སྤྱོད་འཇུག་ས་འགྲེལ།

རེ་ཞིག་འགྲོགས་པའི་བར་ལ་ཡང་དཔེར་ན་ལམ་རིང་པོ་དག་དུ་ནི་མཐུན་པར་ཞུགས་པའི་མི་རྣམས་ཇི་ལྟར་འགྲོན་ཁང་ལ་སོགས་པའི་གནས་ནི་འཛིན་ཅིང་སྡོད་པར་བྱེད་པ་ལྟར། དེ་བཞིན་དུ་སྲིད་པ་འཁོར་བའི་ལམ་རིང་པོར་ཞུགས་པའང་ལས་མཐུན་པར་བསགས་པ་ལས་གཉེན་བཤེས་ལ་སོགས་པ་སྐྱེ་བའི་གནས་རིས་མཐུན་པ་ནི་ལྷན་ཅིག་ཡོངས་སུ་འཛིན་པ་ཙམ་མོ་ཞེས་འགྲོན་པོ་དང་འདྲ་བར་རྗེས་སུ་དྲན་པ་དང༌། མཐར་ཤི་བ་ན་གཉེན་བཤེས་ལ་སོགས་པའི་འཇིགས་རྟེན་པ་རྣམས་མྱ་ངན་གྱིས་ཀུན་ནས་གདུང་བཞིན་དུ་དུས་ཇི་སྲིད་སྐྱེས་བུ་བཞི་ཡིས་ནི་གྲོང་གི་གནས་དེ་ལས་རང་གི་ལུས་དེ་ནི་མ་བཏེག་ཅིང་མ་བཏོན་པའི་གོང་དེ་སྲིད་དུ་ནི་ནགས་སུ་སོང་ལ་དགེ་བ་ལ་བརྩོན་པར་གྱིས་ཤིག་ཅེས་དབེན་པའི་ཡོན་ཏན་རྗེས་སུ་དྲན་པར་བྱེད་པའོ། ། (ལྔ་པ་)མཚམས་སྦྱོར་བཟང་པོས་འཆི་བའི་ཡོན་ཏན་བསམ་པ་ནི། ཆགས་པའི་ཡུལ་གྱིས་གཉེན་བཤེས་མེད་ཅིང་ཁྲོ་བའི་ཡུལ་གྱི་མཁོན་པའང་མེད་པར་བྱས་ནས། རང་གི་ལུས་འདི་གཅིག་པུ་རི་ཁྲོད་དབེན་པ་རྣམས་སུ་གནས་ཏེ། སྔར་ཁྱིམ་ནས་སོང་ཕྱིན་ཆད་ཤི་བ་དང་འདྲ་བར་བརྩིས་ནས་རེ་ཐག་བཅད་པའི་ཕྱིར། ཕྱིས་ཤི་བར་གྱུར་པ་ནའང་མྱ་ངན་བྱེད་པ་སུ་ཡང་མེད་ཅིང༌། བྱ་དང་རི་དྭགས་དང་ལྗོན་པ་ལ་སོགས་པ་རང་གི་དྲུང་ན་འཁོད་པ་སུ་དག་ཀྱང་མྱ་ངན་གྱིས་གདུང་བ་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་གནོད་པ་བྱེད་པ་སུའང་མེད་པས། དབེན་པར་འཆི་བ་འདི་ཡིས་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་དང་གཏོང་བ་དང་ལྷ་རྗེས་སུ་དྲན་པ་ལ་སོགས་པ་ལ་སུས་ཀྱང་རྣམ་པར་གཡེངས་པར་འགྱུར་བ་མེད་པས་དགེ་བའི་ངང་ནས་བདེ་བར་འགྲོ་བ་སྟེ། མདོ་ལས་ཀྱང༌། ཚངས་སྤྱོད་ལེགས་པར་སྤྱད་པ་དང༌། །ལམ་ནི་ལེགས་པར་གོམས་པ་ཡིས། །འཆི་བའི་ཚེ་ནའང་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐར་བ་བཞིན། །ཞེས་པ་ལྟར་རོ། ། ⒉ དེ་ཉིད་བསྟེན་པར་གདམས་པ། (གཉིས་པ་)དེ་ཉིད་བསྟེན་པར་གདམས་པ་ནི། དབེན་པ་ལ་ཡོན་ཏན་མང་པོ་ཡོད་པ་དེ་བས་ན་ཤིན་ཏུ་མདངས་གསལ་ཤིང་ཉམས་དགའ་བའི་ནགས་ཚལ་བུ་སྨད་ལ་སོགས་པ་བསྐྱང་མི་དགོས་པས་ཚེགས་ཆུང་ལ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་བདེ་བ་སྐྱེད་པར་བྱེད་ཅིང་སྒོ་གསུམ་གྱི་རྣམ་པར་གཡེང་བ་ཐམས་ཅད་ཞི་བར་བྱེད་པར་བདག་ཉིད་གཅིག་པུ་རྟག་ཏུ་དབེན་པར་གནས་པར་བྱ་སྟེ། ཟླ་བ་སྒྲོན་མར་ཡང༌། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་དང་ནགས་ཁྲོད་བསྟེན་པར་གྱིས། །བསེ་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་པ་ལྟར་རོ། ། ༢༽རྣམ་རྟོག་སྤང་ཚུལ། (གཉིས་པ་)རྣམ་རྟོག་སྤང་ཚུལ་གཉིས་ལས། ➀ མདོར་བསྟན། (དང་པོ་)མདོར་བསྟན་ནི། དེ་ལྟར་ལུས་དབེན་པར་གནས་པས་འཇིག་རྟེན་གྱི་འདུ་འཛི་སྤངས་ནས། སེམས་ཀྱང་དབེན་པར་གནས་པའི་ཆེད་དུ་ཉོན་མོངས་པ་ཅན་དང་ལུང་མ་བསྟན་གྱི་རྣམ་པར་རྟོག་པའི་བསམ་པ་གཞན་ཐམས་ཅད་ནི་ཀུན་བཏང་ཞིང་སྤངས་ཏེ་བདག་གིས་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་རྩེ་གཅིག་ཏུ་སེམས་པ་གཅིག་པུ་ཡིས་སེམས་ནི་ཞི་གནས་ཏིང་ངེ་འཛིན་ལ་མཉམ་པར་གཞག་པར་བྱ་བའི་ཕྱིར་དང་ལྷག་མཐོང་ཤེས་རབ་ཀྱིས་དུལ་བར་བྱ་བའི་ཕྱིར་ཟུང་འཇུག་གི་ལམ་ཟབ་མོ་བསྒོམ་པ་ལ་བརྩོན་པར་བྱའོ། ། ➁ རྒྱས་བཤད། (གཉིས་པ་)རྒྱས་བཤད་ལ། འདོད་པ་ལ་སྐྱོ་བ་བསྐྱེད་དེ་སྤང་བ་དང༌། དབེན་པ་ལ་དགའ་བ་བསྐྱེད་དེ་སྤང་པའོ། ། ༡༽འདོད་པ་ལ་སྐྱོ་བ་བསྐྱེད་དེ་སྤང་བ། དང་པོལའང་གཉིས་ལས། ⒈ མདོར་བསྟན་པ། (དང་པོ་)མདོར་བསྟན་ནི། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཏུ་འདོད་པའི་ཡོན་ཏན་ལྔ་བོ་རྣམས་ལ་ལྷག་པར་ཆགས་ཤིང་བསྟེན་པ་ནི་ཕུང་ཁྲོལ་ཉེས་པ་སྣ་ཚོགས་སྐྱེད་པར་བྱེད་པ་སྟེ། དེའང་ཚེ་འདིར་ནི་གཞན་གྱི་བུད་མེད་ལ་སོགས་པ་བསྟེན་པས་གསད་པ་དང་བཅིང་བ་དང་གཅོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་ཞིང༌། ཕ་རོལ་ཏུ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོཊ་པའི་སྡུག་བསྔལ་མཐའ་ཡས་པ་སྒྲུབ་པས་འདོད་པ་ལ་འཕྲོ་བའི་རྣམ་པར་རྟོག་པ་སྤང་བར་བྱའོ། ། ⒉ རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། ནང་སེམས་ཅན་ལ་ཆགས་པའི་རྣམ་རྟོག་སྤང་བ་དང༌། ཕྱི་ཡོ་བྱད་ལ་ཆགས་པའི་རྣམ་རྟོག་སྤང་བའོ། ། ༡ ནང་སེམས་ཅན་ལ་ཆགས་པའི་རྣམ་རྟོག་སྤང་བ། དང་པོ་ལ། རང་བཞིན་ལ་བརྟགས་ཏེ་ཆགས་པ་སྤང་བ་དང༌། མི་གཙང་བར་དྲན་པས་ཆགས་པ་སྤང་བའོ། །དང་པོ་ལ་གསུམ་ལས། (དང་པོ་)ཉེས་པའི་རྩ་བར་བསམས་ཏེ་ཆགས་པ་སྤང་པ་ནི། གཉེན་དུ་སྡེབ་པ་དང༌། གཞན་གྱི་བུད་མེད་དགུག་པ་ལ་སོགས་པའི་ཆེད་དུ་བཏང་བའི་ཕོ་ཉས་ཕོ་ཉ་མོ་ལ་སྔོན་ཕན་ཚུན་ཕྲད་པར་བྱ་བ་གང་གི་ཕྱིར་དུ་ལན་དུ་མར་གསོལ་བ་བཏབ་ཅིང་ཕྱི་མར་གནོད་པའི་སྡིག་པ་རྣམས་སམ་ཚེ་འདིར་གནོད་པའི་གྲགས་པ་མིན་པ་ལའང་འདོད་པ་བསྟེན་པ་གང་གི་དོན་དུ་མ་འཛེམས་པར་འདི་དང་ཕྱི་མར་འཇིགས་པ་ཆེན་པོ་འབྱུང་བ་ལ་ཡང་བདག་ཉིད་སྤྲོ་བས་ཞུགས་ཤིང་གོས་དང་རྒྱན་དང་བཟའ་བཏུང་ལ་སོགས་པའི་དོན་དུ་ནོར་རྫས་རྣམས་ཀྱང་ཟད་པར་བྱས་པར་གྱུར་ཏེ། ཆགས་ཡུལ་གང་ལ་ཡོངས་སུ་འཁྱུད་པ་ན་མཆོག་ཏུ་དགའ་བ་མྱོང་བར་འགྱུར་བར་འདོད་པ་དེ་དག་ཉིད་ནི་ལེགས་པར་བརྟགས་ན་ཚིགས་སུམ་བརྒྱ་དྲུག་ཅུ་འབྲེལ་བའི་ཀེང་རུས་ལ་འཁྱུད་པ་ཉིད་ཡིན་གྱི་དེ་ལས་གཞན་མིན་ན་གཏན་དུ་རང་དབང་ཐོབ་པ་དང་ནི་བདག་གི་བར་གྲུབ་པ་མིན་པའི་ཟག་བཅས་ཀྱི་བདེ་བ་ལ་དང་པོར་རབ་ཏུ་འདོད་ཅིང་ཕྱིས་ཡོངས་སུ་ཞེན་ནས་ཅིའི་ཕྱིར་ཟག་མེད་ཀྱི་བདེ་བ་དང་ལྡན་པའི་མྱ་ངན་ལས་འདས་པའི་གོ་འཕང་དུ་མི་འགྲོ་སྟེ། འགྲོ་བར་རིགས་པས་འདོད་པ་བསྟེན་པ་ལ་ཆགས་པ་སྤང་བར་བྱའོ། ། (གཉིས་པ་)སྙིང་པོ་མེད་པར་བསམས་ཏེ་ཆགས་པ་སྤང་བ་ནི། ཆགས་ཡུལ་གྱི་བྱད་བཞིན་གང་ཞིག་དང་པོ་ལྟ་བར་འདོད་པས་འབད་དེ་བཏེག་ནས་སྟེང་དུ་དྲངས་ཀྱང་ངོ་ཚའི་དབང་གིས་འོག་ཏུ་ལྟ་ཞིང༌། དུར་ཁྲོད་དུ་མ་བསྐྱལ་བའི་སྔོན་དུ་ནི་སྔར་མཐོང་ངམ་མ་མཐོང་བ་ཡིན་ཡང་རུང༌། ཡུལ་བཅོམ་བརླག་པའི་ལུགས་ལ་སེང་རས་ཀྱིས་ཆུང་མའི་གདོང་པ་འགེབས་པ་ལྟ་བུ་ལ་སོགས་པ་གོས་ཀྱིས་གདོང་ནི་གཡོགས་པར་གྱུར་པ་ལ་ཡང་ཁྱོད་འབད་པས་ལྟ་བར་འདོད་ཅིང་ཉོན་མོངས་པར་གྱུར་པའི་ཆགས་ཡུལ་གྱི་གདོང་པ་དེ་ནི་ད་ལྟ་དུར་ཁྲོད་དུ་བསྐྱལ་བ་ན་མངོན་སུམ་དུ་གྱུར་པ་བཞིན་དུ་གོས་དང་བྲལ་ཞིང་བྱ་རྒོད་ཀྱིས་བསལ་བར་བྱས་པ་མཐོང་ནས་ད་ལྟ་ཅིའི་ཕྱིར་འཇིགས་པས་འབྱེར་ཞིང་འབྲོས་པར་བྱེད་དེ་འབྲོས་པར་མི་རིགས་ལ། ཅི་སྟེ་འབྲོས་ན་སྔོན་དུར་ཁྲོད་དུ་མ་བསྐྱལ་བའི་དུས་ན་ཆགས་པས་མཐོང་བར་འདོད་པ་ནི་མི་རིགས་སོ། །སྔོན་གཞན་རྣམས་ཀྱིས་མིག་གིས་བལྟ་ན་ཡང་ཆགས་ཡུལ་གང་ཞིག་ཡོངས་སུ་བསྲུངས་ཤིང་བསྐྱངས་པར་གྱུར་པ་ཡིན་པ་ལ། ཕྱིས་ཇི་སྲིད་དུ་ཆགས་ཡུལ་དེ་ནི་བྱ་རྒོད་ལ་སོགས་པ་དེ་དག་གིས་ཟ་བར་བྱེད་ན་དེའི་ཚེ་ཡང་སེར་སྣ་ཅན་ཁྱོད་བྱ་རྒོད་ལ་སོགས་པ་ཅིས་མི་བསྲུང་སྟེ་བསྲུང་དགོས་ལ། མི་བསྲུང་ན་ནི་སྔོན་ཡང་སེར་སྣས་བསྲུང་བར་མི་རིགས་སོ། །ལེགས་པར་བརྟགས་ན་ཕྱིས་དུར་ཁྲོད་དུ་ཤ་ཡི་ཕུང་པོ་ཆེན་པོ་འདི་མཐོང་ནས་བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་གཞན་གྱིས་ཟ་བར་བྱེད་པའི་ཁ་ཟས་ཡིན་པས་ན་སྔར་ནི་གཞན་བྱ་གཅན་གྱི་ཟས་ལ་རང་གིས་མེ་ཏོག་གི་ཕྲེང་བ་དང་ཙན་དན་གྱི་བྱུག་པ་དང་གདུ་བུ་ལ་སོགས་རྒྱན་གྱིས་མཆོད་པ་ཙམ་དུ་ཟད་དེ། སྡུག་པར་བཟུང་ནས་མཆོད་པར་བྱེད་པ་ནི་ཤིན་ཏུ་འཁྲུལ་བའོ། ། (གསུམ་པ་)འཇིགས་པའི་གནས་སུ་བསམས་ཏེ་ཆགས་པ་སྤང་པ་ནི། ཕྱིས་དུར་ཁྲོད་དུ་རྒལ་ཚིགས་ལ་སོགས་པའི་རུས་གོང་འཇིགས་སུ་རུང་བ་ཉིད་དུ་མཐོང་ནས་ནི་རྡོ་བ་ལྟར་མི་འགུལ་ཡང་ནི་ཡིད་ཁྱོད་སྐྲག་པར་བྱེད་ན་ད་ལྟ་རོ་ལངས་བཞིན་དུ་ཆགས་པའི་ཡུལ་འགའ་ཡིས་ཀྱང་བསྐྱོད་ཅིང་གཡོ་བར་གྱུར་བའི་དུས་ན་ཅིས་མི་འཇིགས་ཏེ་འཇིགས་པར་རིགས་ཤིང་ཆགས་པར་མི་རིགས་སོ། །ཆགས་ཡུལ་བུད་མེད་ལ་སོགས་པའི་ལུས་གང་ལ་གོས་དང་པགས་པ་ལ་སོགས་པས་གཡོགས་ཀྱང་སྐྱེས་བུ་འདི་ཆགས་པ་སྐྱེ་བར་འགྱུར་བ་ཡིན་ན། ཆགས་ཡུལ་དེ་གོས་དང་པགས་པ་ལ་སོགས་པས་མ་གཡོགས་པར་དུར་ཁྲོད་དུ་བོར་བ་ན་ཡང་ཅིས་མི་འདོད་དེ་འདོད་ཆགས་སྐྱེ་བར་རིགས་སོ། །འོན་ཏེ་མི་གཙང་བའི་རང་བཞིན་ཅན་གྱི་ཀེང་རུས་དེ་ལ་དགོས་པ་མེད་དོ་ཞེ་ན་ནི་པགས་པ་ལ་སོགས་པས་གཡོགས་པ་ལ་ནི་ཅིའི་ཕྱིར་འཁྱུད་ཅིང་ཆགས་པར་བྱེད་དེ་དེ་ལའང་ཆགས་པར་མི་རིགས་ཏེ་མི་གཙང་བའི་རང་བཞིན་ཅན་དུ་མཚུངས་བའི་ཕྱིར་རོ། ། (གཉིས་པ་)མི་གཙང་བ་དྲན་པས་ཆགས་པ་སྤང་བ་ལ། ངོ་བོ་ལ་བསམས་ཏེ་ཆགས་པ་སྤང་བ་དང༌། གཞན་ལའང་དཔགས་ཏེ་ཆགས་པ་སྤང་པའོ། །དང་པོ་ལ་གསུམ་ལས། (དང་པོ་)བརྟགས་ན་སྙིང་པོ་མེད་ཚུལ་ནི། རྒྱུ་ཁྱད་པར་མེད་པ་ཟས་ནི་གཅིག་པུ་ཉིད་ལས་ཆགས་ཡུལ་འདིའི་བཤད་པ་དང་ཁ་ཆུ་གཉི་ག་བྱུང་བར་གྱུར་པ་ཡིན་ན། དེ་དག་ལས་བཤད་པ་ལ་ནི་མི་དགའ་ཞིང་སྐྱུག་བྲོ་བར་འཛིན་ལ། ཁ་ཆུ་ལ་ནི་སྦྲང་རྩིའི་བཏུང་བ་བཞིན་དུ་འདོད་ལྡན་ཁྱོད་ཅིའི་ཕྱིར་དགའ་སྟེ་དགའ་ཞིང་ཆགས་པར་ནི་མི་རིགས་སོ། །ཅི་སྟེ་དྲི་ཞིམ་པ་ལ་དགའོ་སྙམ་ན། དེ་ལྟ་ན་ནི་ཤིང་བལ་རེག་ན་འཇམ་པས་གང་བ་ཡི་སྔས་འབོལ་ཡིད་དུ་འོང་བ་ལ་དགའ་ཞིང་འདོད་པར་མི་བྱེད་པར་མི་གཙང་བ་ལས་བྱུང་བའི་དྲི་ང་བ་འཛག་པ་མ་ཡིན་ཞེས་བསམས་ནས་འདོད་ལྡན་རྣམས་ཆགས་ཡུལ་གྱི་ལུས་མི་གཙང་བས་གང་བ་ལ་གཙང་བར་རྨོངས་ཏེ་དགའ་ཞིང་ཆགས་པ་ནི་ཤིན་ཏུ་རིགས་པ་མ་ཡིན་ནོ། །འདོད་ལྡན་ངན་པ་རྨོངས་པ་རྣམས། །ཤིང་བལ་རེག་ན་འཇམ་པ་ལའང༌། ཉལ་པོ་བྱ་བར་མི་ནུས་ཞེས། །དེ་ལ་ཁྲོ་བ་དག་ཏུ་བྱེད། །ཅེས་པ་ནི་རྒྱ་དཔེ་དང་འགྲེལ་བ་ན་མེད་པས་མ་བཤད་ཀྱང་རུང་ཞིང་འཆད་ནའང་གོ་སླ་བ་ཉིད་དོ། །གལ་ཏེ་མི་གཙང་བ་ལ་ཆགས་པ་མེད་དོ་ཞེ་ན་འོ་ན་མི་གཙང་བའི་ཁྱད་པར་ནང་གི་རུས་གཟེབ་རྣམས་ཕན་ཚུན་རྒྱུས་པས་སྦྲེལ་བ་ལ་ཕྱི་ནས་ཤ་ཡི་འདམ་གྱི་ཞལ་ཞལ་བྱས་པའི་ཆགས་ཡུལ་གཞན་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད་ཅིང་ཆགས་པར་བྱེད་དེ་ཆགས་པར་མི་རིགས་སོ། །འོན་ཏེ་མི་གཙང་བ་ཉིད་ལ་ཆགས་སོ་ཞེ་ན། ཁྱོད་ཉིད་རང་གི་ལུས་ལ་མཆིལ་མ་དང་སྣབས་དང་བཤང་གཅི་ལ་སོགས་པ་མི་གཙང་བའི་རྫས་རྣམ་པ་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་གཏན་དུ་སྤྱོད་པས་ཆོག་མོད་མི་གཙང་བའི་རྐྱལ་བ་གཞན་ཆགས་ཡུལ་གྱི་ལུས་དག་ལའང་མི་གཙང་བ་ལ་བརྐམ་ཞིང་ཆགས་པས་འདོད་པར་བྱེད་པ་ནི་རིགས་པ་མ་ཡིན་ནོ། ། (གཉིས་པ་)རེག་དང་ལྟ་བར་འདོད་ན་འཁྲུལ་ཚུལ་ནི། གལ་ཏེ་བདག་ནི་ཆགས་ཡུལ་གྱི་ཤ་རེག་བྱ་འཇམ་ཞིང་དབྱིབས་མཛེས་པ་འདི་ལ་དགའ་ཞིང་ཆགས་སོ་ཞེས་བསམས་ནས་ལུས་ཀྱིས་རེག་པ་དང་མིག་གིས་བལྟ་བར་འདོད་པ་ཡིན་ན་ད་ཀོ་འཇིམ་པའི་གོང་བུ་ལྟར་སེམས་མེད་པ་ཡི་རང་བཞིན་ཅན་གྱི་ཤ་འཇམ་ཞིང་སྡུག་པ་ནི་ཆགས་ལྡན་ཁྱོད་ཀོ་རེག་པ་དང་ལྟ་བར་ཅིས་མི་འདོད་དེ་འདོད་པར་རིགས་སོ། །དེ་ནི་མི་འདོད་དེ་སེམས་ཡོད་པ་ལ་རེག་ཅིང་བལྟའོ་སྙམ་ན་ཁྱོད་འདོད་པའི་སེམས་གང་ཡིན་པ་དེ་ནི་གཟུགས་ཅན་མ་ཡིན་པས་རེག་པ་དང་བལྟ་བར་མི་ནུས་ལ་གང་ཞིག་རེག་པ་དང་བལྟ་བར་ནུས་པའི་ཆགས་ཡུལ་གྱི་ལུས་དེ་ནི་ཁྱོད་འདོད་པའི་སེམས་སམ་ཤེས་པ་མིན་ན། ཤ་དང་སེམས་གང་ལ་བརྟགས་ཀྱང་ཆགས་པའི་དོན་མེད་བཞིན་དུ་འཁྱུད་ཅིང་ཞེན་པ་དེས་ཅི་ཞིག་བྱ་སྟེ་ཤིན་ཏུ་འཁྲུལ་བར་ཟད་དོ། ། (གསུམ་པ་)འཁྲུལ་བ་ཅན་ལ་སྨད་པ་ནི། མི་གཙང་བ་མང་པོའི་རང་བཞིན་ཅན་ཆགས་ཡུལ་གཞན་གྱི་ལུས་རེ་ཞིག་ལྐོག་དུ་གྱུར་པ་ནི་མི་གཙང་བར་མི་རྟོགས་པ་དག་ངོ་མཚར་མི་ཆེ་ཡི། རང་ཉིད་ཀྱི་ལུས་མི་གཙང་བའི་རང་བཞིན་ཉིད་ཡིན་པར་མངོན་སུམ་དུ་གྱུར་ཀྱང་རྟོགས་པར་མི་འགྱུར་བ་འདི་ནི་ངོ་མཚར་ཆེ་སྟེ་ཤིན་ཏུ་རྨོངས་པའོ། །ཅི་སྟེ་ཁ་དོག་དང་དབྱིབས་དང་དྲི་དང་རེག་བྱ་ལ་ཆགས་ན་སྤྲིན་དང་བྲལ་བའི་དུས་ཀྱི་ཉི་མའི་འོད་ཟེར་གསལ་པོ་དག་གིས་ཁ་ཕྱེ་ཞྀང་རྣམ་པར་རྒྱས་པའི་མེ་ཏོག་པདྨ་གཞོན་ནུ་ལ་ཆགས་པར་རིགས་མོད། དེ་ལ་ཆགས་པ་སྤངས་ནས་ནི་མི་གཙང་བ་ལ་ཞེན་པའི་སེམས་ཀྱིས་ནི་མི་གཙང་བ་མང་པོས་གང་བའི་གཟེབས་སམ་སྣོད་དུ་གྱུར་པའི་ལུས་ལ་ཅིའི་ཕྱིར་དགའ་སྟེ་དགའ་ཞིང་ཆགས་པ་ནི་མི་རིགས་སོ། ། (གཉིས་པ་)གཞན་ལའང་དཔགས་ཏེ་ཆགས་པ་སྤང་པ་ལ་བརྒྱད་ལས། (དང་པོ་)མི་གཙང་གནས་ལ་རེག་པ་སྤང་ཚུལ་ནི། ས་ཕྱོགས་དང་གོས་ལ་སོགས་པ་བཤང་གཅི་ལ་སོགས་པའི་མི་གཙང་བ་དག་གིས་གོས་པ་ལའང་གལ་ཏེ་ཁྱོད་རེག་པར་མི་འདོད་པ་ཡིན་ན་ཆགས་ཡུལ་གང་ལས་མི་གཙང་བ་དེ་དག་ནི་བྱུང་བར་གྱུར་བའི་ལུས་མི་གཙང་བ་མང་པོའི་འབྱུང་གནས་ལ་ཆགས་ལྡན་ཁྱོད་རེག་པར་ཇི་ལྟར་འདོད་དེ་འདོད་པ་ནི་མི་རིགས་པས་སྤང་བར་བྱའོ། ། (གཉིས་པ་)རྒྱུ་ལ་བསམས་ཏེ་ཆགས་པ་སྤང་ཚུལ་ནི། གལ་ཏེ་བཤང་གཅི་ལ་སོགས་པའི་མི་གཙང་བ་ལ་ཆགས་ཤིང་རེག་པར་འདོད་པ་མེད་དོ་སྙམ་ན། མི་གཙང་བ་མང་པོ་སྐྱེ་བའི་ཞིང་དང་འདྲ་བ་མའི་མངལ་ལས་བྱུང་བར་གྱུར་ཅིང་མི་གཙང་བ་དེ་ཡི་ས་བོན་ཁུ་ཁྲག་ལ་སོགས་པ་དེས་བསྐྱེད་ཅིང་འཕེལ་བར་བྱས་པའི་གཞན་གྱི་ལུས་མི་གཙང་བ་སྣ་ཚོགས་པའི་རྒྱུ་ལས་གྲུབ་པ་དེ་ཆགས་ལྡན་ཁྱོད་ཅྀའི་ཕྱིར་པང་དུ་འཁྱུད་དེ་འཁྱུད་ཅིང་ཆགས་པ་ནི་རིགས་པ་མ་ཡིན་ནོ། །ཡང་ཕྱི་ས་ལ་སོགས་པ་མི་གཙང་བ་ལས་བྱུང་བའི་མི་གཙང་བའི་སྲིན་བུ་ཆུང་ངུའང་ཁྱོད་འདོད་པར་མི་བྱེད་པ་ཡིན་ན། ཤ་དང་པགས་པ་དང་སྣབས་དང་མཆིལ་མ་ལ་སོགས་པ་མི་གཙང་བ་མང་པོ་དག་གི་རང་བཞིན་ཅན་གྱི་ལུས་རྒྱུ་མི་གཙང་བ་སྣ་ཚོགས་པ་ལས་སྐྱེས་བའང་འདོད་པར་བྱེད་པ་ནི་མི་རིགས་སོ། །ཆགས་ལྡན་ཁྱོད་ནི་རང་གི་ལུས་མི་གཙང་བའི་རང་བཞིན་ཅན་ལ་སྨོད་ཅིང་ཡིད་འབྱུང་བར་མི་བྱེད་པ་མ་ཟད་ཀྱི་མི་གཙང་བས་གང་བའི་རྐྱལ་བ་མི་གཙང་བ་མང་པོ་ཅན་ལ་བརྐམ་ཞིང་ཆགས་པས་གཞན་གྱི་ལུས་མི་གཙང་བ་ཡང་འདོད་པར་བྱེད་པ་ནི་ཤིན་ཏུ་སྨད་པའི་གནས་ཡིན་ནོ། ། (གསུམ་པ་)དེ་ཡིས་གཞན་ཡང་བཙོག་པར་བྱེད་ཚུལ་ནི། ག་བུར་དང་གུར་གུམ་ལ་སོགས་པ་ཡིད་དུ་འོང་བའི་དངོས་པོ་དང༌། སཱ་ལུའི་འབྲས་ཆན་བཟང་པོ་དག་གམ་སྔོ་ངད་ཞིམ་པོའི་ཚོད་མའང་རུང་ལན་ཅིག་ཁར་བཅུག་ནས་སླར་ཕྱིར་ཕྱུང་སྟེ་བོར་བ་ཡིས་ས་གཞི་གཙང་མ་ལ་གོས་ན་ཡང་ངན་སྐྱུགས་ཀྱིས་སྦགས་པའོ་ཞེས་མི་གཙང་ཞིང་བཙོག་པར་འགྱུར་བ་ཡིན་ན། གང་གིས་མི་གཙང་བར་བྱེད་པའི་ལུས་དེ་ལ་ཆགས་པ་ནི་མི་འཐད་དོ། ། (བཞི་པ་)གཞན་ལའང་བལྟས་ཏེ་རྣམ་པར་དཔྱད་ཚུལ་ནི། གལ་ཏེ་རྒྱུ་དང་ངོ་བོ་དང་འབྲས་བུའི་སྒོ་ནས་མི་གཙང་བར་གྱུར་བའི་རང་བཞིན་གྱི་ལུས་འདི་འདྲ་བ་མངོན་སུམ་དུ་མཐོང་བར་གྱུར་ཀྱང་མི་གཙང་བ་ཡིན་མ་ཡིན་ཐེ་ཚོམ་ཟ་ན་དུར་ཁྲོད་དག་ཏུ་བོར་བའི་ལུས་རྣམ་པར་སྔོས་པ་རྣམ་པར་གནག་པ་རྣམ་པར་འབུས་གཞིགས་པ་མི་གཙང་བའི་གཟུགས་འཇིགས་སུ་རུང་བ་གཞན་ཡང་བལྟ་བར་གྱིས་ལ་ཆགས་ཡུལ་གྱི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་འདི་ལྟ་བུའི་རང་བཞིན་ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་བརྟག་པར་བྱའོ། །ལུས་གང་ལས་པགས་པའི་ཁ་ཕྱེ་ན་ཁྲག་དང་ནང་ཁྲོལ་དང་ཕྱི་ས་ལ་སོགས་པ་མཐོང་ནས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་ཇི་ལྟར་ལུས་དེ་ཉིད་ལ་འཇིགས་པར་མི་བྱེད་པར་ཕྱིར་ཞིང་ངོམས་པ་མེད་པའི་དགའ་བ་སྐྱེ་བར་འགྱུར་བ་ནི་ཤིན་ཏུ་འཁྲུལ་བའོ། ། (ལྔ་པ་)གཞན་རྒྱུས་གཞན་ལ་ཆགས་པ་སྤང་ཚུལ་ནི། ནང་མི་གཙང་ཡང་ཕྱི་དྲྀ་ཞིམ་པ་ལ་ཆགས་སོ་ཞེ་ན་ལུས་ལ་བསྐུས་པའི་དྲི་ཞིམ་པར་སྣང་བ་དེ་ཡང་ཙན་དན་དང་གླ་རྩི་ལ་སོགས་པའི་ཡིན་གྱི་གཞན་ལུས་ལས་བྱུང་བ་ནི་མིན་ན་གཞན་ཙན་དན་ལ་སོགས་པ་ཉིད་ཀྱི་དྲི་དེས་གཞན་ལུས་མི་གཙང་བ་དག་ལ་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་ཆགས་པ་ནི་མི་རིགས་སོ། །གལ་ཏེ་ལེགས་པར་བརྟགས་ན་རང་བཞིན་གྱི་དྲི་ང་ཞིང་མི་གཙང་བ་ཡིན་པས་ལུས་འདི་ལ་མ་ཆགས་པ་ན་ལེགས་པ་མིན་ནམ་སྟེ་ཤིན་ཏུ་ལེགས་ལ་དེ་ལྟ་ན་ཡང་འཇིག་རྟེན་ན་གཙང་བའི་དོན་མེད་པ་ལ་སྲེད་ཅིང་ཆགས་པ་དག་ཅི་སྟེ་ལུས་མི་གཙང་བའི་དངོས་པོ་དེ་ལ་ཙན་དན་ལ་སོགས་པའི་དྲི་ཞིམ་པོ་སྐུད་དེ་དེ་ལྟར་བྱེད་པ་ནི་དྲི་བཟང་པོ་ཆུད་གསོན་པའོ། །འོན་ཏེ་དྲི་ཞིམ་པར་སྣང་བ་ནི། ཙན་དན་ལ་སོགས་པའི་ཡིན་ཡང་དེ་ཉིད་ལ་ཆགས་སོ་སྙམ་ན། འོ་ན་ཆགས་ཡུལ་གྱི་ལུས་མི་གཙང་བ་ལས་འདིར་ནི་རུལ་བའི་དྲི་མིན་པ་ཅི་ཞིག་འབྱུང་སྟེ་མི་འབྱུང་བས་གཞན་ཙན་དན་ལ་སོགས་པ་ཉིད་ཀྱི་དྲི་ཡིས་གཞན་ལུས་མི་གཙང་བའི་དངོས་པོ་དག་ལ་རྒྱུ་མཚན་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་ཆགས་པ་ནི་རིགས་པ་མ་ཡིན་ནོ། ། (དྲུག་པ་)འཇིགས་པའི་གནས་ལ་ཞེན་པ་རྨོངས་ཚུལ་ནི། གལ་ཏེ་ཆགས་ཡུལ་གྱི་ལུས་འདི་གོས་ཀྱིས་མ་གཡོགས་ཤིང་འདྲེག་སྤྱད་དང་ཁྲུས་ལ་སོགས་པའི་ཕྱི་དོར་མ་བྱས་ན་ནི་སྐྲ་དང་སེན་མོ་མ་བྲེགས་པས་ཤིན་ཏུ་རིང་བ་དང་སོ་སྐྱ་ཞིང་མ་བཀྲུས་པས་དྲི་མར་བཅས་པ་དང༌། འདམ་རྫབ་རུལ་བ་ལྟ་བུ་ཉིད་ཀྱི་དྲིས་བསྒོས་ཤིང་གཅེར་བུར་གྱུར་པ་སྟེ་ལུས་ཀྱི་རང་བཞིན་ལ་བསམས་ན་ཡི་དྭགས་སམ་གཤིན་རྗེ་ལྟ་བུར་འཇིགས་སུ་རུང་བ་དང་བཅས་པ་ཉིད་ཡིན་ན་རང་ལ་གནོད་པའི་མཚོན་ཆ་རལ་གྲི་ལ་སོགས་པར་རང་གིས་བྱི་དོར་བྱེད་པ་བཞིན་དུ་ཆགས་ཡུལ་དེ་ལ་འབད་ནས་ཁྲུས་དང་བྱུག་པ་ལ་སོགས་པས་ཅིའི་ཕྱིར་བྱི་དོར་བྱེད་དེ། དེ་ལྟར་བྱེད་པ་ནི་འཁྲུལ་པ་ཡིན་པས་སྲེད་ལྡན་རྣམས་བདག་དང་བདག་གིར་འཛིན་པ་ལ་རྨོངས་ཤིང་ཞེན་པའི་འབད་པ་ཡིས་འདོད་པའི་མྱོས་ཆུ་འཐུངས་ཏེ་སྨྱོས་ཤིང་སེམས་རྣལ་དུ་མི་གནས་པ་རྣམས་ཀྱིས་སའི་སྟེང་འདི་ཀུན་ཏུ་འཁྲུགས་ཤིང་ཁྱབ་པར་བྱས་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་ནོ། ། (བདུན་པ་)གྲོང་གི་གནས་ལ་དགའ་བ་སྤང་ཚུལ་ནི། ཤི་བའི་རོ་རྣམ་པར་འཐོར་བའི་རུས་གོང་འགའ་ཞིག་མཐོང་ནས་ནི་གནས་དུར་ཁྲོད་དུ་སླེབ་པ་ན་ནི་མི་སྡུག་པའི་འདུ་ཤེས་ཀྱིས་ཡིད་འབྱུང་ཞིང་མི་དགའ་བར་བྱེད་ན། དབུགས་རྒྱུ་བས་གཡོ་བ་དང་བཅས་པའི་རུས་གོང་གིས་ཁྱབ་པའི་གྲོང་ཁྱེར་དག་གི་གནས་ཀྱང་དུར་ཁྲོད་དང་འདྲ་བ་ཡིན་བཞིན་དུ་དེ་ལ་ལྷག་པར་དགའ་འམ་སྟེ་དགའ་ཞིང་ཆགས་པ་ནི་རིགས་པ་མ་ཡིན་ནོ། ། (བརྒྱད་པ་)འདི་དང་ཕྱི་མར་གནོད་པར་འགྱུར་ཚུལ་ནི། དེ་ལྟར་མི་གཙང་ཞིང་སྙིང་པོ་མེད་པར་གྱུར་པའི་ཆགས་ཡུལ་གྱི་ལུས་དེ་ཡང་ཕལ་ཆེར་ནོར་རིན་དུ་བྱིན་པ་མེད་པར་ནི་མི་རྙེད་དོ། །དེས་ན་ཚེ་འདིར་དེའི་དོན་དུ་ནོར་སྒྲུབ་པ་ལ་སོགས་པས་ཤ་ཐང་ཞིང་ཉམ་ཐག་པས་གནོད་པ་དང༌། ཕྱི་མ་ལ་མི་དགེ་བའི་འབྲས་བུ་དམྱལ་བ་ལ་སོགས་པར་སྡུག་བསྔལ་དྲག་པོ་མྱོང་པས་གནོད་པར་འགྱུར་བའི་ཕྱིར་ནང་སེམས་ཅན་ལ་ཆགས་པའི་རྣམ་པར་རྟོག་པ་སྤང་པར་བྱའོ། ། ༢ ཕྱི་ཡོ་བྱད་ལ་ཆགས་པའི་རྣམ་རྟོག་སྤང་བ། (གཉིས་པ་)ཕྱི་ཡོ་བྱད་ལ་ཆགས་པའི་རྣམ་རྟོག་སྤང་པ་ལ། འདོད་པ་སྤྱད་པའི་གནས་སྐབས་མེད་ཚུལ། ཚེ་འདིར་སྡུག་བསྔལ་མང་པོ་བསྐྱེད་ཚུལ། གཏན་དུ་འཁོར་བའི་གནས་སུ་འཆིང་ཚུལ། དེས་ན་འདོད་པས་སྐྱོ་བ་བསྐྱེད་ཚུལ་ལོ། ། དང་པོ་ནི། བྱིས་པའི་གནས་སྐབས་སུ་གྱུར་པས་ནོར་སྤེལ་བར་མི་ནུས་པས་ལོངས་སྤྱོད་ལ་བསྟེན་པའི་བདེ་བ་མྱོང་བ་མེད་ལ། ལང་ཚོ་དར་ལ་བབ་པ་ན་ཡང་ལོངས་སྤྱོད་ལ་བརྟེན་ནས་འདིས་ཇི་ལྟར་བདེ་བ་མྱོང་སྟེ་ནོར་སོག་པ་དང༌། སྲུང་བའི་སྒོ་ནས་སྡུག་བསྔལ་བར་གནས་པའི་ཕྱིར་རོ། །གལ་ཏེ་གཞོན་པའི་དུས་སུ་ནོར་སོག་པར་བྱེད་ན་ཡང་དེ་ཡིས་ཚེ་ཡོངས་སུ་གཏུགས་ཤིང་ཟད་པར་གྱུར་ན་རྒས་ནས་འདོད་པ་ལ་ལོངས་སྤྱོད་པའི་བདེ་བས་ཅི་ཞིག་བྱ་སྟེ། སྤྱད་ལོང་མེད་ཅིང་སྤྱད་པར་ཡང་མི་ནུས་པའི་ཕྱིར་རོ། ། (གཉིས་པ་)སྡུག་བསྔལ་སྐྱེད་ཚུལ་ནི། འདོད་ཡོན་ལ་ཆགས་པ་དང་ལྡན་པའི་ངན་པ་ཁ་ཅིག་ནི་ཉིན་པར་རངས་པོ་ཞིང་རྨོ་བ་དང༌། རྩྭ་ཐུ་བ་དང་ཤིང་ལེན་པ་ལ་སོགས་པའི་ལས་ཁུར་གྱིས་ཡོངས་སུ་དུབ་ཅིང་ངལ་བར་བྱས་ཏེ། ཉི་མ་ནུབ་པ་དང་ཁྱིམ་དུ་འོངས་ནས་ཐང་ཆད་པའི་ལུས་མཚན་མོ་རངས་པོ་ཤི་བའི་རོ་དང་འདྲ་བར་ཉལ་ཞིང་གཉིད་ལོག་པར་བྱེད་ལ། ཡང་སད་མ་ཐག་ལས་དམན་པ་དེ་ལ་འཇུག་པས་ཁོར་ཡུག་ཏུ་སྡུག་བསྔལ་བར་གནས་སོ། །ཡང་འདོད་ལྡན་ཁ་ཅིག་ནི་ཆོམ་རྐུན་དང་ཚོང་ཁེ་ལ་སོགས་པའི་དོན་དུ་བྱེས་ལམ་རིང་པོར་བགྲོད་པས་ངལ་ཞིང་ཉོན་མོངས་པ་དང་ཡུན་རིང་དུ་སོང་བའི་སྡུག་བསྔལ་ཅན་དག་ནོར་མང་པོ་བླངས་ཏེ་བུ་སྨད་དང་ལྷན་ཅིག་ལོངས་སྤྱད་པར་འདོད་བཞིན་དུ་རང་གི་བུ་སྨད་རྣམས་ཁྱུད་ཁོར་དུ་ལོངས་བའི་ལོ་དུ་མས་ཀྱང་མཐོང་བར་མི་འགྱུར་བས་སྡུག་བསྔལ་བར་གནས་སོ། །ཡང་གླ་མི་ལ་སོགས་པ་ཁ་ཅིག་བདག་ཉིད་ལ་ཕན་པར་འདོད་ཀྱང་དེའི་ཐབས་ལ་རྣམ་པར་རྨོངས་པས་ལོངས་སྤྱོད་གང་ཞིག་ཐོབ་པར་བྱ་བའི་དོན་ཉིད་ཀྱི་ཆེད་དུ་རང་གི་ལུས་རེ་ཞིག་བཙོངས་བར་གྱུར་ན་ཡང་ལོངས་སྤྱོད་ལ་བརྟེན་པའི་བདེ་བ་དེ་མ་ཐོབ་པར་དོན་མེད་པའི་གཞན་གྱི་ལས་སྣ་ཚོགས་པ་སྒྲུབ་དགོས་པ་ཉིད་ཀྱི་རླུང་གིས་བདས་ནས་སྡུག་བསྔལ་ཞིང༌། བྲན་ལ་སོགས་པ་ལ་ལ་རང་གི་ལུས་རྩ་བ་ནས་བཙོངས་ཤིང་རང་དབང་མེད་པར་རྗེ་བོ་གཞན་གྱིས་རྟག་ཏུ་བཀོལ་བར་གྱུར་ཏེ། གལ་ཏེ་ཆུང་མ་དག་ལ་བུ་བྱུང་བར་གྱུར་ནའང་གནས་ཤིང་དྲུང་དང་འབྲོག་དགོན་པ་དང་རི་བྲག་དང་ཆུ་འགྲམ་ལ་སོགས་པར་གར་བབ་བབ་ཏུ་འབྱུང་བས་སྡུག་བསྔལ་ལ། དམག་མི་ལ་སོགས་པ་འདོད་ཡོན་ལ་ཆགས་པས་བསླུས་པའི་གླེན་པ་གཏི་མུག་ཅན་དག་ཡོ་བྱད་ཀྱིས་འཚོ་བར་འདོད་པས་འཚོ་བ་བསྒྲུབ་པར་བྱའོ་ཞེས་བསམས་ནས། རང་གི་སྲོག་གཏོར་དུ་དོགས་བཞིན་དུའང་དགྲ་མང་པོས་གང་བའི་གཡུལ་དུ་འཇུག་ཅིང་རྒྱལ་པོ་མཉེས་པ་ལ་སོགས་པས། སེམས་ཁེངས་བ་ཐོབ་པའི་ཕྱིར་ཉིན་མཚན་དུ་དལ་བ་མེད་པ་རྒྱལ་པོ་གཏུམ་པོའི་བྲན་དུ་འགྲོ་བའམ་ཡོ་བྱད་ཀྱི་ཁེ་ཅུང་ཟད་རྙེད་པའི་ཕྱིར་དུ་རྗེ་བོ་གཏུམ་པོའི་བྲན་དུ་འགྲོ་བར་བྱེད་པས་སྡུག་བསྔལ་ལོ། །འདོད་ཡོན་ལ་ཞེན་པ་དང་ལྡན་པ་ལ་ལ་གཞན་གྱིས་ལོངས་སྤྱོད་ལ་ཆོམ་རྐུན་བྱས་པས་རང་གི་ལུས་ཀྱང་མཚོན་ཆས་བཅད་པ་དང༌། ཁ་ཅིག་ནི་རྒྱལ་པོའི་ཆད་པས་གསལ་ཤིང་རྣོན་པོའི་རྩེ་མོ་ལ་བཙུགས་པ་དང༌། ཁ་ཅིག་ནི་མདུང་ཐུང་དག་གིས་བསྣུན་པ་དང༌། ཁ་ཅིག་ནི་མེ་ཆེན་པོས་བསྲེགས་པ་དག་ཀྱང་སྣང་བས་སྡུག་བསྔལ་བར་མཐོང་བའི་ཕྱིར་འདོད་ཡོན་ལ་ཆགས་པ་སྤང་བར་བྱ་སྟེ། གང་ཞིག་ཆགས་པས་ནོར་འཛིན་པ། །དེ་ལ་འཇིགས་པ་ཆར་བཞིན་འབབ། །འཛིན་མེད་བག་ཡངས་བདེ་བའི་རྒྱུ། །ཉ་རོ་དང་ནི་ཆུ་སྐྱར་བཞིན། །ཞེས་པ་ལྟར་རོ། ། (གསུམ་པ་)འཁོར་བར་འཆིང་ཚུལ་ནི། དང་པོར་མེད་པ་ན་ཚོལ་ཞིང་བསགས་པའི་སྡུག་བསྔལ་དང༌། བར་དུ་ཆུད་ཟོས་སུ་དོགས་ནས་བསྲུང་བའི་སྡུག་བསྔལ་དང༌། མཐར་ཆོམ་རྐུན་ལ་སོགས་པས་བརླག་པའི་སྡུག་བསྔལ་རྣམས་ཀྱིས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་ནོར་ནི་ཐོག་མཐའ་བར་གསུམ་དུ་ཕུང་ཁྲོལ་མཐའ་ཡས་པ་སྐྱེད་པའི་རྩ་བར་ཤེས་པར་བྱ་སྟེ་དེ་བས་ན་ནོར་ལ་ཆགས་ཤིང་ཞེན་པས་སེམས་རྣམ་པར་གཡེངས་པར་གྱུར་པ་རྣམས་ནི་ཏིང་ངེ་འཛིན་སྒོམ་པའི་ལོང་མེད་པས་སྲིད་པ་འཁོར་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་བའི་སྐབས་མེད་དོ། །བཤེས་སྤྲིང་དུའང༌། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་པ། །དེ་ལྟར་འདོད་པ་ཆུང་རྣམས་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་པ་ལྟར་རོ། ། (བཞི་པ་)སྐྱོ་བ་བསྐྱེད་ཚུལ་ལ་གསུམ་ལས། (དང་པོ་)ཉེས་དམིགས་དཔེ་ཡིས་བསྟན་པ་ནི། འདོད་ཡོན་ལ་ཆགས་པ་དང་ལྡན་པ་རྣམས་ལ་སྔར་བཤད་པ་དེ་དག་ལ་སོགས་པའི་སྡུག་བསྔལ་གྱི་ཉེས་དམིགས་ཤིན་ཏུ་མང་ལ་བདེ་བའི་མནོག་ཐོབ་པ་ཆུང་བ་ཉིད་དེ། དཔེར་ན་ཤིང་རྟ་ཆེན་པོ་འདྲེན་པའི་ཕྱུགས་མང་པོ་དག་ལས་ཁ་ཅིག་གིས་མནོག་ཆུང་ངུ་རྩྭ་ནི་ཁམས་འགའ་ཟོས་པ་ན་ཉེས་དམིཊ་ཆེན་པོ་ལུས་འཁོར་ལོས་བཅོམ་ནས་སྡུག་བསྔལ་བར་གནས་པ་བཞིན་ནོ། །ཤིན་ཏུ་བླུན་པ་ཕྱུགས་ཀྱི་བསྒྲུབས་ནའང་མི་དཀོན་ཞིང་རྙེད་སླ་བའི་འདོད་ཡོན་གྱི་བདེ་བ་མནོག་ཆུང་ལ་ཉེས་དམིགས་ཆེ་བ་གང་ཡིན་པ་དེ་བསྒྲུབ་པའི་དོན་དུ་དལ་འབྱོར་གྱི་ལུས་ཕུན་སུམ་ཚོགས་པ་རྙེད་པར་དཀའ་བའི་མཆོག་རྙེད་པ་འདི་ཉིད་སྔོན་གྱི་ལས་དང་ཉོན་མོངས་པ་སྣ་ཚོགས་ཀྱིས་མནར་བ་རྣམས་ཀྱིས་བཅོམ་ཞིང་དོན་མེད་པར་བྱས་པ་ནི་སྙིང་རྗེ་བའི་གནས་ཡིན་ནོ། ། (གཉིས་པ་)དོན་མེད་དཀའ་བ་སྤྱད་ཚུལ་ནི། འདོད་ཡོན་ལ་བརྟེན་པའི་བདེ་བ་ནི་མི་རྟག་པ་མི་བརྟན་པ་སླུ་བའི་ཆོས་ཅན་ཡིན་པས་ངེས་པར་འཇིག་པར་འགྱུར་ཞིང༌། དེའི་དོན་དུ་སྡིག་པ་སྤྱད་པས་ངན་སོང་དམྱལ་བ་ལ་སོགས་པར་ཡང་ལྟུང་བར་བྱེད་པ་ཡིན་ལ། ཟག་པ་མེད་པའི་བདེ་བ་ལ་ལྟོས་ན་བདེ་བ་ཆེན་པོ་ཐོབ་པའང་མིན་པའི་ཕྱིར་འཁོར་བ་ཐོག་མཐའ་མེད་པའི་དུས་ཡུན་རིང་བོ་ཀུན་ཏུ་འདོད་ཡོན་སྒྲུབ་པའི་དཀའ་སྤྱད་ཀྱིས་ངལ་ཞིང་དུབ་པའི་ཚེགས་ཆེན་པོ་འབྱུང་བ་གང་ཡིན་པ་དེ་ཡི་བྱེ་བའི་ཆ་ཤས་ཙམ་གྱི་ཚེགས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་ལ་འབད་ན་སངས་རྒྱས་ཉིད་འགྲུབ་པ་ཡིན་པ་ལ། དེ་ལྟ་ན་ཡང་འདོད་ལྡན་རྣམས་ཐབས་སླ་ལ་ཕན་ཡོན་ཆེ་བའི་བྱང་ཆུབ་ཀྱི་སྤྱོད་པ་རིགས་ཤིང་འོས་པ་བཞག་ནས། དེ་བས་མི་རིགས་ཤིང་མི་འོས་པ་རྒྱུའི་དུས་ན་སྡུག་བསྔལ་ཆེ་ལ་འབྲས་བུའི་དུས་ན་བྱང་ཆུབ་ཀྱི་བདེ་བ་མེད་པའི་དཀའ་སྤྱད་ལ་འཇུག་པ་ནི་ཤིན་ཏུ་འཁྲུལ་བའོ། ། (གསུམ་པ་)ཉེས་པ་དཔེ་ལས་འདས་ཚུལ་ནི། འབྲས་བུ་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་པ་ལ་བསམས་པར་བྱས་ན་རྒྱུ་མི་དགེ་བ་སྣ་ཚོགས་འབྱུང་བའི་གཞི་འདོད་པའི་ཡོན་ཏན་རྣམས་ཀྱི་ཉེས་དམིགས་ལ་བསམས་ན་མཚོན་ཆས་གཅོད་པ་དང་ནི་དུག་གིས་གསོད་པ་དང་མེས་བསྲེག་པ་དང་གཡང་སར་ལྟུང་བ་དང་དགྲས་འཇོམས་པ་རྣམས་ཀྱིས་ཀྱང་དཔེར་མི་ཕོད་དེ། དེ་དག་གིས་ནི་སྲོག་དང་བྲལ་བ་ཙམ་བྱེད་མོད་ངན་འགྲོར་འཕེན་མི་ནུས་པའི་ཕྱིར་རོ། །རྒྱུད་བླ་མར་ཡང༌། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱིས་མེ་དང་ནི། །མི་བཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་ཀྱི། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །ཞེས་པ་ལྟར་རོ། ། ༢༽དབེན་པ་ལ་དགའ་བ་བསྐྱེད་དེ་སྤང་བ། (གཉིས་པ་)དབེན་པ་ལ་དགའ་བ་བསྐྱེད་ཚུལ་ལ། ཐུན་མོང་དུ་བསྟན་པ་དང༌། དགའ་བའི་ཁྱད་པར་རོ། །དང་པོ་ནི། སྔར་བརྗོད་པའི་ཚུལ་དེ་ལྟར་འདོད་པའི་ཉེས་དམིགས་ལ་སྐྱོ་ཞིང་ཡིད་འབྱུང་བར་བྱས་ནས་དབེན་པའི་ཡོན་ཏན་ལ་ནི་དགའ་ཞིང་སྤྲོ་བ་བསྐྱེད་པར་བྱ་སྟེ། དེའང་འགྲན་ཟླ་མེད་པས་རྩོད་པས་སྟོང་པ་དང་ཆགས་སྡང་གི་ཡུལ་མེད་པས་ཉོན་མོངས་པ་རྣམས་ཀྱིས་ཀྱང་སྟོང་པར་གྱུར་ལ། འཚེ་བ་དང་རྣམ་རྟོག་ངང་གིས་ཞི་བའི་ནགས་ཚལ་ཡིད་དུ་འོང་བ་རྣམས་ཀྱི་ནང་དག་ཏུ་གནས་པས་སོ། ། (གཉིས་པ་)ཁྱད་པར་ལ་གཉིས་ལས། (དང་པོ་)རྒྱལ་པོ་ལས་མཆོག་ཏུ་འགྱུར་ཚུལ་ནི། རྒྱལ་པོ་ལོངས་སྤྱོད་ཀྱི་སྐལ་བ་དང་ལྡན་པ་རྣམས་ཙན་དན་གྱིས་བསིལ་བར་བྱས་པའི་ཁང་བཟངས་སུ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་པ་ལ་སོགས་པས་བདེ་བར་བྱས་ནས་འཁོར་གཡོག་ལ་ཕན་པར་སེམས་ཤིང་འཆག་པར་བྱེད་པ་བས་ཀྱང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཀྱི་སྐལ་བ་དང་ལྡན་པ་རྣམས་ཟླ་བའི་འོད་ཟེར་ཙན་དན་ལས་ལྷག་པ་ཉིད་ཀྱིས་བསིལ་བར་བྱས་པའི་ཡངས་ཤིང་འཇམ་པའི་རྡོ་ལེབ་ཆེན་པོ་ཁང་བཟངས་ལྟར་ཉམས་དགའ་བར་མི་སྙན་པའི་སྒྲ་མེད་ཅིང་རབ་ཏུ་ཞི་བའི་ནགས་ཚལ་གྱི་རླུང་རྔ་ཡབ་ལྟ་བུ་དལ་བུས་གཡོབ་པ་ཡིས་བདེ་བར་བྱས་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་འབའ་ཞིག་སེམས་ཤིང་འཆགས་པར་བྱེད་པ་ནི་ཁྱད་པར་དུ་འཕགས་པ་ཉིད་དེ། འབད་རྩོལ་མེད་ཅིང་ཆགས་པ་དང་བྲལ་བའི་ཕྱིར་རོ། ། (གཉིས་པ་)དབང་པོ་ལས་མཆོག་ཏུ་འགྱུར་ཚུལ་ནི། བདག་པོས་མ་བཟུང་བའི་ཁང་སྟོང་དང་ཤིང་དྲུང་ཡིད་དུ་འོང་བ་དང༌། ཕུག་ཟབ་མོ་ལ་སོགས་པ་དག་ཏུ་གཞི་གང་རུང་དུ་རང་ཉིད་ཇི་སྲིད་སྡོད་པར་འདོད་ཀྱི་བར་དུ་གནས་ཤིང༌། འདོད་ཡོན་ཡོངས་སུ་འཛིན་པ་དང་དེ་ལ་གནོད་པ་སྲུང་བའི་སྡུག་བསྔལ་ཐམས་ཅད་སྤངས་ཏེ། སུ་ལ་ཡང་རེ་བ་དང་ལྟོས་པ་མེད་པར་བག་ཡངས་སུ་སྤྱོད་པས་གཞན་གྱི་དྲི་ངལ་མི་འཇོག་པར་རང་དབང་དུ་སྤྱོད་ཅིང་ཡོ་བྱད་ལ་ཆགས་པ་དང་ཞེན་པ་ཅུང་ཟད་ཀྱང་མེད་ལ། དགྲ་གཉེན་དང་རྗེ་འབངས་ལ་སོགས་པའི་འཆིང་བར་བྱེད་པ་གང་དང་ཡང་ནི་འབྲེལ་པ་མེད་པའི་ཆོག་ཤེས་པའི་བདེ་བ་ལ་ལོངས་སྤྱོད་པ་གང་ཡིན་པ་ནི་ལྷ་རྣམས་ཀྱི་དབང་བོས་ཀྱང་ནི་དེ་ལྟ་བུ་རྙེད་པར་དཀའ་བ་ཉིད་དོ། །དེའང་ཇི་ཙམ་དུ་འབྱོར་པ་ཆེ་བ་ཙམ་གྱིས་ཆོག་མི་ཤེས་པའི་སྒོ་ནས་གདུང་བར་བྱེད་ཅིང༌། ཆོག་ཤེས་པ་ནི་ཡང་དག་པའི་བདེ་བའི་འབྱོར་བ་དང་ལྡན་པ་སྟེ། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་མཁྱེན་མཛོད་ཅིག་ཆོག་ཤེས་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་བ་ལགས། །ཞེས་པ་ལྟར་རོ། ། (༣) བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ཚུལ། བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་ཚུལ་ལ་གཉིས་ལས། ༡༽མདོར་བསྟན་པ། (དང་པོ་)མདོར་བསྟན་ནི། བཤད་མ་ཐག་པ་དེ་ལྟ་བུ་ལ་སོགས་པའི་རྣམ་པ་ཡིས་འདུ་འཛི་སྤངས་ཏེ་སྒོ་གསུམ་དབེན་པར་གནས་པའི་ཡོན་ཏན་ནི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ་ཞེས་ཡང་དང་ཡང་དུ་བསམས་པར་བྱས་ནས། ནང་སེམས་ཅན་ལ་ཆགས་པ་དང་ཕྱི་ཡོ་བྱད་ལ་ཆགས་པ་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ནི་བསྒོམ་པ་ལ་འབད་པར་བྱའོ། ། ༢༽རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ལོ། ། ➀ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ། དང་པོ་ལ། བདག་གཞན་མཉམས་པ་བསྒོམ་པ་དང༌། བདག་གཞན་བརྗེ་བ་བསྒོམ་པའོ། ། ❶ བདག་གཞན་མཉམས་པ་བསྒོམ་པ། དང་པོ་ལ། བསྒོམ་པའི་འཐད་པ་མདོར་བསྟན་པ། རྒྱུ་མཚན་རྒྱས་པར་བཤད་པ། དེས་ན་བསྒོམ་པར་གདམས་པའོ། ། ༡ བསྒོམ་པའི་འཐད་པ་མདོར་བསྟན་པ། (དང་པོ་)མདོར་བསྟན་ནི། བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ནི་དང་པོ་ཉིད་དུ་འབད་དེ་བསྒོམ་པར་བྱ་སྟེ། དེའང་བདག་གཞན་གཉིས་ཀ་ལ་བདེ་བས་ཕན་འདོགས་པ་དང་སྡུག་བསྔལ་གྱིས་གནོད་པ་བྱེད་པར་མཉམ་པས་ན། སེམས་ཅན་ཐམས་ཅད་ཀྱང་བདག་བསྲུང་བ་བཞིན་དུ་བསྲུང་ཞིང་སྐྱོང་བ་ལ་འབད་པར་བྱ་དགོས་པའི་ཕྱིར་རོ། ། ༢ རྒྱུ་མཚན་རྒྱས་པར་བཤད་པ། (གཉིས་པ་)རྒྱས་བཤད་ལ། ཐ་དད་ཡིན་ཡང་བསྒོམ་ཚུལ། ཞེན་པས་བསྒོམ་པར་ནུས་ཚུལ། བསྒོམ་ཚུལ་རིགས་པས་བསྒྲུབ་པ། མཉམ་པར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ནི། དཔེར་ན་ལག་པ་དང་རྐང་པ་དང་མགོ་བོ་ལ་སོགས་པའི་དབྱེ་བས་ཕྱེ་ན་རྣམ་པ་མང་པོ་ཡོད་ན་ཡང་ཐམས་ཅད་ཀྱང་བདག་ཉིད་ཀྱིས་ཡོངས་སུ་བསྲུང་བར་བྱ་བའི་ལུས་སུ་གཅིག་པ་ལྟར་དོན་དེ་བཞིན་དུ་འགྲོ་བ་མཐའ་ཡས་པའི་རིགས་དྲུག་སོ་སོའི་སྡུག་བསྔལ་ཐ་དད་པ་དུ་མ་ཡོད་ཀྱང་སེམས་ཅན་ཐམས་ཅད་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པའི་ཉམས་ཅན་དུ་གཅིག་པའི་ཕྱིར་བདག་གཞན་མཉམ་པ་ཉིད་དུ་བསྲུང་ཞིང་བསྒོམ་པར་རིགས་སོ། ། (གཉིས་པ་)བསྒོམ་པར་ནུས་ཚུལ་ནི། མཉམ་པར་མི་བསྲུང་སྟེ་བདག་གཞན་གྱི་སྡུག་བསྔལ་གྱིས་ཕན་ཚུན་མི་གནོན་པའི་ཕྱིར་རོ་སྙམ་ན། གལ་ཏེ་བདག་གི་སྡུག་བསྔལ་གྱིས་གཞན་གྱི་ལུས་ལ་དངོས་སུ་མི་གནོད་པ་དེ་ལྟ་ན་ཡང་གཞན་དེ་བདག་གི་སྡུག་བསྔལ་དེ་མཐོང་བ་ན་རང་གི་མྱོང་བ་ལ་དཔག་ནས་བསྲུང་བའི་བསམ་པ་སྐྱེ་སྟེ། ཐོག་མ་མེད་པ་ནས་བདག་དང་བདག་གི་བ་ཉིད་དུ་མངོན་པར་ཞེན་པས་མི་བཟོད་པ་ཉིད་ཀྱི་ཕྱིར་རོ། །ཚུལ་དེ་བཞིན་དུ་གཞན་གྱི་སྡུག་བསྔལ་དག་བདག་ལ་དངོས་སུ་འབབ་པར་མི་འགྱུར་བ་དེ་ལྟ་ནའང་གཞན་དེ་སྡུག་བསྔལ་དེ་མཐོང་བ་ན་རང་གི་མྱོང་པ་ལ་དཔགས་ནས་བསྲུང་བའི་བསམ་པ་སྐྱེ་སྟེ། ཐོག་མ་མེད་པ་ནས་བདག་དང་བདག་གི་བ་ཉིད་དུ་མངོན་པར་ཞེན་པས་བཟོད་པར་དཀའ་བའི་ཕྱིར་རོ། ། (གསུམ་པ་)རིགས་པས་བསྒྲུབ་པ་ལ། རྟགས་དགོད་པ་དང༌། ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། བདག་གིས་གཞན་གྱི་ཕུགས་སུ་མི་ཕན་པའི་སྡུག་བསྔལ་རྣམས་བསལ་བར་བྱ་བ་ཡིན་ཏེ། དགོས་པ་མེད་པའི་སྡུག་བསྔལ་ཡིན་པའི་ཕྱིར་དཔེར་ན་བདག་གི་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་བཞིན་ནོ། །བདག་གི་སེམས་ཅན་གཞན་རྣམས་ལ་ནི་ཕན་པ་དང་བདེ་བ་བསྒྲུབ་པར་བྱ་བ་ཡིན་ཏེ་སེམས་ཅན་ཡིན་པའི་ཕྱིར་དཔེར་ན་བདག་གི་ལུས་ལ་ཇི་ལྟ་བ་བཞིན་ནོ། ། (གཉིས་པ་)ཁྱབ་བསྒྲུབ་ལ། རྟགས་གཉིས་པའི་ཁྱབ་པ་བསྒྲུབ་པ་དང༌། རྟགས་དང་པོའི་ཁྱབ་པ་བསྒྲུབ་པའོ། །དང་པོ་ནི། བདག་ཉིད་གཅིག་པུའི་བདེ་བ་བསྒྲུབ་པར་འདོད་ཀྱི་གཞན་གྱི་ནི་མ་ཡིན་ནོ་སྙམ་ན། གང་གི་ཚེ་གང་ཟག་བདག་དང་སེམས་ཅན་གཞན་གཉི་གའང་བདེ་བ་ཐོབ་པར་འདོད་པར་མཚུངས་པ་ལ་བདག་དང་ཁྱབ་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ན་རྒྱུ་མཚན་གང་གི་ཕྱིར་བདག་ཉིད་གཅིག་པུ་ལ་བདེ་བ་བསྒྲུབ་པར་བརྩོན་གྱི་གཞན་ལ་ནི་མ་ཡིན་པ་འགལ་བས། སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ་པར་རིགས་སོ། ། (གཉིས་པ་)དང་པོའི་ཁྱབ་བསྒྲུབ་ལ་གསུམ་ལས། (དང་པོ་)མཚུངས་པའི་སྒོ་ནས་བསྒྲུབ་ཚུལ་ནི། བདག་ཉིད་གཅིག་པུའི་སྡུག་བསྔལ་བསལ་བར་འདོད་ཀྱི་གཞན་གྱི་ནི་མ་ཡིན་ནོ་སྙམ་ན། གང་གི་ཚེ་གང་ཟག་བདག་དང་སེམས་ཅན་གཞན་གཉི་གའང་སྡུག་བསྔལ་མྱོང་བར་མི་འདོད་པར་མཚུངས་པ་ལ་བདག་དང་ཁྱད་པར་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ན་རྒྱུ་མཚན་གང་གི་ཕྱིར་གཞན་གྱི་སྡུག་བསྔལ་རྣམས་བསྲུང་པ་མིན་ལ་བདག་ཉིད་གཅིག་པུའི་སྡུག་བསྔལ་སྲུང་བར་བྱེད་པ་ནི་འགལ་བས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བར་རིགས་སོ། ། (གཉིས་པ་)མི་མཚུངས་པའི་རྒྱུ་མཚན་དགག་པ་ནི། གལ་ཏེ་གཞན་དེ་ལ་སྡུག་བསྔལ་བྱུང་བས་བདག་ལ་ད་ལྟ་དངོས་སུ་མི་གནོད་པའི་ཕྱིར་གཞན་གྱི་སྡུག་བསྔལ་མི་བསྲུང་ངོ་ཞེ་ན། དེ་ལྟ་ན་མ་འོངས་པ་ཡི་དུས་སུ་བདག་ཉིད་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་ཡང་ད་ལྟའི་ལུས་འདི་ལ་དངོས་སུ་གནོད་པ་མི་བྱེད་པའི་ཕྱིར་ན་དེ་ཅིས་སྲུང་སྟེ་བསྲུང་བའི་དོན་དུ་མི་དགེ་བ་སྤོང་པ་ལ་འབད་པ་མི་བྱེད་པར་ཐལ་བར་འགྱུར་རོ། །མི་འདྲ་སྟེ་གཞན་གྱི་སྡུག་བསྔལ་གཞན་གྱིས་མི་མྱོང་ཞིང་བདག་གི་སྡུག་བསྔལ་དེ་ནི་བདག་གཅིག་པུས་རྟག་ཏུ་མྱོང་བའི་ཕྱིར་རོ་སྙམ་ན། ད་ལྟ་བུར་འཛིན་པའི་རྣམ་པར་རྟོག་པ་དེ་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དཔྱད་ན་བདག་རྟག་པ་གཅིག་པུ་མ་གྲུབ་པའི་ཕྱིར་རོ།