དེ་བདེན་པར་མེད་པ་དེས་ན་མྱོང་བྱའི་སྡུག་བསྔལ་འདི་མྱོང་བ་པོ་སུ་ཞིག་གིས་དབང་དུ་བྱེད་པར་འགྱུར་ཏེ་སུ་ཡང་དབང་བར་མི་འགྱུར་རོ། །དེ་བས་ན་དོན་དམ་པར་སྡུག་བསྔལ་མྱོང་པ་པོའི་བདག་པོ་གཅིག་པུ་གྲུབ་པ་མེད་པར་ནི་རང་གཞན་ཐམས་ཅད་ལ་བྱེ་བྲག་མེད་པ་ཉིད་ཡིན་ལ། ཀུན་རྫོབ་ཙམ་དུ་རང་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་སྡུག་བསྔལ་དུ་མཚུངས་པ་ཡིན་པའི་ཕྱིར་བདག་གིས་དེ་དག་བསལ་བ་ལ་འབད་པར་བྱའོ། །རང་གི་སེལ་ལ་གཞན་གྱི་མི་སེལ་བའི་ངེས་པས་འདིར་ནི་ཅྀ་ཞིག་བྱ་སྟེ་ཅིའང་དགོས་པ་མེད་པས་བདག་གཞན་མཉམ་པ་ཉིད་དུ་སྒོམ་པར་རིགས་སོ། ། (གསུམ་པ་)དེ་དག་ལ་རྩོད་པ་སྤང་པ་ནི། སྡུག་བསྔལ་མྱོང་བ་པོའི་བདག་མེད་ན་རྒྱུ་མཚན་ཅིའི་ཕྱིར་སེམས་ཅན་ཀུན་གྱི་སྡུག་བསྔལ་ནི་བཟློག་པར་བྱ་ཞེས་འགའ་ཞིག་རྩོད་ན་དེ་ལྟར་བརྩད་དུ་མེད་དེ། དོན་དམ་པར་བདག་མེད་ཀྱང་ཀུན་རྫོབ་ཙམ་དུ་རྒྱང་འཕེན་པ་ལ་སོགས་པ་ཐམས་ཅད་སྡུག་བསྔལ་མྱོང་བར་མི་འདོད་པའི་སྒོ་ནས་བཟློག་པ་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་རང་གི་སྡུག་བསྔལ་མི་འདོད་པས་བཟློག་པར་བྱ་བ་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བཟློག་པར་བྱ་བར་མཚུངས་ལ། གཞན་གྱི་སྡུག་བསྔལ་བཟློག་པར་བྱ་བ་དེ་ལྟ་མིན་ན་བདག་གི་སྡུག་བསྔལ་ཉིད་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བཟློག་བར་བྱ་བ་མིན་པར་མཚུངས་སོ། །ཡང་སྡུག་བསྔལ་ཐམས་ཅད་བཟློག་པར་བྱ་བ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་སྙིང་རྗེ་ལ་བསྟེན་ནས་དཀའ་བ་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་མང་པོ་འཕེལ་བར་འགྱུར་པས། རྒྱུ་མཚན་ཅིའི་ཕྱིར་སྙིང་རྗེ་ལ་བརྟེན་པའི་སྡུག་བསྔལ་ནན་གྱིས་སྐྱེད་ཅེ་ན། འགྲོ་བ་མཐའ་ཡས་པའི་ངན་སོང་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་བསམ་པར་བྱས་ན་ཇི་ལྟར་སྙིང་རྗེ་ལ་བརྟེན་པའི་སྡུག་བསྔལ་མང་སྟེ་མང་པ་ཉིད་དུའང་མ་གྲུབ་ཅིང༌། གལ་ཏེ་མང་ཡང་སྐྱེས་བུ་སྙིང་རྗེ་ཅན་གཅིག་གི་སྡུག་བསྔལ་གཅིག་གིས་ནི་སེམས་ཅན་དུ་མའི་སྡུག་བསྔལ་མང་པོ་མེད་པར་འགྱུར་ན། བརྩེ་བ་དང་ལྡན་པའི་གང་ཟག་དམ་པས་དོན་ཆེན་པོ་དང་ལྡན་པའི་སྡུག་བསྔལ་དེ་རང་དང་གཞན་མང་པོ་ལ་ཕན་དོན་དུ་འབད་པས་བསྐྱེད་པར་བྱ་བ་ཉིད་ཡིན་ནོ། །ཕན་པའི་སྡུག་བསྔལ་བསྐྱེད་བྱ་ཡིན་པ་དེས་ན་བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་མངོན་པར་ཤེས་པས་རྒྱལ་པོས་རང་ཉིད་གསོད་པར་འགྱུར་བའི་གནོད་པ་ཤེས་ཀྱང་ནི། བདག་གི་སྡུག་བསྔལ་གཅིག་པོ་དེ་མ་བསལ་ཞིང་ཁྱད་དུ་བསད་དེ་སེམས་ཅན་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བར་བྱ་བའི་ཕྱིར་སྙིང་རྗེས་སྡུག་བསྔལ་དང་དུ་བླང་བ་ལྟ་བུ་སྟེ། དེ་ཡང་འདས་པའི་དུས་སུ་སངས་རྒྱས་རིན་ཆེན་བླ་མ་ཟླ་བ་རྣམ་དག་མངོན་འཕགས་རྒྱལ་པོ་ཞེས་བྱ་བའི་བསྟན་པ་ནུབ་ཏུ་ཉེ་བ་ན། ཕོ་བྲང་རིན་ཆེན་ལྡན་ཞེས་བྱ་བར་རྒྱལ་པོ་དཔས་ཕྱིན་ལ་སོགས་པ་ལོག་པའི་ལྟ་བས་ཟིན་པར་གྱུར་ནས། མེ་ཏོག་ཟླ་མཛེས་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཁྲོད་དུ་བསྐྲད་པར་གྱུར་པ་ལས་སེམས་དཔའ་ཆེན་པོ་དེས་རང་གི་སྲོག་གི་བར་ཆད་འགྱུར་བར་མཁྱེན་བཞིན་དུ་རྒྱལ་པོའི་ཕོ་བྲང་དུ་བྱོན་ནས་ཆོས་བསྟན་པས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཕྱིར་མི་ལྡོག་པ་ལ་བཀོད་པ་དང༌། རྒྱལ་པོས་གཤེད་མ་དགའ་བྱེད་ལ་བསྒོ་ནས་དེའི་ཕྱག་དང་ཞབས་ལ་སོགས་པ་རིམ་གྱིས་བཅད་ཅིང་སྤྱན་གཉིས་ཀྱང་སྐམ་པས་ཕྱུང་སྟེ་བཀྲོངས་པ་ན། སྐུ་ལས་ངོ་མཚར་བའི་ལྟས་དུ་མ་བྱུང་བས་རྒྱལ་པོ་འགྱོད་པས་གདུངས་ནས་གསོལ་བ་བཏབ་པར་ཏིང་ངེ་འཛིན་རྒྱལ་པོ་ལས་གསུངས་པ་ལྟར་རོ། ། (བཞི་པ་)ཕན་ཡོན་ནི། གོང་དུ་བསྟན་པ་དེ་ལྟར་རྒྱུད་ནི་གཞན་ཕན་ལ་གོམས་པར་གྱུར་པ་ན་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མཐའ་དག་ཞི་བ་ལ་མངོན་པར་དགའ་བས་དཔེར་ན་མེ་ཏོག་པདྨ་མང་པོས་བརྒྱན་པའི་མཚོ་ཡིད་དུ་འོང་བ་ལ་ངང་བ་རྣམས་སྤྲོ་བས་འཇུག་པ་ལྟར་མནར་མེད་པའི་དམྱལ་བར་ཡང་གཞན་དོན་ལ་སྤྲོ་བས་འཇུག་ནུས་པར་འགྱུར་ཏེ། རྒྱན་ལས། བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་བ་གང༌། །དེ་ལ་དང་པོ་ཀུན་ཏུ་སྐྲག །རེག་ནས་ཤིན་ཏུ་མངོན་དགར་འགྱུར། །ཞེས་པ་ལྟར་རོ། །སྙིང་རྗེ་ལ་བརྟེན་ནས་སེམས་ཅན་རྣམས་ལ་ནི་ཕན་བཏགས་པ་ལས་རྣམས་པར་གྲོལ་བ་ཐོབ་པ་ན་དགའ་བའི་ཁྱད་པར་རྒྱ་མཚོ་ལྟར་ཟབ་ཡངས་སྐྱེས་པ་གང་ཡིན་པ་དེ་ཉིད་ཀྱིས་ནི་བདག་ལ་ཆོག་པ་མིན་ནམ་སྟེ་ཡིན་ལ། རང་ཉིད་གཅིག་པུ་ཞི་བདེ་དང་ལྡན་པའི་ཐར་བར་འདོད་པས་ཅི་ཞིག་བྱ་སྟེ་ཅི་ཡང་དགོས་པ་མེད་དོ། །རང་དོན་ལ་ལྟོས་པ་མེད་པ་དེ་ལྟ་བུས་གཞན་གྱི་དོན་འབའ་ཞིག་བྱས་ཀྱང་བདག་གིས་གཞན་དོན་ཕུན་སུམ་ཚོགས་པ་བྱས་སོ་སྙམ་པའི་རློམ་སེམས་དང་ནི་ངོ་མཚར་དུ་འཛིན་པའང་མེད་ལ། མཐའ་གཅིག་ཏུ་གཞན་གྱི་དོན་ཁོ་ན་ལ་མངོན་པར་དགའ་བས་ཕྱི་མ་ལ་རྣམ་སྨིན་གྱི་འབྲས་བུ་རང་དོན་དུ་འཇིག་རྟེན་པའི་མངོན་པར་མཐོ་བ་ལ་རེ་བའང་མེད་དོ། ། ༣ དེས་ན་བསྒོམ་པར་གདམས་པ། (གསུམ་པ་)གདམས་པ་ནི། བདག་གཞན་ཁྱད་པར་མེད་པ་དེ་བས་ན་ཇི་ལྟར་ཆུང་ངུའམ་ཐ་ན་གནོད་པའི་ཁྱད་པར་ཚིག་མི་སྙན་པ་ཙམ་ལས་ཀྱང་བདག་ཉིད་བསྲུང་བར་ཕྱེད་པ་དེ་བཞིན་དུ་སེམས་ཅན་གཞན་ཐམས་ཅད་ལའང་བསྲུང་ཞིང་བསྐྱང་བར་འདོད་པའི་སེམས་དང་སྙིང་རྗེས་ཕན་པར་འདོད་པའི་སེམས་ནི་དེ་ལྟར་མཉམ་པ་ཉིད་དུ་གོམས་པར་བྱའོ། །དཀའ་ཡང་ཡུན་རིང་དུ་གོམས་པར་གྱུར་པ་ཡིས་ནི་གཞན་ཕ་དང་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ཡོངས་སུ་སྨིན་པ་ལ་བདག་གི་དངོས་པོ་བདེན་པར་གྲུབ་པ་མེད་པར་གྱུར་ཀྱང་ནི་བདག་གི་ལུས་འདི་དག་གོ་ཞེས་ནི་ཤེས་ཤིང་འཛིན་པ་ལྟར་དེ་བཞིན་དུ་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་ཡང་རིམ་གྱིས་གོམས་པར་བྱས་ནས་བདག་གི་ལུས་སོ་ཞེས་ཅི་ཡི་ཕྱིར་མི་གཟུང་སྟེ་གཟུང་བར་རིགས་སོ། ། ❷ བདག་གཞན་བརྗེ་བ་བསྒོམ་པ། (གཉིས་པ་)བདག་གཞན་བརྗེ་བ་བསྒོམ་པ་ལ། རྒྱུ་མཚན་མདོར་བསྟན། རྒྱས་པར་བཤད་པ། ཇི་ལྟར་བརྗེ་ཚུལ། བརྗེས་ནས་བསྒྲུབ་ཚུལ་ལོ། ། (༡) རྒྱུ་མཚན་མདོར་བསྟན་པ། དང་པོ་ནི། དེ་ལྟར་བདག་གཞན་མཉམ་པ་གོམས་ནས་བདག་གི་ལས་བདེ་བ་དང་ལྡན་པར་སྣང་བ་འདི་གཞན་གྱི་ལུས་སྡུག་བསྔལ་དང་ལྡན་པའི་ཚ་བ་དག་དུའང་བློས་གཞག་པ་དེ་ལྟར་དཀའ་བ་མེད་དེ་གོམས་པ་ལ་བརྟེན་ནས་བརྗེ་བར་ཡང་ནུས་པའི་ཕྱིར་རོ། །དེའང་སྔར་བདག་ཡོན་ཏན་དང་ལྡན་པར་བཟུང་ནས་ཆགས་པ་དང༌། གཞན་སྐྱོན་དང་ལྡན་པར་བཟུང་ནས་སྡང་བ་ལ་སོགས་པའི་གཉེན་པོར་བདག་ཉིད་ལ་གཞན་གྱི་སྐྱོན་དང་བཅས་པ་དང་གཞན་ལ་ཡང་བདག་གི་ཡོན་ཏན་གྱི་རྒྱ་མཚོ་དང་ལྡན་པར་ཤེས་པར་བྱས་ནས་བདག་ཉིད་མཆོག་ཏུ་འཛིན་པ་ཡོངས་སུ་དོར་ཏེ་གཞན་དུ་བྱ་བ་དང་གཞན་རྣམས་བདག་ཏུ་བཟུང་སྟེ་བླང་བར་བྱ་བ་ནི་རབ་ཏུ་འབད་པས་བསྒོམ་པར་བྱ་བ་ཉིད་དོ། ། (༢) རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། གཞན་གྱི་སྡུག་བསྔལ་བླང་ཚུལ། བདག་ཉིད་གཞན་ལ་གཏོང་ཚུལ། བདག་གཞན་གཙོ་བོའི་སྐྱོན་ཡོན། མ་བརྗེས་པ་ཡི་ཉེས་དམིགས། རྩ་བ་བདག་འཛིན་སྤང་ཚུལ་ལོ། ། ⑴ གཞན་གྱི་སྡུག་བསྔལ་བླང་ཚུལ། དང་པོ་ལ་གསུམ་ལས། (དང་པོ་)རྒྱུ་མཚན་བསམས་ཏེ་བསྒོམ་ཚུལ་ནི། སེམས་ཅན་མང་པོ་དང་བདག་གཅིག་པུ་ཇི་ལྟར་བརྗེ་བར་ནུས་སྙམ་ན། དཔེ་ཇི་ལྟར་ན་ལག་པ་དང་རྐང་པ་ལ་སོགས་པས་ཕྱེ་ན་མང་པོ་ཡིན་ཡང་ལུས་ཞེན་པ་ཚོགས་པ་གཅིག་གི་ཡན་ལག་གམ་ཆ་ཤས་སུ་མཐུན་པ་ཡིན་པར་འདོད་པ་ལྟར། དོན་དེ་བཞིན་དུ་འགྲོ་བ་མཐའ་དག་ལ་བདག་དུ་བཟུང་བའི་ཆ་ཤས་སམ་ཡན་ལག་ཏུ་ཅིའི་ཕྱིར་ལུས་ཅན་རྣམས་མི་འདོད་དེ་འདོད་དགོས་པས་མང་པོ་དང་བརྗེ་བར་ནུས་སོ། །དེའང་རིམ་གྱིས་གོམས་པ་ལས་འབྱུང་སྟེ་དཔེ་ཇི་ལྟར་ན་བདག་བདེན་པར་གྲུབ་པ་མེད་པའི་ལུས་འདི་ལ་ཡང་ཐོག་མ་མེད་པ་ནས་གོམས་པར་གྱུར་པས་བདག་གི་ལུས་སོ་སྙམ་པའི་བློ་ངང་གིས་འབྱུང་བ་ལྟར། དོན་དེ་བཞིན་དུ་སེམས་ཅན་གཞན་ཐམས་ཅད་ཀྱི་ལུས་ལ་ཡང་རིམ་གྱིས་གོམས་པར་བྱས་ན་བདག་གོ་སྙམ་པའི་བློ་ཅིས་མི་སྐྱེ་སྟེ་ཅིས་ཀྱང་སྐྱེ་བའི་ཕྱིར་རོ། །གཞན་ཐམས་ཅད་ལ་བདག་གི་བློ་སྐྱེས་པ་དེ་ལྟ་ན་ནི་བྱང་ཆུབ་སེམས་དཔས་གཞན་གྱི་དོན་འབའ་ཞིག་བྱས་ཀྱང་ངོ་མཚར་དུ་འཛིན་པ་དང་སེམས་ཁེངས་པའི་རློམ་པ་མི་འབྱུང་སྟེ། དཔེར་ན་བདག་ཉིད་ཀྱིས་ནི་ཟས་ཟོས་ན་གཞན་གྱིས་ལན་སྟེར་པ་ལ་རེ་བ་མི་འབྱུང་བ་བཞིན་ནོ། ། (གཉིས་པ་)ཆུང་ངུ་ཉིད་ནས་བསྒོམ་ཚུལ་ནི། གོམས་པས་བརྗེ་བར་ནུས་པ་དེ་བས་ན་ཇི་ལྟར་ཆུང་ངུའམ་ཐ་ན་གནོད་པའི་ཁྱད་པར་ཚིག་མི་སྙན་པ་ཙམ་ལས་ཀྱང་བདག་ཉིད་སྲུང་བར་བྱེད་པ་དེ་བཞིན་དུ་ཞེས་པའམ། རྒྱ་དཔེ་དང་འགྲེལ་ཆེན་ལྟར་ན། དེ་བས་ཇི་ལྟར་ལུས་ཀྱི་གདུང་བ་དང་སེམས་ཀྱི་མྱ་ངན་ལ་སོགས་པ་ལས་བདག་བསྲུང་བར་འདོད་པ་དེ་བཞིན་དུ་འགྲོ་བ་ཐམས་ཅད་ལའང་བསྲུང་ཞིང་བསྐྱང་བར་འདོད་པའི་སེམས་དང་སྙིང་རྗེས་ཕན་པར་འདོད་པའི་སེམས་ནི་རིམ་གྱིས་གོམས་པ་ཉིད་དུ་བྱའོ། །གཞན་གྱི་གནོད་པ་ཆུང་ངུའང་བསྲུང་དགོས་པ་དེ་བས་ན་མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པས་འཁོར་བ་འཇིག་རྟེན་པ་མང་པོ་ཡི་འཇིགས་པ་ཆེན་པོ་སེལ་བར་ལྟ་ཞོག ཐ་ན་སྤོབས་པ་ཞན་པ་འགའ་ཞིག་འཁོར་གྱིས་བག་ཚ་བའི་འཇིགས་པའང་བསལ་བར་བྱ་བའི་ཕྱིར་དུ་རང་གི་མཚན་ཐོས་པ་ཙམ་ཡང་དོན་ཆེན་པོ་དང་ལྡན་པར་བྱིན་གྱིས་བརླབས་ཏེ། སྡོང་པོ་བཀོད་པར་བདག་གི་མིང་ལན་གསུམ་དྲན་པས་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་མེད་པར་གྱུར་ཅིག ཅེས་པ་དང༌། འགྲེལ་ཆེན་དུ། སེམས་ཅན་འགའ་ཞིག་སེམས་འཕྱོས་པས་ཀྱང་བདག་གི་མིང་འཛིན་པར་བྱེད་ན། དེ་ལ་སྡུག་བསྔལ་རྣམ་པ་ཐམས་ཅད་དུ་མི་འབྱུང་ངོ༌། །ཐ་ན་འཁོར་གྱིས་འཇིགས་ཤིང་སྐྲག་པ་ཙམ་ཡང་འབྱུང་བར་མི་འགྱུར་བར་ངས་བྱིན་གྱིས་བརླབས་སོ་ཞེས་དྲངས་པ་ལྟར་རོ། ། (གསུམ་པ)དཀའ་ཡང་དོན་གཉིས་འགྲུབ་ཚུལ་ནི། བདག་ཉིད་གཞན་དུ་བཞག་པ་ནི་ཤིན་ཏུ་དཀའོ་སྙམ་ན། དེ་ཙམ་རྒྱུ་མཚན་དུ་བྱས་པ་ལས་ཕྱིར་ལྡོག་པར་མི་བྱ་སྟེ་འདི་ལྟར་རིམ་གྱིས་གོམས་པར་བྱས་པའི་མཐུ་ཡིས་ནི། དང་པོ་མ་འདྲིས་པའི་དུས་སུ་བྱང་ཆུབ་ཀྱི་སྤྱོད་པ་ལ་སོགས་པ་གང་གི་མིང་ཐོས་པ་ཙམ་གྱིས་འཇིགས་པར་འགྱུར་བ་ཡང་ཕྱིས་འདྲིས་པའི་དུས་སུ་དེ་ཉིད་མེད་ན་མི་དགའ་བར་འགྱུར་བ་འབྱུང་བའི་ཕྱིར་རོ། །དེ་བས་ན་སྐྱེས་བུ་དམ་པ་གང་ཞིག་བདག་ཉིད་དང་སེམས་ཅན་གཞན་རྣམས་ནི་ཐམས་ཅད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་མྱུར་དུ་སྐྱོབ་པར་འདོད་པ་དེས་ནི་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་ལྟོས་པ་མེད་པ་ཉིད་དུ་བརྗེ་བར་བྱ་བ་ཐེག་པ་དམན་པ་རྣམས་ལ་ཤིན་ཏུ་གསང་བའི་བྱང་ཆུབ་ཀྱི་སྤྱོད་པ་དམ་པ་རྒྱུན་དུ་སྤྱད་པར་བྱའོ། ། ⑵ བདག་ཉིད་གཞན་ལ་གཏོང་ཚུལ། (གཉིས་པ་) བདག་ཉིད་གཞན་ལ་གཏོང་ཚུལ་ལ་གཉིས་ལས། (དང་པོ་)ཚེ་འདིའི་འཇིགས་པ་བསམས་ཏེ་གཏང་ཚུལ་ནི། བདག་འཛིན་མ་སྤངས་ན་བདག་གི་ལུས་གང་ལ་ཆགས་ཤིང་ཞེན་པར་གྱུར་པ་ཡིས་འཇིགས་པའི་གནས་ཆུང་ངུུ་ལའང་གྲིབ་མ་ལ་འདྲེར་མཐོང་བ་ལ་སོགས་པའི་སྒོ་ནས་འཇིགས་པ་སྐྱེ་བར་ཡིན་ན། འཇིགས་པའི་གནས་ཆེན་པོ་ལ་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟར་འཇིགས་པ་སྣ་ཚོགས་སྐྱེ་བའི་གཞིར་གྱུར་པའི་ལུས་དེ་ལ་བློ་དང་ལྡན་པ་སུ་ཞིག་དགྲ་བོ་བཞིན་དུ་སྡང་བར་མི་བྱེད་དེ་སྡང་པའི་སྒོ་ནས་བཏང་བར་རིགས་ཀྱི། ཆགས་པའི་སྒོ་ནས་བསྲུང་བར་ནི་མི་རིགས་སོ། ། (གཉིས་པ་)ཕྱི་མའི་སྡུག་བསྔལ་བསམས་ཏེ་གཏང་ཚུལ་ནི། བདག་ཉིད་གཅེས་པར་འཛིན་པ་མ་སྤངས་ན་རང་གི་ལུས་གང་ཞིག་བཀྲེས་པ་དང་སྐོམ་པ་དང་གྲང་བ་དང་ཚ་བ་ལ་སོགས་པའི་ནད་རྣམས་གསོ་བའི་ཐབས་སམ་ཆོ་ག་བྱེད་པར་འདོད་པས་བཟའ་བ་དང་བཏུང་བ་དང་གོས་དང་སྨན་ལ་སོགས་པའི་ཆེད་དུ་བྱ་དང་ཉ་དང་རི་དྭགས་དང་བ་ལང་སོགས་པ་དག་ཀྱང་གསོད་པར་བྱེད་ཅིང༌། གཞན་ལ་འཚེ་བའི་དོན་དུ་ལམ་དུ་བསྒུག་ནས་ཆོམ་རྐུན་ལ་སོགས་པའང་བྱེད་ལ། བླུན་པོ་གང་ཞིག་བདག་གི་ཁེ་རྙེད་པ་དང་རིམ་གྲོ་བཀུར་སྟི་ཐོབ་པར་བྱ་བའི་ཕྱིར་དུ་འདི་དག་གསོན་ན་བདག་གི་རྙེད་བཀུར་གྱི་གེགས་བྱེད་དོ་སྙམ་ནས་ཡུལ་དམ་པ་ཕ་དང་མ་ཡང་གསོད་པར་བྱེད་ཅིང་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་གྱིས་དཀོར་རྣམས་ཀྱང་བརྐུས་ནས་ལས་ངན་དེས་ནི་ཕྱི་མར་མནར་མེད་ལ་སོགས་པའི་ངན་སོང་རྣམས་སུ་སྡུག་བསྔལ་གྱི་མེ་ཆེན་པོས་སྲེག་པར་འགྱུར་ན། མཁས་པ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་ལུས་དེ་ལ་དགའ་བས་འདོད་པར་བྱེད་ཅིང་བརྩེ་བས་སྲུང་ཞིང་སྐྱོང་བ་དང་རྙེད་པས་མཆོད་པར་བྱེད་དེ་བྱེད་པ་ནི་མི་རིགས་ཀྱི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ལུས་འདི་ལ་མཁས་པ་སུ་ཞིག་དགྲ་བོ་བཞིན་དུ་བལྟ་བར་མི་བྱེད་ཅིང་བརྙས་པར་མི་བྱེད་དེ་དགྲ་བཞིན་དུ་བལྟ་ཞིང་བརྙས་པའི་སྒོ་ནས་ལྟོས་མེད་དུ་གཞན་ལ་གཏང་པར་རིགས་སོ། ། ⑶ བདག་གཞན་གཙོ་བོའི་སྐྱོན་ཡོན། (གསུམ་པ་)བདག་གཞན་གཙོ་བོའི་སྐྱོན་ཡོན་ལ་གཉིས་ལས། (དང་པོ་)ཁྱད་པར་རྒྱས་པར་བཤད་པ་ནི། གལ་ཏེ་ཡོ་བྱད་རྣམས་གཞན་ལ་ཕྱིན་ན་བདག་ཅི་ཞིག་ལ་ལོངས་སྤྱད་པར་བྱ་ཞེས་གཞན་ལ་མི་ལྟོས་པར་བདག་ཉིད་གཅིག་པུའི་བདེ་བའི་དོན་སེམས་པ་ནི་འདྲེ་ཡི་ཚུལ་ཏེ་སེར་སྣའི་དབང་གིས་ཡི་དྭགས་དང་ཤ་ཟ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡོ་བྱད་བདག་གིས་ལོངས་སྤྱད་ན་གཞན་ལ་ཅི་ཞིག་སྦྱིན་པར་བྱ་ཞེས་རང་དོན་ལ་མི་ལྟོས་པར་གཞན་མང་པོའི་བདེ་བའི་དོན་སེམས་པ་ནི་ལྷ་ཡི་ཆོས་ཏེ་སྦྱིན་པའི་དབང་གིས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པར་འགྱུར་བའི་ཕྱིར་རོ། །བདག་གི་བདེ་བ་བསྒྲུབ་པའི་ཕྱིར་དུ་སེམས་ཅན་གཞན་གྱི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ན་དམྱལ་བ་ལ་སོགས་པར་གདུང་བ་དྲག་པོ་མྱོང་བར་འགྱུར་ཞིང༌། གཞན་ལ་ཕན་པ་བསྒྲུབ་པའི་ཕྱིར་དུ་བདག་གི་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱས་ན་གནས་སྐབས་དང་མཐར་ཐུག་གི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །བདག་ཉིད་འབའ་ཞིག་གཟུགས་དང་རིགས་དང་འཁོར་དང་ལོངས་སྤྱོད་ལ་སོགས་པས་མཐོ་བར་འདོད་པ་དེ་ནི་ཕྱི་མ་ལ་ངན་འགྲོ་དང་རིགས་ངན་པ་དང་གླེན་པ་ལ་སོགས་པར་སྐྱེ་བར་འགྱུར་ཞིང༌། རང་ལ་འདོད་པ་དེ་ཉིད་གཞན་ལ་སྤོ་བར་བྱས་ཏེ་ཕ་རོལ་པོ་མཐོ་བར་འདོད་ན་བདེ་འགྲོ་དང་བཀུར་སྟི་དང་རིམ་གྲོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །བདག་གི་བདེ་བ་བསྒྲུབ་པའི་དོན་དུ་སེམས་ཅན་གཞན་རྣམས་བཀོལ་ཞིང་སྤྱད་ན་ཕྱི་མ་ལ་བྲན་གཡོག་དང་རིགས་དམན་པ་དང་གཟུགས་མི་སྡུག་པ་ལ་སོགས་པ་མྱོང་བར་འགྱུར་ཞིང༌། སེམས་ཅན་གཞན་གྱི་བདེ་བ་བསྒྲུབ་པའི་དོན་དུ་བདག་ཉིད་བཀོལ་ཞིང་སྤྱད་ན་ཕྱི་མ་ལ་རྗེ་དཔོན་ཉིད་དང་རིགས་མཐོན་པོ་དང་གཟུགས་བཟང་བ་ལ་སོགས་པ་མྱོང་བར་འགྱུར་རོ། མདོར་ན་འཇིག་རྟེན་གྱི་བདེ་བ་དང་ལེགས་པ་ལ་སོགས་པའི་ཡོན་ཏན་གང་ཇི་སྙེད་པ་དེ་དག་ཀུན་ནི་གཞན་ཐམས་ཅད་བདེ་བར་འདོད་པ་ལས་བྱུང་བ་ཡིན་ཞིང་འཇིག་རྟེན་གྱི་སྡུག་བསྔལ་དང་ཉེས་པ་ལ་སོགས་པའི་སྐྱོན་གང་ཇི་སྙེད་པ་དེ་དག་ཀུན་ནི་རང་འབའ་ཞིག་བདེ་བར་འདོད་པ་ལས་བྱུང་བ་ཡིན་ནོ། ། (གཉིས་པ་)བསྡུས་ཏེ་དཔེ་དང་སྦྱར་བ་ནི། དེ་ལྟར་མང་དུ་རྒྱས་པར་བཤད་པ་ལྟ་ཅི་ཞིག་དགོས་ཏེ། མདོར་བསྡུ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་དོན་འབའ་ཞིག་བྱེད་པས་དེའང་མ་གྲུབ་པར་འཁོར་བར་སྡུག་བསྔལ་ཁོ་ན་ལ་ལོངས་སྤྱོད་པ་དང༌། ཐུབ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་གཞན་གྱི་དོན་འབའ་ཞིག་མཛད་པས་དོན་གཉིས་ཕུན་སུམ་ཚོགས་པ་གྲུབ་ནས་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པ་འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་ལ་བདག་གཞན་བརྗེ་བ་ལ་འབད་པར་གྱིས་ཤིག་ཅེས་པའོ། ། ⑷ མ་བརྗེས་པ་ཡི་ཉེས་དམིགས། (བཞི་པ་)མ་བརྗེས་པའི་ཉེས་དམིགས་ནི། བདག་གི་བདེ་བ་གཞན་ལ་གཏོང་བ་དང་གཞན་གྱི་སྡུག་བསྔལ་བདག་གིར་ལེན་པའི་ཚུལ་གྱིས་དེ་དག་ཡང་དག་པར་བརྗེ་བར་མ་བྱས་ན་མཐར་ཐུག་སངས་རྒྱས་ཉིད་དུ་མི་འགྲུབ་པ་ལྟ་ཞོག་ཅིང༌། གནས་སྐབས་འཁོར་བ་ན་ཡང་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མྱོང་བ་མེད་དོ། །གཞན་དོན་མ་བྱས་ན་འཇིག་རྟེན་ཕ་རོལ་གྱི་དོན་མི་འགྲུབ་པ་ཕར་ཞོག་གི་གནས་སྐབས་སུ་བྲན་གཡོག་རྣམས་གཞན་རྗེ་དཔོན་གྱི་དོན་དུ་ལས་མི་བྱེད་པ་དང་རྗེ་དཔོན་ཡང་གཞན་བྲན་གཡོག་གི་དོན་དུ་རྔན་པ་མི་སྟེར་བས་ཚེ་འདྀའི་རྗེ་བོའི་བསྙེན་བཀུར་དང་བྲན་གྱྀ་ཟས་གོས་ཀྱི་དོན་ཙམ་ཡང་འགྲུབ་པར་མི་འགྱུར་རོ། །མཐོང་བའི་ཆོས་ཚེ་འདི་དང་མ་མཐོང་བ་སྐྱེ་བ་གཞན་ལ་བདེ་བ་རྣམ་པར་དག་པ་འགྲུབ་པའི་ཕུན་སུམ་ཚོགས་པའི་བདེ་བ་དང་སྐྱིད་པའི་རྒྱུ་བདག་གཞན་བརྗེ་བ་ཡོངས་སུ་བོར་ཞིང་ཕན་ཚུན་མི་འདོད་པ་སྣ་ཚོགས་བསྒྲུབས་ཏེ་སྡུག་བསྔལ་འབའ་ཞིག་བྱས་པའི་རྒྱུས་བླང་དོར་གྱི་ཚུལ་ལ་རྨོངས་པ་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མི་བཟད་པ་དང་དུ་ལེན་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་སོ། ། ⑸ རྩ་བ་བདག་འཛིན་སྤང་ཚུལ། (ལྔ་པ་) རྩ་བ་བདག་འཛིན་སྤང་ཚུལ་ནི། འཁོར་བ་མ་སྟོངས་ཀྱི་བར་དུ་འཇིག་རྟེན་དག་ན་གཞན་གྱི་གནོད་པ་ལ་སོགས་པའི་འཚེ་བ་གང་ཡོད་པ་དང༌། དགྲ་དང་དུག་སྦྲུལ་ལ་སོགས་པའི་འཇིགས་པ་ཐམས་ཅད་དང་སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་གང་ཇི་སྙེད་ཡོད་པར་གྱུར་པ་དེ་དག་ཀུན་རྩ་བ་བདག་ཏུ་འཛིན་པ་ལས་བྱུང་བར་གྱུར་པ་ཡིན་ན། འདྲེ་ཆེན་པོ་དང་འདྲ་བར་གནོད་པ་འབའ་ཞིག་བྱེད་པའི་བདག་འཛིན་དེས་ཀོ་བདག་ལ་ཅི་ཞིག་བྱ་སྟེ་ཅིའང་དགོས་པ་མེད་དོ། །གལ་ཏེ་རྒྱུ་བདག་ཏུ་འཛིན་པ་ཉིད་ཡོངས་སུ་མ་བཏང་ཞིང་མ་སྤངས་ན་འབྲས་བུ་སྡུག་བསྔལ་སྤང་བར་མི་ནུས་ཏེ་དཔེ་ཇི་ལྟར་ན་མེ་ནི་མ་བཏང་ཞིང་མདོར་ན་སྲེག་པ་སྤང་བར་མི་ནུས་པ་བཞིན་ནོ། །རྣམ་འགྲེལ་དུའང༌། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང༌། །དེ་དག་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་པ་ལྟར་རོ། ། (༣) ཇི་ལྟར་བརྗེ་ཚུལ་ལ་གསུམ། (གསུམ་པ་)ཇི་ལྟར་བརྗེ་ཚུལ་ལ་གསུམ་ལས། ༡ དོན་དངོས་བསྟན་པ། (དང་པོ་)དོན་དངོས་བསྟན་པ་ནི། ཉེས་པ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན་པ་དེ་ལྟ་བས་ན་བདག་གི་སྡུག་བསྔལ་གྱི་གནོད་པ་ཞི་བའི་དོན་དང་གཞན་གྱི་སྡུག་བསྔལ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་དུ། བདག་ཉིད་གཅེས་འཛིན་སྤངས་ནས་གཞན་གྱི་དོན་ལ་ལྟོས་པ་མེད་པར་བཏང་བར་བྱ་བ་དང༌། སེམས་ཅན་གཞན་རྣམས་ཐམས་ཅད་བདག་ཉིད་ཇི་ལྟ་བ་བཞིན་དུ་གཅེས་པར་གཟུང་བར་བྱ་བ་ལ་འབད་དེ་གོམས་པར་བྱའོ། ། ༢ བསམ་པས་འཇུག་ཚུལ། (གཉིས་པ་)བསམ་པས་འཇུག་ཚུལ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་བདག་ནི་གཞན་སེམས་ཅན་ཐམས་ཅད་གྱི་དབང་དུ་གྱུར་ཏོ་ཞེས་ཡིད་ཁྱོད་ངེས་པར་ཤེས་པར་གྱིས་ལ་སེམས་ཅན་མ་ལུས་པ་ཀུན་གྱི་དོན་མ་གཏོགས་པ་ད་ནི་ཁྱོད་ཀྱིས་རང་དོན་ལ་སོགས་པ་གཞན་ཅི་ཡང་མི་བསམ་ཞིང་གཞན་ལ་ཕན་པ་འབའ་ཞིག་བསམས་པར་བྱའོ། ། ༣ སྦྱོར་བས་འཇུག་ཚུལ། (གསུམ་པ་)སྦྱོར་བས་འཇུག་ཚུལ་ནི། བདག་གཞན་བརྗེས་ཕྱིན་ཆད་སེམས་ཅན་གཞན་རྣམས་དབང་བའི་མིག་དང་རྣ་བ་ལ་སོགས་པ་ཡིས་ལྟ་བ་དང་ཉན་པ་ལ་སོགས་པའི་སྒོ་ནས་རང་གི་དོན་སྒྲུབ་པ་ནི་རིགས་པ་མ་ཡིན་ཞིང༌། སེམས་ཅན་གཞན་དེའི་དོན་དུ་བཏང་བའི་མིག་དང་ལག་པ་དང་རྐང་པ་ལ་སོགས་པ་ཡིས་སེམས་ཅན་གཞན་དེ་ལ་ནམ་ཡང་ལོག་པར་བྱ་བ་མི་རིགས་སོ། །རང་དོན་སྒྲུབ་ཅིང་གཞན་ལ་གནོད་པ་མི་རིགས་པ་དེས་ན་ད་ནི་སེམས་ཅན་ཁོ་ནའི་དོན་གཙོ་བོར་བྱས་ཏེ་བདག་ཉིད་ཀྱི་ལུས་ལ་བདེ་བའི་ཡོ་བྱད་ཀྱི་ཁྱད་པར་ཅི་མཐོང་བ་དེ་དང་དེ་ནི་རང་གི་ཡིད་ཀྱིས་ཕྲོགས་ནས་ཀྱང་སེམས་ཅན་གཞན་དག་ལ་ནི་རྟག་ཏུ་ཕན་པར་བྱ་བའི་ཆེད་དུ་ལེགས་པར་སྤྱོད་ཅིག་ཅེས་པའོ། ། (༤) བརྗེས་ནས་བསྒྲུབ་ཚུལ། (གསུམ་པ་)[བཞི་པ]བརྗེས་ནས་འགྲུབ་ཚུལ་ལ། བསམ་པས་བསྒྲུབ་ཚུལ་དང༌། སྦྱོར་བས་བསྒྲུབ་ཚུལ་ལོ། ། ❶ བསམ་པས་བསྒྲུབ་ཚུལ་ལ་གསུམ། དང་པོ་ལ། བསྒོམ་ཚུལ་མདོར་བསྟན། རྒྱས་པར་བཤད་པ། བརྟགས་ནས་འཇུག་ཚུལ་ལོ། ། ༡ བསྒོམ་ཚུལ་མདོར་བསྟན་པ། དང་པོ་ནི། སྔར་བདག་གཞན་མ་བརྗེས་པའི་དུས་སུ་ཕྲག་དོག་དང་འགྲན་སེམས་དང་ང་རྒྱལ་རྣམས་སྐྱེ་བའི་ཡུལ་རང་བས་དམན་པ་དང་སོགས་པའི་སྒྲས་མཉམ་པ་དང་མཐོ་བར་སྣང་བའི་སེམས་ཅན་རྣམས་བརྗེས་ཕྱིན་ཆད་བྱང་ཆུབ་སེམས་དཔའ་བདག་ཡིན་པ་ཉིད་དུ་མོས་པར་བྱས་ཏེ་དོན་གྱི་གཞན་ལ་བདག་གསར་བ་ཞེས་ཐ་སྙད་བྱས་པ་དང༌། གཞན་སེམས་ཅན་དམན་པ་དང་མཉམ་པ་དང་མཐོ་བ་རྣམས་ཡིན་པ་ཉིད་དུ་ནི་བྱང་ཆུབ་སེམས་དཔའ་བདག་ཉིད་གོམས་པར་བྱས་ནས་དོན་གྱིས་རང་ལ་བདག་རྙིང་པ་ཞེས་ཐ་སྙད་བྱས་ཏེ་རང་གཞན་བརྗེས་པ་ལ། ཐེ་ཚོམ་གྱི་རྣམ་རྟོག་མེད་པའི་སེམས་ཀྱིས་སུ་སེམས་ཅན་ལས་མཐོ་བའི་བདག་རྙིང་པ་ལ་ཕྲག་དོག་དང༌། སེམས་ཅན་དང་མཉམ་པའི་བདག་རྙིང་པ་ལ་འགྲན་སེམས་དང༌། སེམས་ཅན་ལས་དམའ་བའི་བདག་རྙིང་པ་ལ་ང་རྒྱལ་བསྒོམ་པར་བྱའོ། །དེས་ན་རེ་ཞིག་འདི་ཞེས་པ་རྣམས་ནི་ཐོག་མ་མེད་པ་ནས་གོམས་པའི་བདག་རྙིང་པ་ལ་གོ་བར་བྱ་ཞིང༌། བདག་ཅེས་པ་རྣམས་ནི་གསར་དུ་གོམས་པར་བྱས་པའི་སེམས་ཅན་ལ་གོ་བར་བྱའོ། །མདོར་ན་བདག་ཉིད་གཞན་ཡིན་པ་དང༌། གཞན་རྣམས་བདག་ཡིན་པར་མོས་པས་བདག་གཞན་གོ་བརྗེ་བའི་ཚུལ་ལ་འབད་པར་བྱ་སྟེ། འཇིག་རྟེན་ནའང་རང་ཉིད་ཀྱང་གཞན་ཡིན་པའི་ལུགས་ལ་དེ་ཙམ་གཅིག་སེམས་སུ་འོང་བ་ཞེས་གྲགས་པ་ལྟར་རོ། ། འདིའི་ཕྲག་དོག་དང་འགྲན་སེམས་དང་ང་རྒྱལ་རྣམས་ནི་སྤང་བྱའི་མིང་གིས་བསྟན་ཡང་དོན་ལ་བདག་ཉིད་གཅེས་པར་འཛིན་པའི་གཉེན་པོ་ཉིད་དོ། ། ༢ རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། མཐོ་བ་ལ་ཕྲག་དོག་བསྒོམ་ཚུལ། མཉམ་པ་ལ་འགྲན་སེམས་བསྒོམ་ཚུལ། དམའ་བ་ལ་ང་རྒྱལ་བསྒོམ་ཚུལ་ལོ། །དང་པོ་ལ་གཉིས་ལས། (དང་པོ་)འཇིག་རྟེན་ཆོས་བརྒྱད་ལ་བརྟགས་ཏེ་བསྒོམ་ཚུལ་ནི། བདག་རྙིང་པ་འདི་ནི་ཡོན་ཏན་དང་ལྡན་པས་མང་པོས་བཀུར་བར་བྱས་པ་ཡིན་གྱི་སེམས་ཅན་བདག་ནི་དམན་པར་མཐོང་བས་བཀུར་བར་བྱས་པ་མིན་ལ། བདག་རྙིང་པ་འདིས་ནོར་མང་པོ་རྙེད་པ་བཞིན་དུ་སེམས་ཅན་བདག་གིས་མ་རྙེད་ཅིང་བདག་རྙིང་པ་འདི་ནི་མང་པོས་བསྟོད་པར་བྱས་པ་ཡིན་ལ། སེམས་ཅན་བདག་ལ་སྨོད་པར་བྱས་པ་དང༌། བདག་རྙིང་པ་འདིས་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་གྱི་སེམས་ཅན་བདག་ནི་ཤིན་ཏུ་སྡུག་བསྔལ་བར་གནས་ལ། སེམས་ཅན་བདག་ནི་ཁུར་ཁུར་བ་ལ་སོགས་པ་དམན་པའི་ལས་རྣམས་བྱེད་པ་དང་བདག་རྙིང་པ་འདི་ནི་ལས་མེད་པར་བདེ་བ་ཉིད་དུ་གནས་པ་མི་རིགས་སོ་ཞེས་ཕྲག་དོག་བསྒོམ་པར་བྱའོ། ། (གཉིས་པ་)མཐོ་བའི་ཡོན་ཏན་ལ་བརྟགས་ཏེ་བསྒོམ་ཚུལ་ནི། བདག་རྙིང་པ་འདི་ནི་རིགས་མཐོན་པོ་དང་འཁོར་མང་པོ་དང་ལོངས་སྤྱོད་འབྱོར་བ་ལ་སོགས་པས་འཇིག་རྟེན་པ་རྣམས་ལ་ཆེ་བའི་ཡོན་ཏན་དང་ལྡན་པ་དང༌། སེམས་ཅན་བདག་རིགས་ངན་པ་ལ་སོགས་པས་དམན་ཞིང་ཡོན་ཏན་མེད་པར་གྲགས་མོད། སེམས་ཅན་བདག་ལའང་ཆེ་བ་ཡོན་ཏན་རྣམས་མེད་པས་ཅི་ཞིག་བྱ་སྟེ་ཅིའང་དགོས་པ་མེད་ཅིང༌། སེམས་ཅན་བདག་ཅག་ཀུན་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་ཡིན་པས་བརྙས་པར་མི་རིགས་སོ། །མཐོན་དམན་ཡང་ལྟོས་ས་ལ་ལྟོས་ནས་བཞག་པ་ཡིན་གྱི། མཐའ་གཅིག་ཏུ་བདེན་པར་གྲུབ་པ་ནི་མེད་དེ། སེམས་ཅན་གང་བས་བདག་རྙིང་པ་འདི་དམན་པའི་ཆ་དེའང་ཡོད་ཅིང༌། བདག་རྙིང་པ་གང་བས་སེམས་ཅན་བདག་མཆོག་ཏུ་གྱུར་པའི་ཆ་དེ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་ནའང་སེམས་ཅན་རྣམས་ཚུལ་ཁྲིམས་འཆལ་བ་དང༌། ལྟ་བ་ངན་པ་དང༌། འཚོ་བ་རྒུད་པ་ལ་སོགས་པས་དམན་པའོ་སྙམ་ན། དེ་དག་ནི་ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་སྟོབས་ཀྱིས་བྱུང་བ་ཡིན་གྱི། སེམས་ཅན་བདག་ལ་རང་དབང་ཡོད་བཞིན་དུ་བྱས་པ་མིན་པས། དེ་དག་གི་ཆ་ལ་ཡང་བརྙས་པར་མི་རིགས་སོ། །བདག་རྙིང་པ་དེ་སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ན་ཅི་ནུས་ཀྱིས་སེམས་ཅན་བདག་ནི་ཉོན་མོངས་པའི་ནད་ལས་གསོ་བར་བྱ་དགོས་ཏེ། གསོ་ཞིང་ཕན་འདོགས་པར་གྱུར་ན་དཀའ་བ་སྤྱོད་པ་ལ་སོགས་པའི་སྡུག་བསྔལ་གྱི་གནོད་པའང་སེམས་ཅན་བདག་གི་དང་དུ་བླང་བར་བྱའོ། །འོན་ཏེ་སེམས་ཅན་བདག་ལ་བདག་རྙིང་པ་འདིས་གསོ་ཞིང་ཕན་གདགས་པར་བྱ་བ་མིན་ན། མཐོན་དམན་དུ་འཛིན་པའི་སྒོ་ནས་ཅིའི་ཕྱིར་སེམས་ཅན་བདག་ལ་བརྙས་པ་བྱེད་དེ་བྱེད་པར་ནི་མི་རིགས་ཤིང༌། གསོ་བར་མི་ནུས་ན་སེམས་ཅན་བདག་ལ་བདག་རྙིང་པ་དེ་ཡི་ཡོན་ཏན་གྱིས་ཅི་ཞིག་བྱ་སྟེ་འདིར་སེམས་ཅན་བདག་ཉིད་རང་བཞིན་གྱིས་དེས་པ་ལ་སོགས་ཡོན་ཏན་ཅན་ཡིན་པའི་ཕྱིར་རོ། །གཞན་ཡང་སྡིག་པ་བྱས་པ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་གཅན་གཟན་གདུག་པའི་ཁར་གནས་པ་ལྟ་བུའི་འགྲོ་བ་རྣམས་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེས་ཕན་འདོགས་པ་མེད་པར་མ་ཟད། བདག་རྙིང་པ་འདི་ཕྱིར་ལ་ཡོན་ཏན་མེད་བཞིན་དུ་ཡོན་ཏན་ལྷག་པར་རློམ་པ་ཡིས་མཁས་པ་དག་ལ་བསྔོ་ཞིང་རྒྱལ་བར་འདོད་པ་ནི་རིགས་པ་མ་ཡིན་ནོ་ཞེས་ཀྱང་ཕྲག་དོག་བསྒོམ་པར་བྱའོ། ། (གཉིས་པ་)འགྲན་སེམས་བསྒོམ་ཚུལ་ནི། འཁོར་དང་ལོངས་སྤྱོད་ལ་སོགས་པའི་སྒོ་ནས་སེམས་ཅན་བདག་དང་མཉམ་པའི་བདག་རྙིང་པ་ལ་བལྟས་ནས་ནི་ཡོན་ཏན་གྱི་ཆ་གང་གིས་སེམས་ཅན་རང་ཉིད་ལྷག་པར་བྱ་བའི་ཕྱིར་དུ་སེམས་ཅན་བདག་གི་རྙེད་པ་ལོངས་སྤྱོད་འབྱོར་བ་དང་བཀུར་སྟི་རིམ་གྲོའི་ཁྱད་པར་ནི་ཐ་ན་རྩོད་པ་ཡིས་ཀྱང་ངེས་པར་བསྒྲུབ་པར་བྱའོ། །ཅི་ནས་ཀྱང་སེམས་ཅན་བདག་གི་ཡོན་ཏན་ནི་འཇིག་རྟེན་ཀུན་ལ་བསལ་བར་གྲགས་པ་དང༌། གཞན་ཡང་བདག་རྙིང་པ་འདི་ཡི་ཡོན་ཏན་གང་ཡིན་པ་རྣམས་གང་ཟག་སུས་ཀྱང་ཐོས་པར་མི་འགྱུར་བར་གསང་བར་བྱའོ། །དེ་བཞིན་དུ་སེམས་ཅན་བདག་གི་སྐྱོན་གང་ཡིན་པ་ཡང་སྦས་ཏེ་གསང་བར་བྱ་ཞིང༌། སྐྱོན་མེད་པར་ཤེས་ནས་སེམས་ཅན་བདག་ནི་སྐྱེ་བོ་མང་པོས་མཆོད་པ་འགྱུར་བར་བྱའི་བདག་རྙིང་པ་འདི་ལ་མཆོད་པར་འགྱུར་བ་མིན་པ་དང༌། སེམས་ཅན་བདག་དེང་ནས་རྙེད་པ་འབྱོར་པ་མང་པོ་ལེགས་པར་རྙེད་པར་བྱ་ཞིང༌། སེམས་ཅན་བདག་ནི་སྐྱེ་བོ་མང་པོས་བཀུར་བར་འགྱུར་བར་བྱ་ཡི་བདག་རྙིང་པ་འདི་ལ་བཀུར་བར་འགྱུར་བ་མིན་པར་བྱའོ། །བདག་རྙིང་པ་འདི་ནི་རྙེད་པ་དང་བཀུར་སྟི་ལ་སོགས་པ་མེད་པས་མ་རུངས་པར་བྱས་པ་ལ་ཡུན་རིང་དུ་སེམས་ཅན་བདག་ནི་དགའ་བས་བལྟ་བར་བྱ་ཞིང༌། འགྲོ་བ་ཀུན་གྱིས་དེ་ལ་ཁྲེལ་བའི་སྒོ་ནས་བཞད་གད་བྱེད་པ་དང་ཕན་ཚུན་མང་པོ་འདུས་ཏེ་དེ་ལ་སྨོད་ཅིང་མཚང་འབྲུ་བ་དག་ཏུ་ཡང་བྱའོ་ཞེས་བདག་སྙིང་པ་ལ་འགྲན་སེམས་བསྒོམས་པར་བྱའོ། ། (གསུམ་པ་)ང་རྒྱལ་བསྒོམ་ཚུལ་ནི། སཻམས་ཅན་ལས་དམན་ཞིང་ཉོན་མོངས་པ་ཅན་དུ་གྱུར་པའི་བདག་རྙིང་པ་འདི་ཡང་སེམས་ཅན་མཐོན་པོ་བདག་དང་ནི་ལྷན་ཅིག་ཏུ་ནི་འགྲན་ཞེས་གྲག་མོད། དོན་ལ་ཐོས་པ་ལ་སོགས་པའི་ཡོན་ཏན་དམན་པའི་བདག་རྙིང་བ་འདི་དང་སེམས་ཅན་བདག་ཐོས་པ་མང་པ་དང་ཤེས་རབ་ཆེ་བའམ་གཟུགས་བཟང་བ་དང་རིགས་མཐོ་བ་དང་ནོར་འབྱོར་བ་རྣམས་ཀྱིས་མཉམ་མམ་ཅི་སྟེ་ནམ་ཡང་མི་མཉམ་མོ། །དེ་ལྟར་ཐོས་པ་ཆེ་བ་ལ་སོགས་པར་འཇིག་རྟེན་ཀུན་ལ་སྙན་པར་གྲགས་པ་ཡི་སེམས་ཅན་བདག་གི་ཡོན་ཏན་གྱི་ཁྱད་པར་གསལ་བར་ཐོས་ནས་ནི་ལུས་ཀྱི་བ་སྤུ་ལྡང་ཞིང་ཡིད་དགའ་བ་སྐྱེ་བར་འགྱུར་བའི་བདེ་སྐྱིད་ལ་ནི་བདག་རྙིང་པ་ཁྱོད་ཡོངས་སུ་སྤྱོད་ཅིག་ཅེས་ང་རྒྱལ་བསྒོམ་པར་བྱའོ། ། ༣ བརྟགས་ནས་འཇུག་ཚུལ། (གསུམ་པ་)འཇུག་ཚུལ་ལ་བཞི་ལས། (དང་པོ་)ཕན་ན་བསྟེན་ཚུལ་ནི། ཅི་སྟེ་བདག་རྙིང་པ་འདི་ལ་ལོངས་སྤྱོད་མང་པོའི་སྙེད་པ་ཡོད་ཀྱང་གལ་ཏེ་སེམས་ཅན་ང་ཡི་བཀའ་ཉན་ཞིང་ཕན་པ་དང་བདེ་བ་སྒྲུབ་པའི་ལས་བྱེད་ན་བདག་རྙིང་པ་འདི་ལ་སྲོག་འཚོ་བ་ཙམ་གྱི་ལོངས་སྤྱོད་བྱིན་ནས་སེམས་ཅན་བདག་གི་སྟོབས་ཀྱིས་རྙེད་པ་གཞན་དེ་རྣམས་བཙན་ཐབས་སུ་དབྲོག་ཅིང་བླང་བར་བྱའོ། ། (གཉིས་པ)གནོད་ན་གཞོམ་ཚུལ་ནི། བདག་རྙིང་པ་འདི་ནི་བདེ་བའི་ཁྱད་པར་རྣམས་ལས་ཉམས་པར་བྱ་ཞིང་སེམས་ཅན་བདག་གིས་སྡུག་བསྔལ་གྱི་གནོད་པ་རྣམས་དང་རྟག་ཏུ་སྦྱར་བར་བྱ་སྟེ། བདག་རྙིང་པ་འདི་ཡིས་ལན་བརྒྱ་ཕྲག་མང་པོ་ཐམས་ཅད་དུ་འཁོར་བར་འཁོར་བའི་ཚེ་སེམས་ཅན་བདག་ལ་གསོད་པ་དང་འཕྲོག་པ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱས་པའི་ཕྱིར་རོ། ། (གསུམ་པ་)རང་དོན་སྨད་པ་ནི། འདི་མན་ཆད་བདག་གཞན་གྱི་སྒྲའང་རྣལ་མར་བཟུང་སྟེ། བདག་གི་ཡིད་ཁྱོད་ཐོག་མ་མེད་པ་ནས་རང་དོན་འབའ་ཞིག་བྱེད་པར་འདོད་པས་འཁོར་བ་འདིར་བསྐལ་པ་གྲངས་མེད་པ་མང་པོ་འདས་པར་གྱུར་ཀྱང༌། དོན་མེད་པའི་ངལ་བ་ཆེན་པོ་དེ་ལྟ་བུས་རང་གི་ཡིད་ཁྱོད་ཀྱིས་ཡུན་རིང་དུ་སྡུག་བསྔལ་ཆེན་པོ་འབའ་ཞིག་བསྒྲུབ་པ་ནི་ཤིན་ཏུ་འགྱོད་པའི་གནས་ཡིན་ནོ། ། (བཞི་པ་)གཞན་དོན་བསྔགས་པ་ནི། རང་དོན་བྱས་ན་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་དེ་ལྟར་ངེས་པས་ད་ནི་སེམས་ཅན་གཞན་མང་པོ་དག་གི་དོན་ཁོ་ན་སྒྲུབ་པ་ལ་རབ་ཏུ་སྤྲོ་བས་འཇུག་པར་གྱིས་དང༌། ཐུབ་པ་ཐམས་ཅད་མཁྱེན་པའི་བཀའ་ནི་ཚད་མ་ཡིན་ཞིང་ནམ་ཡང་མི་སླུ་བས་གཞན་དོན་བྱས་པ་དེ་ཡི་ཡོན་ཏན་ཕྱིས་རིམ་གྱིས་མངོན་སུམ་དུ་མཐོང་བར་འགྱུར་རོ། །གལ་ཏེ་རང་གི་ཡིད་ཁྱོད་ཀྱིས་སྐྱེ་བ་སྔ་མ་རྣམས་ཀྱི་དུས་སུ་བདག་གཞན་བརྗེས་ནས་གཞན་དོན་འབའ་ཞིག་སྒྲུབ་པའི་ལས་འདི་བྱས་པར་གྱུར་ན་ནི་འབྲས་བུ་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའི་བདེ་བ་ལ་ལོངས་སྤྱོད་པ་མིན་པ་འཁོར་བར་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་འདི་འདྲའི་གནས་སྐབས་སུ་འགྱུར་བ་མི་སྲིད་དོ། །གཞན་དོན་ལས་བདེ་བ་ཐོབ་པ་དེ་ལྟ་བས་ན་ད་ནི་འདི་ལྟར་གཞན་ཕ་མ་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་སྨིན་པ་ལ་གོམས་པའི་དབང་གིས་ཡིད་ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར་དེ་བཞིན་དུ་སེམས་ཅན་གཞན་ཐམས་ཅད་ལའང་བདག་ཏུ་འཛིན་པ་གོམས་པར་གྱིས་ལ་དེའི་དོན་ལ་བརྩོན་པར་གྱིས་ཤིག་ཅེས་པའོ། ། ❷ སྦྱོར་བས་བསྒྲུབ་ཚུལ། (བཞི་པ་)[གཉིས་པ]སྦྱོར་བས་བསྒྲུབ་ཚུལ་ལ། སྒྲུབ་ཚུལ་དངོས་དང༌། དབང་དུ་བྱེད་ཚུལ་ལོ། ། ༡ སྒྲུབ་ཚུལ་དངོས། དང་པོ་ལ་གསུམ་ལས། (དང་པོ་)ལེགས་པ་གཞན་ལ་གཏོང་ཚུལ་ནི། གང་ལ་ཅི་ཕན་ན་སྙམ་དུ་སེམས་ཅན་གཞན་གྱི་དོན་ཁོ་ན་ལ་རྟོག་དཔྱོད་ཆེན་པོ་བྱས་ནས་ནི་བདག་གི་ལུས་ལ་ཉེ་བར་མཁོ་བའི་ཡོ་བྱད་ཟས་དང་གོས་ལ་སོགས་པ་ཅི་དང་ཅི་སྣང་པ་དེ་དང་དེ་ཉིད་བློས་ཕྲོགས་པར་བྱས་ནས་ཡིད་ཁྱོད་ཀྱིས་དུས་རྟག་ཏུ་གཞན་ལ་ཕན་པ་སྤྱོད་ཅིག གཞན་ཡང་སྐབས་སུ་བདག་ནི་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སེམས་ཅན་གཞན་ནི་མི་སྐྱེད་ལ་བདག་ནི་འཁོར་དང་ལོངས་སྤྱོད་ལ་སོགས་པས་མཐོ་ཞིང་སེམས་ཅན་གཞན་ནི་དམའ་བ་དང་བདག་ནི་ཕན་བྱེད་མང་པོ་དང་བཅས་ཤིང་སེམས་ཅན་གཞན་ལ་མིན་པ་འདི་འདྲ་མི་རིགས་སོ་ཞེས་བདག་ལ་ཕྲག་དོག་ཅིས་མི་བྱེད་དེ་བྱ་བར་འོས་ཤིང་སྐྱིད་པ་ལ་སོགས་པ་གཞན་ལའང་སྦྱར་བར་བྱའོ། ། (གཉིས་པ་)ཉེས་པ་བདག་གིས་བླང་ཚུལ་ནི། བདག་ནི་འདོད་ཡོན་ལ་སྤྱོད་པའི་བདེ་བ་ལ་ཆགས་པ་དང་བྲལ་བར་གྱིས་ཏེ་སེམས་ཅན་གཞན་ཐམས་ཅད་ཀྱི་སྡུག་བསྔལ་དང་དུ་བླངས་ནས་བདག་ལ་སྦྱོར་ཞིང་གང་གི་ཚེ་བདག་འདི་ནི་དམན་པའི་ལས་ཅི་ཞིག་བྱེད་ཅེས་བདག་གི་སྐྱོན་ལ་ཡང་ཡང་བརྟགས་ཏེ་སྤང་བར་གྱིས་ཤིག གཞན་གྱིས་གནོད་ཅིང་འཚེ་བ་ལ་སོགས་པའི་ཉེས་པ་བྱས་པ་ཡང་རང་གི་སྔོན་གྱི་ལས་ངན་པའི་སྐྱོན་དུ་བསྒྱུར་བར་བྱོས་ལ། བདག་གིས་ཉེས་བ་ཆུང་ངུ་བྱས་པ་རྣམས་ཀྱང་མི་གསང་བར་སྐྱེ་བོ་མང་པོའམ་ཐུབ་པ་ཆེན་པོ་བཅོམ་ལྡན་འདས་ལ་རབ་ཏུ་ཤོགས་ཤིང་སླན་ཆད་སྡོམ་པ་ལ་གནས་པར་བྱོས་ཤིག སེམས་ཅན་གཞན་ཐམས་ཅད་ཀྱི་སྙན་པའི་གྲགས་པ་ལྷག་པར་བརྗོད་ཅིང་གསལ་བར་བྱས་པས་རང་གི་གྲགས་པ་ཟིལ་གྱིས་ནོན་ཅིང་སྦ་བར་གྱིས་ལ། བདག་ནི་བྲན་གྱིའང་ཐ་མ་ལྟར་ཤིན་ཏུ་དམན་པའི་ཆ་བཟུང་སྟེ་སེམས་ཅན་གཞན་ཐམས་ཅད་རྗེ་བོ་ལྟར་མོས་པའི་སྒོ་ནས་དོན་རྣམས་ཀུན་ལ་རྟག་ཏུ་བཀོལ་བར་གྱིས་ཤིག བདག་འདི་ནི་སྐྱོན་སྣ་ཚོགས་དང་བཅས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་གློ་བུར་གྱི་ཡོན་ཏན་ཅུང་ཟད་ཙམ་མཐོང་བའི་ཆས་ནམ་ཡང་མི་བསྟོད་པར་བྱ་སྟེ། བདག་འདི་ཡི་ཡོན་ཏན་གྱི་ཁྱད་པར་རྣམས་ཅི་ནས་ཀྱང་གང་ཟག་འགས་ཀྱང་མི་ཤེས་པ་དེ་ལྟར་སྦ་བ་ལ་འབད་པར་གྱིས་ཤིག་ཅེས་པའོ། ། (གསུམ་པ་)བསྡུས་ཏེ་བསྒྲུབ་པར་གདམས་པ་ནི། མདོར་བསྡུ་ན་སྔར་ཐོག་མ་མེད་པ་ནས་བདག་གི་དོན་འབའ་ཞིག་སྒྲུབ་པ་ཉིད་ཀྱི་ཕྱིར་རང་གི་ཡིད་ཁྱོད་ཀྱིས་སེམས་ཅན་གཞན་ལ་གནོད་པ་བྱས་པ་གང་ཡིན་པའི་གནོད་པ་དེ་རྣམས། ད་ནི་སེམས་ཅན་གཞན་ཐམས་ཅད་ཀྱི་དོན་ཁོ་ན་སྒྲུབ་པ་ཉིད་ཀྱི་ཕྱིར་བདག་ཉིད་ལ་ནི་འབབ་པར་གྱིས་ཤིག བདག་འདི་ནི་གཉའ་བའམ་གདོང་དྲག་པར་ཧ་ཅང་འགྱུར་བའི་ཚུལ་དུ་ཁོང་ཤེད་དང་ང་རྒྱལ་བསྐྱེད་པར་ནི་མི་བྱ་སྟེ་དཔེར་ན་བག་མ་གསར་བའི་སྤྱོད་ལམ་གྱི་ཚུལ་བཞིན་དུ་བྱ་བ་མ་ཡིན་པ་ལ་ངོ་ཚ་བ་དང་སྡིག་པའི་རྣམ་སྨིན་ལ་འཇིགས་པ་དང་བཅས་པས་དབང་པོའི་སྒོ་བསྡམས་ཏེ་གཉེན་པོ་ལ་མཉམ་པར་གཞག་པར་བྱའོ། ། ༢ དབང་དུ་བྱེད་ཚུལ། (གཉིས་པ་)དབང་དུ་བྱེད་ཚུལ་ལ་བདུན་ལས། (དང་པོ་)དབང་དུ་བྱེད་ཚུལ་མདོར་བསྟན་ནི། དེ་ཡང་བྱ་བར་འོས་པ་གཞན་དོན་སྒྲུབ་པ་ལ་སོགས་པའི་དགེ་བ་ལ་སྔར་བཤད་པ་དེ་ལྟར་རྩེ་གཅིག་ཏུ་གནས་པར་བྱ་ཞིང༌། དེ་བཞིན་དུ་རང་གི་ཡིད་ཁྱོད་ཀྱིས་མི་བྱ་བར་འོས་པར་རང་དོན་སྒྲུབ་པ་ལ་སོགས་པ་ལ་མི་འཇུག་པ་དེ་ལྟར་རང་གི་སྒོ་གསུམ་གྱི་སྤྱོད་པ་འདི་ནི་རྟ་དུལ་བ་བཞིན་དུ་དབང་དུ་འགྱུར་ཞིང་ལས་སུ་རུང་བར་བྱ་སྟེ། གལ་ཏེ་དེ་དག་ལས་འདས་ནས་སྤང་བྱ་ཉོན་མོངས་པའི་དབང་དུ་གྱུར་ན་གཉེན་པོ་སྟོབས་ལྡན་གྱིས་ཚར་བཅད་པ་ལ་ཡང་འབད་པར་བྱའོ། ། (གཉིས་པ་)རང་དོན་སེམས་པ་གཞོམ་ཚུལ་ནི། འོན་ཏེ་སྔར་བཤད་པ་དེ་ལྟར་གདམས་ངག་ཟབ་མོ་བསྟན་ཀྱང་ནི་རང་གི་སེམས་ཁྱོད་དེ་ལྟར་ཉམས་སུ་ལེན་པར་མི་བྱད་ན། ལུས་བེམ་པོ་ལ་ཉེས་པ་མེད་ཅིང་སེམས་ཁྱོད་ལས་སུ་མ་རུང་བ་ལས་འཁོར་བ་དང་ངན་སོང་གི་ཉེས་པ་ཀུན་བརྟེན་ནས་འབྱུང་བ་ཡིན་པས་སེམས་ཉོན་མོངས་ཅན་ཁྱོད་ཉིད་གཉེན་པོས་ཚར་གཅད་པར་བྱ་བར་ཟད་དོ། །ཉོན་མོངས་པ་ཅན་གྱི་སེམས་ཁྱོད་ཀྱི་ལམ་ངན་པར་ཁྲིད་ནས་བསླུས་ཤིང་ཁོ་བོ་གང་དུ་བརླག་པར་བྱས་པའི་སྔོན་གྱི་དུས་འཁོར་བ་ཐོག་མ་མེད་པ་དེ་ནི་གཞན་འདས་ཚར་བ་ཡིན་ཏེ། ད་ནི་སྔོན་དང་འདྲ་བ་མ་ཡིན་པས་སེམས་ལས་སུ་རུང་མི་རུང་གི་ཁྱད་པར་རྣམས་ངས་མཐོང་བཞིན་དུ་ད་ཁྱོད་ལམ་ངན་པ་གང་དུ་འགྲོ་སྟེ་འགྲོ་བའི་གནས་མེད་པས། སེམས་ཁྱོད་ཀྱི་རང་དོན་བསྒྲུབ་པ་ལ་སོགས་པའི་ང་རྒྱལ་དང་དྲེགས་པ་ཀུན་གཞོམ་པ་ལ་འབད་པར་བྱའོ། །དེས་ན་ད་དུང་སྔར་བསླུས་པ་བཞིན་དུ་བདག་ལ་རང་གི་དོན་འབའ་ཞིག་བསྒྲུབ་པར་བྱར་ཡོད་དོ་སྙམ་དུ་སེམས་པའི་བསམ་པ་དམན་པ་དེ་དོར་ཅིག དེའང་བདག་གཞན་བརྗེ་བའི་ཚུལ་གྱིས་བདག་གིས་སེམས་ཅན་གཞན་ཐམས་ཅད་ལ་ཁྱོད་བཙོངས་ཟིན་ནས་གཞན་དབང་པ་ཡིན་གྱིས་གཞན་གྱི་དོན་ལ་ནམ་ཡང་སྐྱོ་བར་མ་སེམས་པར་ཞོ་ཤ་ཕུལ་ཏེ་གུས་པས་འབད་པར་བྱའོ། །གལ་ཏེ་བདག་འཛིན་གྱི་དབང་གིས་བག་མེད་པར་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བྱིན་ཞིང་གཞན་དོན་ལ་བརྩོན་པར་མ་བྱས་ན་ཉོན་མོངས་པ་ཅན་གྱི་སེམས་ཁྱོད་ཀྱིས་ཁོ་བོ་སླར་ཡང་དམྱལ་བ་ཡི་སྲུང་མ་འཇིགས་སུ་རུང་བ་རྣམས་ལ་བྱིན་ནས་སྡུག་བསྔལ་དྲག་པོ་ལ་སྦྱོར་བ་ཉིད་དུ་ངེས་སོ། །དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ཁྱོད་ཀྱིས་རེ་ལྟའམ་ལན་དུ་མ་ཞིག་སྔར་ཡང་ཁོ་བོ་དམྱལ་བའི་སྲུང་མ་རྣམས་ལ་བྱིན་པས་ཡུན་རིང་པོར་སྡུག་བསྔལ་ལ་སྦྱར་བའི་ཕྱིར་ད་ནི་སྔར་གནོད་པ་མང་པོ་བྱས་པའི་ཁོ་ན་རྙིང་པ་རྣམས་དྲན་པར་བྱས་ཏེ་ཡིད་ཁྱོད་ཀྱིས་རང་གི་དོན་འབའ་ཞིག་སེམས་པའི་བསམ་པ་དམན་པ་རྩ་བ་ནས་གཞོམ་པར་བྱའོ། ། (གསུམ་པ་)གཞན་དོན་ལ་བསམས་ན་ལེགས་ཚུལ་ནི། གལ་ཏེ་བདག་ནི་གཏན་དུ་དགའ་ཞིང་བདེ་བ་ཐོབ་པར་འདོད་ན་རང་གི་དོན་ལ་བདག་གིས་དགའ་ཞིང་ཞེན་པར་མི་བྱ་སྟེ། དེ་སྟེ་བདག་ནི་འཇིགས་པ་ཐམས་ཅད་ལས་རྟག་ཏུ་བསྲུང་བར་འདོད་ན་སེམས་ཅན་གཞན་རྣམས་ཐམས་ཅད་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་ཞིང་སྐྱོང་བ་ལ་འབད་པར་བྱའོ། ། (བཞི་པ་)ལུས་ལ་ཞེན་ན་འཆིང་ཚུལ་ནི། ཐབས་སམ་ཚུལ་ཇི་ལྟ་ཇི་ལྟར་རང་གི་ལུས་འདི་ནི་བདེ་བའི་ཡོ་བྱད་རྣམས་ཀྱིས་ཡོངས་སུ་བསྲུང་ཞིང་སྐྱོང་བར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་སླར་ཡང་ཤིན་ཏུ་ནི་གཟེ་རེ་ཅན་བཟོད་སྲན་ཆུང་བར་འགྱུར་ཞིང་སྡུག་བསྔལ་ཆེ་བ་ཉིད་ལྟུང་བར་འགྱུར་རོ། །དེ་ལྟར་ལུས་ལ་ཆགས་པས་གཟེ་རེ་ཅན་དུ་ལྷུང་བ་དེ་ཡི་ཡང་འདོད་པའི་ཁྱད་པར་རྣམས་ས་ཆེན་པོ་འདི་ཐམས་ཅད་གང་བའི་ལོངས་སྤྱོད་ཀྱིས་ཀྱང་རྫོགས་པར་ནུས་པ་ཡོད་པ་མིན་ན་བརྐམ་ཆགས་ཅན་འདི་ཡི་འདོད་པ་སུས་སྐོང་བར་བྱེད་ནུས་ཏེ། དཔེར་ན་རྒྱལ་པོ་ང་ལ་ནུས་གླིང་བཞིའི་བདག་པོ་དང་བརྒྱ་བྱིན་གྱི་སྟན་བྱེད་ཐོབ་ཀྱང་མ་ཚིམ་པར་ལྷུང་བ་བཞིན་ནོ། །དེ་ལྟར་ཚིམ་པའི་ནུས་པ་མེད་པའི་འདོད་པའི་ཡོན་ཏན་ཐོབ་པར་འདོད་པ་ལ་བརྟེན་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང༌། བསམ་པ་གཞན་ཕན་ལས་ཉམས་པ་དང་སྦྱོར་བ་སེམས་ཅན་ལ་གནོད་པ་ལ་སོགས་པའང་སྐྱེ་བར་འགྱུར་རོ། ། (ལྔ་པ་)ལྟོས་པ་མེད་ན་ལེགས་ཚུལ་ནི། སྐྱེས་བུ་དམ་པ་གང་ཞིག་རང་དོན་དུ་འདོད་པའི་ཡོན་ཏན་ཀུན་ལ་རེ་འདོད་དང་ལྟོས་པ་མེད་པ་དེ་ཡི་འབྱོར་བ་ཕུན་སུམ་ཚོགས་པ་རྣམས་ནམ་ཡང་ཟད་མི་ཤེས་པ་ཉིད་དེ། དེ་ལྟ་བས་ན་རང་གི་ལུས་ཀྱི་བདེ་བའི་འདོད་པ་ནི་འཕེལ་བར་བྱ་བའི་ཕྱིར་དུ་འབྱོར་བའི་ཁྱད་པར་ཆུང་ངུ་ལའང་ཆགས་པའི་གོ་སྐབས་དབྱེ་བར་མི་བྱ་སྟེ་གང་ཞིག་ཡིད་དུ་འོང་བའི་ཡོ་བྱད་ཅུང་ཟད་ཀྱང་མི་འཛིན་པ་དེ་ནི་ལོངས་སྤྱོད་ཀྱི་དངོས་པོ་བཟང་བོ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། ། (དྲུག་པ་)བརྟགས་ཏེ་ཆགས་ཞེན་སྤང་ཚུལ་ནི། ལུས་འདི་བསྲུངས་ཤིང་བསྐྱངས་ཀྱང་ཐ་མར་ཤི་བ་ན་མེས་བསྲེགས་ནས་ཐལ་བའི་མཐར་གཏུགས་པར་འགྱུར་ཤིང༌། ད་ལྟ་གསོན་པ་ན་ཡང་རང་གི་ངོ་བོ་རྡོ་བ་ལྟར་མི་གཡོ་ཞིང་གཞན་ཡིད་དང་རླུང་གི་བསྐྱོད་པར་བྱ་དགོས་པ་མི་གཙང་བ་སྣ་ཚོགས་ལས་གྲུབ་པའི་གཟུགས་ནི་མི་བཟད་ཅིང་འཇིགས་སུ་རུང་བ་ལ་འདི་ལ་ཅིའི་ཕྱིར་བདག་ཏུ་འཛིན་ཏེ་དེ་ལྟར་འཛིན་ཅིང་ཞེན་པ་ནི་འཁྲུལ་བའོ། །ད་ལྟ་གསོན་ནམ་ཐ་མར་ཡང་ན་ཤི་ཡང་བླའི་ཡིད་བདག་ལ་ལུས་མི་གཙང་བའི་འཁྲུལ་འཁོར་འདིས་དགོས་པ་ཅི་ཞིག་བྱ་སྟེ། དམ་པའི་ཆོས་ལ་མ་སྦྱར་ན་བོང་བ་དང་འགལ་དུམ་ལ་སོགས་པ་དང་ལུས་བེམ་པོ་འདི་ལ་ཁྱད་པར་ཅི་ཞིག་ཡོད་དེ་མེད་ན། ཀྱི་ཧུད་ཡིད་ཁྱོད་འདི་ནི་བདག་གི་ལུས་སོ་སྙམ་པའི་ང་རྒྱལ་སེལ་མི་བྱེད་དེ་བསལ་ཞིང་སྤང་བར་རིགས་སོ། །ལུས་འདི་སྲུང་བ་ཉིད་ཀྱི་དོན་དུ་འཚོ་ཆིས་དང་ཁ་ཏ་བྱས་པ་ཡིས་ཐར་པའི་དོན་མེད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་མང་པོ་ཉེ་བར་བསགས་ནས་རང་ཕྱོགས་ལ་རྗེས་སུ་ཆགས་པ་དང༌། གཞན་ཕྱོགས་ལ་ཁོང་ཁྲོ་བ་དང་བཅས་པས་ཤིང་སྡོང་རུལ་བ་དང་མཚུངས་པའི་ལུས་འདི་ལ་ཞེན་པས་ཅི་ཞིག་བྱ་སྟེ་ཅིའང་དགོས་པ་མེད་དོ། །དེ་ཡང་ད་ལྟ་གསོན་པ་ན་བདག་གིས་འདི་ལྟར་ཟས་དང་གོས་ལ་སོགས་པས་བསྐྱངས་ཤིང་ཕན་བཏགས་པའམ་ཐ་མར་ཤི་བ་ན་བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་ཟོས་ཤིང་གནོད་པ་བྱས་ཀྱང་རུང་ལུས་བེམ་པོ་འདི་ནི་བསྐྱངས་པ་ལ་ཆགས་ཤིང་བརྩེ་བ་མེད་ཅིང་ཟོས་པ་ལ་ཞེ་སྡང་བ་ཡོད་པ་མིན་ན་རྒྱུ་མཚན་ཅི་སྟེ་བྱས་མ་བྱས་མི་ཤེས་པ་དེ་ལ་ཆགས་པ་བྱེད་དེ་ཆགས་ཤིང་ཞེན་པ་ནི་མི་རིགས་སོ། །དེ་བས་ན་གཞན་གང་ཞིག་ལུས་ལ་སྨོད་པས་ཁྲོ་ཞིང་སྡང་བ་དང་ཡང་གང་ཞིག་བསྟོད་པས་མགུ་ཞིང་ཆགས་པར་འགྱུར་བ་དག་གལ་ཏེ་ལུས་བེམ་པོ་དེ་ཉིད་ཀྱིས་ཅིའང་ཤེས་པ་མེད་ན་ཡིད་བདག་གི་ལུས་གང་གི་དོན་དུ་བསྟོད་སྨད་ལ་ཆགས་སྡང་གི་སྒོ་ནས་ངལ་བ་བྱས་པ་ནི་དོན་མེད་པ་ཉིད་དོ། །ཡིད་གང་ཞིག་ཡུན་རིང་པོར་ལུས་འདི་བདེ་བར་འདོད་པ་ལ་འདྲིས་པར་གྱུར་པས་ལུས་དེ་དང་ཡིད་བདག་བཤེས་སུ་འགྲོགས་པས་ཕན་གདགས་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་སེམས་ཅན་ཐམས་ཅད་ཀྱང་རང་གི་ལུས་བདེ་བར་འདོད་པ་འབའ་ཞིག་ཡིན་པས་སེམས་ཅན་དེ་དག་ལའང་བདག་ཀོ་ཅིས་མི་དགའ་སྟེ་དགའ་བས་ཕན་གདགས་པར་རིགས་སོ། ། (བདུན་པ་)དེས་ན་བཏང་ཞིང་བསྲུང་ཚུལ་ནི། རང་དོན་དུ་ལུས་ལ་ཞེན་པར་མི་རིགས་པ་དེ་ལྟ་བས་ན་ཡིད་བདག་གིས་ནམ་ཡང་ཆགས་པ་མེད་པར་འགྲོ་བ་ཐམས་ཅད་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་དུ་ལུས་འདི་གཞན་ལ་ལྟོས་པ་མེད་པར་བཏང་བར་བྱ་ཞིང༌། གཞན་ལ་ཕན་པའི་དོན་དུ་དགོས་པ་དེས་ན་ལུས་འདི་ལ་མི་གཙང་བས་ཡོངས་སུ་གང་བ་ལ་སོགས་པའི་ཉེས་དམིགས་མང་ཡང་ལས་བྱེད་པ་རྣམས་ཀྱི་ལག་ཆའམ་སྤྱད་པ་བཞིན་དུ་མཁོ་བར་བསམས་ཏེ་རེ་ཞིག་བཟུང་ཞིང་བསྲུང་བར་ཡང་བྱའོ། ། ➁ དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ། (གཉིས་པ་ )དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གསུམ་ལས། ༡ བྱིས་པའི་སྤྱོད་པ་སྤང་ཚུལ། (དང་པོ་)བྱིས་པའི་སྤྱོད་པ་སྤང་ཚུལ་ནི། ཉོན་མོངས་པ་སྤོང་པ་ལ་སེམས་མཉམ་པར་བཞག་དགོས་པ་དེ་བས་ན་བྱིས་པ་སོ་སོའི་སྐྱེ་བོ་འཇིག་རྟེན་ཐ་མལ་པ་རྣམས་ཀྱི་སྤྱོད་པ་སྔར་མང་དུ་སྤྱད་པས་ཆོག་ཅིང་དགོས་པ་མེད་པས། ད་ནི་བདག་གིས་མཁས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་མང་པོའི་རྗེས་སུ་བསྙགས་ཏེ། དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པར་ཁས་བླངས་པ་བཞིན་དུ། སྒོ་གསུམ་གྱི་སྤྱོད་པ་བག་ཡོད་པར་བྱ་བའི་གཏམ་ལེའུ་བཞི་པ་དང་བསླབ་བཏུས་ལ་སོགས་པར་ཇི་སྐད་བཤད་པ་རྣམས་ནི་དྲན་པར་བྱས་ནས། ཏིང་ངེ་འཛིན་གྱི་འགལ་ཟླ་གཉིད་དང་རྨུགས་པ་དང་རྒོད་པ་དང་འགྱོད་པ་ལ་སོགས་པ་བཟློག་ཅིང་སྤང་པ་ལ་འབད་པར་བྱའོ། ། ༢ རིགས་པས་བསྟན་པར་བྱེད་ཚུལ། (གཉིས་པ་)རིགས་པས་བསྟན་པར་བྱེད་ཚུལ་ནི། རྒྱལ་སྲས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་རྣམ་པར་ཐར་པ་ཇི་ལྟར་མཐོང་བ་བཞིན་དུ་རིགས་ཤིང་བྱ་བར་འོས་པའི་ལས་ལ་སྙིང་སྟོབས་སམ་སྲན་ནི་བརྟན་པོ་གཟུགས་པར་བྱ་སྟེ་ཉིན་དང་མཚན་ཕྱེད་པའམ་རངས་པར་མ་འབད་ན་བདག་གི་འཁོར་བའི་སྡུག་བསྔལ་ནམ་ཞིག་མཐར་ཕྱིན་ཏེ་ཟད་པར་དཀའ་བས་སྡུག་བསྔལ་ལས་གྲོལ་བའི་དོན་དུ་རྒྱུན་མི་འཆད་པ་འབད་པར་བྱའོ། །ཚིགས་སུ་བཅད་པ་འདི་ཉིད་རྒྱ་དཔེ་དང་འགྲེལ་བ་ན་མི་སྣང་བས་མ་བཤད་ཀྱང་འགལ་བ་མེད་དོ། ། ༣ མཉམ་བཞག་ཟབ་མོ་བསྒོམ་ཚུལ། (གསུམ་པ་)མཉམ་བཞག་ཟབ་མོ་བསྒོམ་ཚུལ་ནི། ཐར་པ་ཐོབ་པའི་དོན་དུ་འབད་དགོས་པ་དེ་བས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་བསལ་ཞིང་སྤང་བར་བྱ་བའི་ཕྱིར་དུ་ཕྱིན་ཅི་ལོག་འཁྲུལ་བའི་སྣང་བ་ལ་བདེན་པར་འཛིན་པའི་ལམ་ངན་པ་ལས་རང་གི་སེམས་བསླན་ཞིང་བཀུག་སྟེ་ཡང་དག་པའི་མཐའ་འམ་དམིགས་པ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་དུས་རྟགས་པར་ཡང༌། བྱང་ཆུབ་སེམས་དཔའ་བདག་གི་ཞི་གནས་ལྷག་མཐོང་ཟུང་འཇུག་གི་ངང་ནས་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་པ་ལ་འབད་པར་བྱ་སྟེ། རྒྱན་ལས་ཀྱང༌། བྱིས་པ་ཡང་དག་ཉིད་བསྒྲིབས་ནས། །ཡང་དག་མ་ཡིན་ཀུན་ཏུ་སྣང༌། །བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང༌། །ཞེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་བསམ་གཏན་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །། ལེའུ་དགུ་པ། ཤེས་རབ་བསྐྱེད་ཚུལ་བསྟན་པ། ༦༽ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ། ༡ སྤྱི་དོན་ལ་བཞི། དེ་ལྟར་བསམ་གཏན་བསྒོམ་ཚུལ་བསྟན་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་ལ་སྤྱི་དོན་བཞི་སྟེ། བྱེད་ལས་མཚན་ཉིད་དབྱེ་བ་ཕན་ཡོན་ནོ། ། (༡) བྱེད་ལས། (དང་པོ་)བྱེད་ལས་ནི། དོན་དམ་ངེས་པའི་དོན་དེ་ཁོ་ན་ཉིད་ཀྱི་ཚུལ་དང༌། ཀུན་རྫོབ་དྲང་བའི་དོན་དགོངས་པ་ཅན་གྱི་ཚུལ་ལ་རབ་ཏུ་རྣམ་པར་ངེས་པའི་ཤེས་རབ་རྣམ་དག་ལ་བརྟེན་ནས། གདུལ་བྱར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་མཐའ་དག་སེལ་བར་བྱེད་ཅིང་སངས་རྒྱས་ཀྱི་བསྟན་པ་ལ་གུས་པར་བྱས་ནས། རང་དང་གཞན་གྱི་རྒྱུད་ལ་ཚོགས་གཉིས་ཀྱི་དགེ་བའི་ཡོན་ཏན་ཁྱད་པར་ཅན་རྣམས་གོང་ནས་གོང་དུ་འཕེལ་བར་བྱེད་པ་སྟེ། རྒྱན་ལས། དེ་ཉིད་དགོངས་དོན་ཚུལ་ལ་རབ་ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད། །དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །རང་གཞན་དགེ་བའི་ཡོན་ཏན་རྣམས་འཕེལ་བྱེད། །ཅེས་པ་ལྟར་རོ།