།ཅེས་པ་ལྟར་རོ། ། (༣) གཉེན་པོའི་སྟོབས་བསྐྱེད་ཚུལ། (གཉིས་པ་)[གསུམ་པ]གཉེན་པོ་ལའང་གཉིས་ལས། ༡ མདོར་བསྟན། (དང་པོ་)མདོར་བསྟན་ནི། རྒྱལ་པོ་ཆེན་པོ་རྣམས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པས་དོན་སྒྲུབ་པ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི་ཕྱིར་དུ་དཔུང་ཚོགས་ཆོས་བཞི་དང་ལྡན་པའི་སྒོ་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་པར་བྱ་སྟེ། དགེ་བའི་ཆོས་རྩོམ་པར་འདོད་པའི་མོས་པ་དང༌། བརྩམས་པ་བཞིན་མཐར་ཕྱིན་པར་བྱེད་པའི་བརྟན་པ་དང༌། དམ་པའི་ཆོས་ལ་སྤྲོ་བས་འཇུག་པའི་དགའ་བ་དང༌། མི་ནུས་ན་རེ་ཞིག་ངལ་གསོ་བ་དོར་བའི་དཔུང་རྣམས་ཡིན་ནོ། །དེ་ལ་ཐོག་མར་འདུན་པའི་དཔུང་ནི་དེ་མེད་ན་འཁོར་བར་སྡུག་བསྔལ་སྣ་ཚོགས་འབྱུང་བས་འཇིགས་པ་དང༌། དེ་ཡོད་ན་བདེ་བ་ཡི་ཕན་ཡོན་དཔག་ཏུ་མེད་པ་འགྲུབ་པ་ཡང་དང་ཡང་དུ་བསམས་པས་བསྐྱེད་པར་བྱ་ཞིང༌། དེ་ལྟར་རང་རང་གི་མི་མཐུན་པའི་ཕྱོགས་རིམ་གྱིས་སྤངས་ཏེ། དགེ་བའི་བྱ་བ་ལ་འདུན་པ་དྲག་པོ་དང༌། བསྒྲུབས་ན་ཅིས་ཀྱང་འགྲུབ་སྙམ་དུ་སེམས་ཁེངས་བའི་ང་རྒྱལ་བརྟན་པ་དང༌། མཆོག་གི་ལས་ལ་དགའ་ཞིང་སྤྲོ་བ་དང༌། མི་ནུས་ན་རེ་ཞིག་ངལ་གསོ་བ་དོར་བའི་དཔུང་ཚོགས་རྣམས་ལ་འབད་པས་སྦྱོར་བ་ལྷུར་བླང་བ་དང༌། རང་གི་སེམས་ལས་སུ་རུང་བར་བྱེད་པ་དབང་སྒྱུར་བའི་སྟོབས་ཀྱིས་ནི་གཉེན་པོ་བརྩོན་འགྲུས་རྣམ་དག་སྤེལ་བའི་ཕྱིར་འབད་པར་བྱའོ། །ཙྪན་དཿཞེས་པ་སྔར་མོས་པར་བསྒྱུར་ནའང་འདུན་པ་ལ་འཇུག་ཅིང་དོན་དང་ཡང་མཐུན་པ་སྟེ། ཆོས་མངོན་པར། འདུན་པ་གང་ཞེ་ན། འདོད་པའི་དངོས་པོ་ལ་དེ་དང་ལྡན་པར་བྱེད་འདོད་པ་ཉིད་དེ་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་པ་ལྟར་རོ། ། ༢ རྒྱས་བཤད་ལ་གཉིས། (གཉིས་པ་)རྒྱས་བཤད་ལ། དཔུང་ཚོགས་བསྐྱེད་པ་དང༌། བརྩོན་འགྲུས་སྤེལ་བའོ། ། ➊ དཔུང་ཚོགས་བསྐྱེད་པ། དང་པོ་ལ། འདུན་པ་དང༌། བརྟན་པ་དང༌། དགའ་བ་དང༌། དོར་བའི་དཔུང་ཚོགས་བསྐྱེད་པའོ། ། (༡) འདུན་པ་བསྐྱེད་པ་ལ་བཞི། (དང་པོ་)འདུན་པ་ལའང༌། འདུན་པ་མེད་ན་དོན་གཉིས་ཉམས་ཚུལ། འདུན་པ་ཆོས་ཀྱི་རྩ་བར་གསུངས་ཚུལ། དེའི་ཡང་རྩ་བ་ལས་འབྲས་བསམ་པ། དེས་ན་འདུན་པ་བསྐྱེད་པར་གདམས་པའོ། ། ① འདུན་པ་མེད་ན་དོན་གཉིས་ཉམས་ཚུལ། དང་པོ་ནི། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཕྱིན་ཆད་འདུན་པ་དྲག་པོ་ལ་བརྟེན་ནས་བདག་དང་གཞན་གྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པའི་ཉེས་པ་ནི་དཔག་ཏུ་མེད་ཅིང་མཐའ་ཡས་པ་རྣམས་བདག་གིས་གཞོམ་ཞིང་སྤང་བར་བྱ་བ་ཡིན་པ་སྟེ། དེ་ལའང་གཞི་གང་དུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་ཉེས་པ་རེ་རེ་ལའང་དུས་བསྐལ་པ་རྒྱ་མཚོ་ལྟར་མང་པོར་ཟད་པར་འགྱུར་བར་བྱ་དགོས་པ་ཡིན་པ་ལ། ཉེས་པ་ཟད་པའི་དོན་དུ་བརྩོན་འགྲུས་རྩོམ་པ་དེ་ཡི་ནི་ཆ་ཤས་ཅུང་ཟད་ཙམ་ལ་སྔར་བདག་གི་རྒྱུད་ལ་སྐྱེས་པར་མ་མཐོང་ན་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པའི་སྣོད་དུ་གྱུར་པ་བདག་ལ་ཀོ་ཞེས་བོས་ནས་ཅི་སྟེ་སྙིང་མ་གས་ཏེ་སྙིང་སྲན་ཤིན་ཏུ་མ་ཆེས་སམ་ཞེས་པའོ། །དེ་བཞིན་དུ་འདུན་པ་ལ་བརྟེན་ནས་བདག་དང་གཞན་གྱི་རྒྱུད་ལ་ལམ་དང་འབྲས་བུའི་ཡོན་ཏན་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པ་མང་པོ་བདག་གིས་བསྒྲུབ་པར་བྱ་བ་ཡིན་པ་སྟེ། དེ་ལའང་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་རེ་རེ་ལ་ཡང་བསྐལ་པ་རྒྱ་མཚོ་ལྟར་དཔག་ཏུ་མེད་པས་གོམས་པར་འགྱུར་བར་བྱ་དགོས་པ་ཡིན་ན་བདག་གིས་ནི་ཡོན་ཏན་དེ་དག་གི་ཆ་ཤས་ཅུང་ཟད་ཙམ་ལ་ཡང་སྔར་གོམས་པའི་རྣམ་པ་ནམ་ཡང་མ་སྐྱེས་པ་ཉིད་དེ། ཤིན་ཏུ་དཀོན་ཡང་དགེ་བའི་དབང་གིས་ཇི་ཞིག་ལྟར་རྙེད་པའི་མིའི་སྐྱེ་བ་ཕུན་སུམ་ཚོགས་པ་ནི་བདག་གིས་དོན་མེད་ཅིང་ཆུད་ཟོས་པར་བྱས་པ་ངོ་མཚར་རོ་ཞེས་བསྟིང་ཚིག་གིས་སྨད་ནས་འདུན་པ་བསྐྱེད་པར་གདམས་པའོ། ། དོན་མེད་པ་ཇི་ལྟར་བྱས་སྙམ་ན་བདག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པའང་བསྙེན་བཀུར་ལ་སོགས་པས་མ་མཆོད་ཅིང་སངས་རྒྱས་མཆོད་པ་དང་རྟེན་གསུམ་བཞེངས་པ་ལ་སོགས་པ་ལས་བྱུང་བའི་དགའ་སྟོན་ཆེན་པོའི་བདེ་བའང་མ་བྱིན་ལ༑ འཆད་ཉན་དང་སྒྲུབ་པའི་སྒོ་ནས་བསྟན་པ་ལ་བྱ་བ་ཡང་མ་བྱས་པ་དང་དབུལ་ཞིང་ཕོངས་པ་མང་པོའི་བསམ་པའང་ཉེ་བར་མཁོ་བའི་ཡོ་བྱད་ཀྱིས་རྫོགས་པར་མ་བྱས་ཤིང༌། འཆི་བ་ལ་སོགས་པའི་འཇིགས་པས་ཉེན་པ་རྣམས་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའང་མ་བྱིན་པ་དང་སྡུག་བསྔལ་སྣ་ཚོགས་ཀྱི་ཉམ་ཐག་པ་རྣམས་ལ་དེ་དག་བསལ་ནས་བདེ་བའང་མ་བྱིན་པས་སྐྱེས་བུ་དམ་པའི་བྱ་བ་རྣམས་མ་གྲུབ་ན་བདག་ལྟ་བུ་སྐྱེས་ཀྱང་མ་ཡི་མངལ་གྱི་ཟུག་རྔུ་དང་འཚོ་ཆིས་ཀྱི་སྡུག་བསྔལ་འབའ་ཞིག་སྐྱེད་པར་ཟད་དོ། །བདག་ནི་ཚེ་རབས་སྔོན་མ་དང་ད་ལྟར་གྱི་སྐྱེ་བ་འདི་ལ་ཡང་དམ་པའི་ཆོས་ལ་འདུན་པ་དང་བྲལ་བར་གྱུར་པ་ཡིས་དགེ་བའི་བྱ་བ་ལ་ནུས་པ་ཐམས་ཅད་དང་བྲལ་བའི་ཕོངས་པ་འདི་འདྲ་བྱུང་བར་གྱུར་ན། ད་ནི་བློ་དང་ལྡན་པ་སུ་ཞིག་དམ་པའི་ཆོས་ལ་འདུན་པ་འདོར་ཏེ་འདོར་བར་མི་རིགས་སོ། ། ② འདུན་པ་ཆོས་ཀྱི་རྩ་བར་གསུངས་ཚུལ། (གཉིས་པ་)རྩ་བར་གསུངས་ཚུལ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་འདུན་པ་ཡིན་པར་ཐུབ་དབང་ཐམས་ཅད་མཁྱེན་པས་གསུངས་ཏེ། འཇམ་དཔལ་གྱི་ཞིང་བཀོད་པར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་པ་ལྟར་རོ༑ ༑ཆོས་ལ་འདུན་པ་དེའི་ཡང་རྩ་བ་དུས་རྟག་ཏུ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་འདོད་པ་དང་མི་འདོད་པ་ཐོབ་པའོ་སྙམ་དུ་རྒྱུ་འབྲས་ལ་ཡིད་ཆེས་པ་ཡང་དག་པའི་ལྟ་བ་གོམས་པའོ་ཞེས་པ་སྟེ། བཤེས་སྤྲིང་དུའང༌། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་པ་ལྟར་རོ། ། ③ དེའི་ཡང་རྩ་བ་ལས་འབྲས་བསམ་པ། (གསུམ་པ་)ལས་འབྲས་བསམས་པ་ལ་གཉིས་ལས། (དང་པོ་)ཐུན་མོང་དུ་བསྟན་པ་ནི། ལུས་ཀྱྀ་སྡུག་བསྔལ་དང་སེམས་ཀྱི་ཡིད་མི་བདེ་བ་དང་གསོད་གཅོད་ལ་སོགས་པའི་འཇིགས་པ་རྣམ་པ་སྣ་ཚོགས་པ་དང་གང་ཡིད་ལ་འདོད་པ་རྣམས་དང་བྲལ་ཞིང་མི་འདོད་པ་སྣ་ཚོགས་འཐོབ་པ་ནི་རྒྱུ་སྡིག་པ་སྤྱོད་པ་ཁོ་ན་ལས་འབྱུང་བར་འགྱུར་ཞིང༌། ཡིད་ལ་བསམས་བཞིན་པའི་འདུན་པ་དྲག་པོས་དགེ་བའི་ལས་བྱས་པས་ནི་གནས་གང་དང་གང་དུ་འགྲོ་བར་འགྱུར་བའི་གནས་དེ་དང་དེར་ནི་སྔར་བསགས་པའི་བསོད་ནམས་ཀྱི་ལས་དེས་འབྲས་བུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཡོན་བཟང་ལ་མང་བ་རྣམས་ཀྱིས་མངོན་པར་མཆོད་པའི་བདེ་བ་ཐོབ་པར་འགྱུར་རོ། །སྡིག་པ་བྱེད་ཀྱང་དགེ་བ་ལ་འདུན་པ་ཡོད་ན་དེ་ཐོབ་བམ་སྙམ་ན། རྒྱུར་རུང་བ་ཞིག་རྐྱེན་འདུན་པས་བསྒྱུར་ན་བདེ་བ་ཐོབ་པ་ཡིན་གྱི། སྡིག་པ་ནི་བདེ་བའི་རྒྱུར་གཏན་ནས་མི་རུང་བས་རྒྱུ་སྡིག་པ་མི་རུང་བ་སྣ་ཚོགས་བྱེད་པའི་གང་ཟག་དེ་འབྲས་བུ་བདེ་བ་འདོད་པའི་འདུན་པ་དྲག་པོ་ཡོད་ཀྱང་གནས་གང་དང་གང་དུ་འགྲོ་བར་འགྱུར་བའི་གནས་དེ་དང་དེར་ནི་སྔར་སྡིག་པའི་ལས་ངན་པ་བསགས་པ་དེས་སྡུག་བསྔལ་གྱི་ཚོར་བ་མཚོན་ཆ་རྣོན་པོས་བསྣུན་པ་དང་འདྲ་བ་རྣམས་ཀྱིས་རྣམ་པར་འཇོམས་པར་འགྱུར་རོ་ཞེས་རིག་པར་བྱའོ། ། (གཉིས་པ་)དེ་དག་གི་ཁྱད་པར་ལའང་གཉིས་ལས། (དང་པོ་)དགེ་བས་རྒྱལ་བའི་སྲས་སུ་འགྱུར་ཚུལ་ནི། བྱང་ཆུབ་སེམས་དཔའ་རྣམས་མི་འདོད་བཞིན་དུ་མངལ་གྱི་གནས་དྲི་མ་དང་བཅས་པར་སྡུག་བསྔལ་དང་བཅས་ནས་སྐྱེ་བ་མ་ཡིན་གྱི། ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་ལ་སོགས་པར་ཡངས་ཤིང་རྒྱ་ཆེ་ལ་ཡིད་དུ་འོང་བའི་དྲི་བཟང་པོ་དང་ལྡན་པ་བསིལ་ཞིང་བདེ་བའི་རེག་བྱ་ཅན་སྣ་ཚོགས་པའི་འདབ་མ་རྒྱས་པའི་པད་མའི་སྙིང་པོར་བདེ་བར་གནས་ཤིང་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གསུང་སྙན་པོ་དམ་པའི་ཆོས་ཀྱི་རོ་མཆོག་དང་ལྡན་པ་ཁ་ཟས་བཟང་པོ་དང་འདྲ་བ་རྣམས་ཀྱིས་གཟི་བརྗིད་དང་ཤེས་རབ་བསྐྱེད་པར་བྱས་བ། ཐུབ་པ་བཅོམ་ལྡན་འདས་ཀྱིས་ཡོངས་སུ་སྨིན་པར་མཁྱེན་ནས་སྐུའི་འོད་ཟེར་གྱིས་ཁ་ཕྱེ་ཞིང་རྒྱས་པའི་པདྨ་ལས་བརྫུས་ཏེ་བྱུང་བའི་ལུས་མཆོག་ཏུ་གྱུར་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཅན་རྒྱལ་བ་འོད་དཔག་མེད་ལ་སོགས་པའི་མདུན་ན་གནས་པའི་བདེ་བར་གཤེགས་པའི་སྲས་སུ་མཐའ་གཅིག་ཏུ་རྣམ་པར་དཀར་བ་དགེ་བའི་ལས་བསགས་པས་སྐྱེ་བར་འགྱུར་རོ། ། (གཉིས་པ་)སྡིག་པས་དམྱལ་བར་སྡུག་བསྔལ་མྱོང་ཚུལ་ནི། ཚ་བའི་དམྱལ་བར་སྐྱེས་པ་ན་འཇིགས་སུ་རུང་བའི་གཤིན་རྗེའི་སྐྱེས་བུའི་དམྱལ་བའི་ལུས་གཞོན་ཤ་ཅན་གྱི་པགས་པ་མ་ལུས་པ་མེ་འབར་བའི་མཚོན་ཆ་རྣམས་ཀྱིས་བཤུས་པས་ཤིན་ཏུ་ཉམ་ཐག་པར་བྱས་ཤིང༌། དེར་མ་ཟད་དུས་མཐའི་མེ་ལས་ཀྱང་རབ་ཏུ་ཚ་བའི་མེ་ཡིས་བཞུ་བའི་ཟངས་ཞུན་ཁོལ་མ་ལུས་ལ་བླུགས་ཏེ་བསྲེགས་པར་གྱུར་ལ༑ དེས་ཚིག་པའི་ལྷག་མ་རྣམས་མེ་དྲག་ཏུ་འབར་བའི་རལ་གྲི་དང་མདུང་ཐུང་ལ་སོགས་པ་མཚོན་ཆ་མང་པོ་དག་གིས་བསྣུན་ནས་ཤ་ཡི་དུམ་བུ་བརྒྱ་ཕྲག་དུ་མར་བླགས་ཤིང་གཏུབས་ཏེ། མེ་ཆེན་པོ་ཤིན་ཏུ་འབར་བའི་ལྕགས་བསྲེགས་ཀྱི་ས་གཞི་རབ་ཏུ་ཡངས་བར་ལྟུང་ཞིང་འགྲེམས་པ་ལན་གྲངས་མང་པོར་མྱོང་བ་ནི་མཐའ་གཅིག་ཏུ་རྣམ་པར་ནག་པའི་ལས་མི་དགེ་བ་སྤྱད་པ་ལས་འགྱུར་བ་ཉིད་དོ། ། ④ དེས་ན་འདུན་པ་བསྐྱེད་པར་གདམས་པ། (བཞི་པ་)འདུན་པ་བསྐྱེད་པ་ནི། དགེ་བ་དང་མི་དགེ་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་གྱི་ཁྱད་པར་ཤིན་ཏུ་ཆེ་བ་དེ་བས་ནད་ནི་མི་དགེ་བ་སྤངས་ནས་དགེ་བའི་བྱ་བ་ཁོ་ན་ལ་རྩེ་གཅིག་ཏུ་འདུན་པར་བྱ་ཞིང་གོ་ཆའི་བརྩོན་འགྲུས་བསྐྱེད་དེ་གུས་པ་ཉིད་དུ་ཐེག་པ་ཆེན་པོའི་ལམ་སྒོམ་པ་ལ་འབད་པར་བྱའོ། ། (༢) བརྟན་པ་བསྐྱེད་པ། (གཉིས་པ་)བརྟན་པའི་དཔུང་ལ། བརྟགས་ནས་བརྟན་པར་བྱ་བ། དེ་ལས་བཟློག་པའི་ཉེས་དམིགས། གསུམ་ལ་ང་རྒྱལ་བྱ་བའོ། ། ① བརྟགས་ནས་བརྟན་པར་བྱ་བ། དང་པོ་ནི། སངས་རྒྱས་ཕལ་པོ་ཆེའི་འཕགས་པ་རྡོ་རྗེ་རྒྱལ་མཚན་གྱིས་བསྔོ་བའི་ལེའུ་དྲུག་པ་ལས། ལྷའི་བུ་ཉི་མ་འཆར་བ་ནི་དམུས་ལོང་དང་རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་གོ ༑དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་སེམས་ཅན་དམུ་རྒོད་དང་འཁུ་བའི་ངང་ཚུལ་ཅན་གྱི་ཉེས་པས་མི་ལྡོག་གོ །ཞེས་པ་ནས། སེམས་ཅན་གྱི་དོན་དུ་བདག་གིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་བླང་བར་བྱའོ་བརྩོན་པར་བྱའོ་མི་ལྡོག་པར་བྱའོ་མི་སྐྲག་པར་བྱའོ་མི་འཇིགས་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་པ་དང་མཐུན་པའི་ཆོ་གའམ་རྣམ་པ་ཡིས་གཞན་དོན་དུ་དགེ་བའི་བྱ་བ་བརྩམས་ནས་གང་བརྩམས་པ་དེ་ཅིས་ཀྱང་སྒྲུབ་པར་ནུས་སོ་སྙམ་པའི་ང་རྒྱལ་བརྟན་པོ་བསྒོམ་པར་བྱའོ། །དེ་ཡང་དཔས་བྱིན་གྱིས་ཞུས་པར། གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་པར་མི་ནུས་ནའང༌། དེས་བཞིའམ་གསུམ་མམ་གཉིས་སམ་དེའི་ནང་ནས་བསླབ་པའི་གཞི་གཅིག་ཙམ་ལའང་བསླབ་པར་བྱའོ་ཞེས་པ་ལྟར་བྱ་བ་ལ་འཇུག་པའི་དང་པོ་རང་གི་འབྱོར་བའམ་ནུས་པ་བརྟགས་ནས་ནི་སྒྲུབ་པར་ནུས་ན་བརྩམ་པའམ་ཡང་མི་ནུས་ན་མི་བརྩམ་པར་བྱའོ། །སྒྲུབ་པར་མི་ནུས་པའི་ལུགས་ལ་དང་པོར་མ་བརྩམས་པ་ནི་མཆོག་ཏུ་གྱུར་པ་ཡིན་གྱི་བརྩམས་ནས་ཞུགས་ཕྱིན་ཆད་དམ་བཅས་པའི་དོན་ལས་ནམ་ཡང་ལྡོག་པར་མི་བྱའོ། ། ② དེ་ལས་བཟློག་པའི་ཉེས་དམིགས། (གཉིས་པ་)ཉེས་དམིགས་ནི། སྐྱེ་བ་གཞན་དུའང་བརྩམས་ནས་ལྡོག་པ་དེ་གོམས་ཤིང་རྒྱུ་དང་མཐུན་པའི་འབྲས་བུ་ངན་པ་འཕེལ་བ་དང༌། དམ་བཅའ་ཉམས་པ་ལ་བརྟེན་པའི་སྡིག་པ་འཕེལ་བར་འགྱུར་པ་དང༌། སྡིག་པའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་འཕེལ་བར་འགྱུར་བ་དང༌། བྱ་བ་གཞན་ཕྱིས་བརྩམས་པ་དེའང་དམན་ཞིང་ཉམས་པར་འགྱུར་བ་དང༌། ཐམས་ཅད་དུ་འབྲས་བུ་འགྲུབ་པའི་དུས་ཀྱང་ནི་ཤིན་ཏུ་ནུར་བས་དམན་པར་འགྱུར་ཞིང༌། སྔ་མ་སྤངས་ནས་ཕྱི་མ་བརྩམས་པ་དེ་ཡང་མཐར་ཕྱིན་པར་འགྲུབ་པར་མི་འགྱུར་པ་ལ་སོགས་པའོ། ། ③ ང་རྒྱལ་བྱ་བ། (གསུམ་པ་)ང་རྒྱལ་ལ་གཉིས་ལས། (དང་པོ་)མདོར་བསྟན་ནི། གཞན་དོན་ལ་སྤྲོ་བས་འཇུག་པ་ལས་ཀྱི་ང་རྒྱལ་དང་སྤང་བྱ་རྣམས་གཞོམ་པར་འདོད་པ་ཉོན་མོངས་པའི་ང་རྒྱལ་དང༌། དེ་དག་བདག་གིས་ནུས་སོ་སྙམ་པ་ནུས་པའི་ང་རྒྱལ་ཏེ། དེ་ལྟར་གསུམ་པོ་དག་ལ་ཞུམ་པ་མེད་པའི་སྒོ་ནས་ང་རྒྱལ་བརྟན་པོ་བསྐྱེད་པར་བྱའོ། ། (གཉིས་པ་ )རྒྱས་བཤད་ལ། ལས་དང༌། ནུས་པ་དང༌། ཉོན་མོངས་པའི་ང་རྒྱལ་བཤད་པ་གསུམ་ལས། དང་པོ་ནི། གཞན་ལ་ཕན་པ་ལ་སོགས་པའི་དགེ་བའི་བྱ་བ་གང་ཡིན་པ་ཐམས་ཅད་བདག་ཉིད་གཅིག་པུས་བསྒྲུབ་པར་བྱའོ་ཞེས་སེམས་ཀྱི་སྟོབས་བསྐྱེད་པ་འདི་ནི་ལས་ཀྱི་ང་རྒྱལ་ཉིད་ཡིན་ལ༑ དེ་ཡང་ཉོན་མོངས་པས་རང་དབང་མེད་པར་གྱུར་པའི་འཇིག་རྟེན་པ་རྣམས་ཀྱིས་ཚེ་འདིར་རང་གི་དོན་ཙམ་ཡང་བསྒྲུབ་པར་མི་ནུས་ཤིང་འགྲོ་བ་ཕལ་བས་བྱང་ཆུབ་སེམས་དཔའ་བདག་ལྟ་བུར་གཞན་གྱི་དོན་ལ་འཇུག་པར་མི་ནུས་ཏེ། དེ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བ་བསྐྱེད་པའི་སྤྱོད་པ་བརྟན་པོ་འདི་ལ་འཇུག་པར་བྱའོ། །གཞན་དག་རང་དོན་ཙམ་སྒྲུབ་པར་འདོད་པས་ཀྱང་མི་གཙང་བ་འཕྱག་པ་དང་ཁུར་འཁུར་བ་ལ་སོགས་པ་དམན་པའི་ལས་ལ་སྤྲོ་བས་འཇུག་པར་བྱེད་ན་སེམས་ཅན་ཐམས་ཅན་ཀྱི་དོན་བསྒྲུབ་པར་འདོད་པ་བདག་ཉིད་ཀྱང་ནི་ཇི་ལྟར་དལ་བར་འདུག་སྟེ་འདུག་པར་མི་རིགས་པས་བྲན་གཡོག་ལྟ་བུར་གཞན་དོན་ལ་སྤྲོ་བས་འཇུག་པར་བྱའོ། །བདག་ནི་གཞན་ལས་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱིས་ནི་བྲན་ལྟར་གཞན་གྱི་དོན་ལ་འཇུག་པ་འདི་མི་བྱེད་དེ་དེ་བས་ན་བདག་ལ་ཐ་མལ་བའི་ང་རྒྱལ་མེད་པར་ཞི་ཞིང་དུལ་བར་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་མཆོག་ཡིན་ནོ། ། (གཉིས་པ་)ནུས་པའི་ང་རྒྱལ་ལ་གསུམ་ལས། (དང་པོ་)གཉེན་པོའི་ང་རྒྱལ་བསྐྱེད་ཚུལ་ནི། དཔེར་ན་ཤི་ཟིན་པར་གྱུར་བའི་སྦྲུལ་གྱི་རོ་དང་ཕྲད་པར་གྱུར་ན་བྱ་ཁྭ་ཏ་ཡང་ནམ་མཁའ་ལྡིང་ལྟ་བུར་མི་འཇིགས་པས་ཟ་བར་སྤྱོད་པ་ལྟར། གལ་ཏེ་བདག་ཉིད་གཉེན་པོའི་ཉམས་སྟོབས་སམ་ནུས་པ་ཆུང་བར་གྱུར་ན་ཉོན་མོངས་པ་ལས་བྱུང་བའི་ལྟུང་བ་ཆུང་ངུའང་གནོད་པ་བྱེད་དུ་འོང་བས་གཉེན་པོའི་སྟོབས་བསྐྱེད་པར་རིགས་སོ། །སྤྱིར་རང་ཡང་བདག་ལྟ་བུས་ཅིའང་མི་འགྲུབ་བོ་སྙམ་པའི་སེམས་སྟོབས་ཞེན་པའི་ཞུམ་པ་དང་བཅས་ཤིང་བྱ་བ་སྒྲུབ་པའི་འབད་པ་དང་རྩོལ་བ་འདོར་ཏེ་མི་བྱེད་པ་དེ་ལ་དོན་གང་ཡིན་པ་དེ་རང་ལ་མི་འབྱོར་བའི་ཕོངས་པ་དེ་ལས་རྣམ་པ་ཀུན་ཏུ་ཐར་བ་ཡོད་དམ་ཅི་སྟེ་མེད་ལ། ང་རྒྱལ་དང་འབད་པ་དང་རྩོལ་བ་བསྐྱེད་ན་ནི་ཕ་རོལ་པོ་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའོ། །སྙིང་སྟོབས་བསྐྱེད་ན་རྒྱལ་བར་འགྱུར་བ་དེ་བས་ན་གཉེན་པོའི་སེམས་ནི་རབ་ཏུ་བརྟན་པའི་ང་རྒྱལ་དང་ལྡན་པ་ཡིས་སྤང་བྱར་གྱུར་པ་ཡི་ལྟུང་བ་རྣམས་ནི་ས་བོན་དང་བཅས་པ་རྩ་བ་ནས་གཞོམ་ཞིང་སྤངས་པ་སླར་མི་ལྡོག་པར་བྱ་བ་སྟེ། དེ་ལས་གཞན་དུ་བདག་ནི་ལྟུང་བས་ཕམ་པར་བྱས་ན་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་སངས་རྒྱས་ཐོབ་པར་འདོད་པ་ནི་མང་པོས་ཁྲེལ་བས་བཞད་གད་ཀྱི་གནས་སུ་འགྱུར་རོ། །དེའི་ཕྱིར་བདག་གིས་གཉེན་པོའི་ང་རྒྱལ་གྱི་སྟོབས་བསྐྱེད་པས་ཁམས་གསུམ་གྱི་ཉོན་མོངས་པ་ཀུན་ལས་རྣམ་པར་རྒྱལ་བར་བྱ་སྟེ། བདག་ལས་སྤང་བྱར་གྱུར་པའི་ཉོན་མོངས་པ་སུ་ཡང་རྒྱལ་བར་མི་བྱའོ། །བདུད་དང་ཉོན་མོངས་པའི་རི་དྭགས་ཐམས་ཅད་སྐྲག་པར་མཛད་པ་རྒྱལ་བ་མིའི་སེང་གེའི་སྲས་སུ་གྱུར་བ་བདག་གིས་ཀྱང་སྤང་བྱས་གླགས་མི་རྙེད་པའི་ང་རྒྱལ་འདི་ལ་གནས་པར་བྱ་སྟེ། དཔེར་ན་སེང་གེའི་ཕྲུ་གུ་ལ་ཡང་རི་དྭགས་གཞན་གྱིས་གླགས་མི་རྙེད་པ་བཞིན་དུའོ། ། (གཉིས་པ་)སྤང་བྱའི་ང་རྒྱལ་སྨད་པ་ནི། འཇིག་རྟེན་ན་དཔའ་བོར་འདོད་པའི་ང་རྒྱལ་ཅན་ཡང་བསྔགས་བར་འོས་སམ་སྙམ་ན་འགྲོ་བ་གང་ཞིག་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་སེམས་ཁེངས་བའི་ང་རྒྱལ་གྱིས་བཅོམ་པ་དེ་རྣམས་ནི་ཉོན་མོངས་པ་ཅན་ཡིན་གྱི་བསྔགས་པར་འོས་པ་གཉེན་པོའི་ང་རྒྱལ་ཅན་མ་ཡིན་ཏེ་གཉེན་པོའི་ང་རྒྱལ་ཅན་ཡིན་ན་ཉོན་མོངས་པའི་དགྲའི་དབང་དུ་མི་འགྲོ་བ་ཡིན་པ་ལ། ཐ་མལ་བའི་ང་རྒྱལ་ཅན་དེ་དག་ང་རྒྱལ་གྱི་དགྲའི་དབང་དུ་གྱུར་ནས་སྡིག་པའི་ལས་ལ་འཇུག་པའི་ཕྱིར་རོ། །སྡིག་པ་བྱེད་ན་ཕལ་ཆེར་ཉོན་མོངས་པ་ཅན་གྱི་ང་རྒྱལ་གྱིས་སེམས་རབ་ཏུ་ཁེངས་ནས་ངན་སོང་གསུམ་གྱིས་འགྲོ་བ་ང་རྒྱལ་གྱི་དབང་གིས་ཁྲིད་པར་བྱེད་ཅིང་ཅི་སྟེ་མི་ཡི་ལུས་ཐོབ་ནའང་བདེ་བ་ལ་ལོངས་སྤྱོད་པའི་དགའ་སྟོན་བཅོམ་ཞིང་མི་མྱོང་པ་དང༌། སློང་མོ་བརྟེན་ནས་གཞན་གྱིས་བྱིན་པའི་ཟན་ཟ་བ་དང༌། གཞན་དབང་དུ་གྱུར་པའི་བྲན་གཡོག་དང་ནི། བླང་དོར་ལ་མི་མཁས་པའི་གླེན་པ་དང༌། མཐོང་ན་ཡིད་དུ་མི་འོང་ཞིང་མི་སྡུག་པ་དང༌། རིད་ཅིང་སྟོབས་ཞན་པས་ཉམས་ཆུང་བ་དང༌། ཐམས་ཅད་དུ་ནི་ཕར་གནོད་པ་མ་བྱས་ཀྱང་ཚུར་བརྙེས་པ་ཆེན་པོ་བྱེད་པར་འགྱུར་རོ། །སྤང་བྱའི་ང་རྒྱལ་གྱིས་ཁེངས་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་ལ་སྤྱོད་པའི་དཀའ་ཐུབ་ཅན་དེ་ཡང་བསྔགས་པར་འོས་པའི་ང་རྒྱལ་ཅན་མཐོན་པོར་གཏོགས་ན།དམན་པ་ཅི་འདྲ་བ་ཡིན་པ་སྨྲོས་ཏེ་སྨྲ་རྒྱུ་གཞན་མེད་པས་དེ་དག་ནི་ཉམ་ཐག་པ་ཤིན་ཏུ་སྙིང་རྗེ་བའི་གནས་སུ་རིག་པར་བྱའོ། ། (གསུམ་པ་)གཉེན་པོ་ཅན་ལ་བསྔགས་པ་ནི། རྒྱལ་བའི་སྲས་པོ་གང་ཞིག་སྤང་བྱའི་ང་རྒྱལ་གྱི་དགྲ་ལས་རྒྱལ་བར་བྱ་བའི་ཕྱིར་དུ་གཉེན་པོའི་ང་རྒྱལ་འཆང་པ་དེ་ནི་བསྔགས་པར་འོས་པའི་ང་རྒྱལ་ཅན་དང༌། དགྲ་ལས་རྣམ་པར་རྒྱལ་བ་ཐོབ་པ་དང་གཟི་བརྗིད་ཅན་གྱི་དཔའ་བོ་ཡང་དེ་ཉིད་ཡིན་ཏེ། གང་གི་ཕྱིར་ན་ཉོན་མོངས་པ་ང་རྒྱལ་གྱི་དགྲ་དྲག་ཏུ་བདོ་ཞིང་སྟོབས་དང་ལྡན་པ་ཡང་ངེས་པར་བཅོམ་སྟེ། འགྲོ་བ་མཐའ་དག་ལ་ཇི་ལྟར་འདོད་པ་བཞིན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་རྫོགས་པར་སྟེར་བར་བྱེད་པའི་ཕྱིར་རོ། ། (གསུམ་པ་)ཉོན་མོངས་པའི་ང་རྒྱལ་བཤད་པ་ནི། འདོད་ཆགས་དང་ཁོང་ཁྲོ་ལ་སོགས་པ་སྤང་བྱ་ཉོན་མོངས་པའི་ཕྱོགས་ཀྱི་ཁྲོད་ན་གནས་པ་ན་གཉེན་པོ་རྣམ་པ་སྟོང་འགྱུར་དུ་བསྐྱེད་ནས་སྲན་གཟུགས་པར་བྱ་སྟེ། དཔེར་ན་ཝ་ལ་སོགས་པའི་རི་དྭགས་ཀྱི་ཚོགས་ཀྱིས་སེང་གེ་ལ་གནོད་པ་མི་ཚུགས་པ་བཞིན་དུ་ཉོན་མོངས་པའི་ཚོགས་ཀྱིས་གཉེན་པོ་ལ་གནོད་པ་མི་ཚུགས་པར་བྱའོ། །གཞན་གྱི་གནོད་པ་ལ་སོགས་པའི་སྡུག་བསྔལ་གྱིས་ཉམ་ང་བ་ཤིན་ཏུ་ཆེ་ཐང་དུ་བྱུང་བར་གྱུར་ཀྱང༌། དཔེར་ན་མི་ཡིས་མིག་ནི་གཅེས་པར་བསྲུང་བ་ལྟར་ཞེས་པའམ། ཡང་ན་(འགྲེལ་བ་ལས་)ཐ་མལ་པའི་མིག་གི་དབང་པོ་ནི་རང་གི་ཡུལ་གཟུགས་ཁོ་ན་ལ་འཇུག་གི་སྒྲ་སོགས་གཞན་ལ་འཇུག་པ་བསྲུང་ཞིང་མི་རིགས་པ་ལྟར་དེ་བཞིན་དུ་དཀའ་བ་སྤྱོད་པའི་སྡུག་བསྔལ་གྱི་ཉམ་ང་ཇི་ཙམ་བྱུང་བར་གྱུར་ཀྱང་་་་་་་་གཉེན་པོ་དགེ་བ་ཁོ་ན་ལ་འཇུག་པར་བྱའི་སྤང་བྱ་ཉོན་མོངས་པའི་དབང་དུ་ནམ་ཡང་མི་འགྱུར་བར་བྱའོ། །དེ་ལྟར་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། །ཅེས་ཀྱང་འདོན་མོད། རྒྱ་དཔེ་དང་འགྲེལ་བ་དག་ན་མི་སྣང་ངོ༌། ། (༣) དགའ་བ་བསྐྱེད་པ། (གསུམ་པ་)དགའ་བའི་དཔུང་ལ་གསུམ་ལས། (དང་པོ་)བདེ་བའི་ལས་ལ་དགའ་བར་བྱ་བ་ནི། དཔེར་ན་འགའ་ཞིག་རྒྱན་པོ་འགྱེད་པ་ལ་སོགས་པ་རྩེད་མོའི་བདེ་བའི་འབྲས་བུ་ཙམ་ཐོབ་པར་འདོད་པ་ཡང་ལས་དམན་པ་དེ་ལ་མི་ངོམས་པར་དགའ་བས་འཇུག་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡི་བྱ་བར་འོས་པའི་ལས་གཞན་དོན་ལ་སོགས་པ་གང་ཡིན་པའི་ལས་བཟང་པོ་དེ་ལ་ནི་མངོན་པར་ཞེན་པར་བྱ་སྟེ། བྱང་ཆུབ་ཀྱི་སྤྱོད་པའི་ལས་དེས་མི་ངོམས་ཤིང་གོང་ནས་གོང་དུ་འགྱུར་བ་ལ་ཤིན་ཏུ་དགའ་བས་འཇུག་པར་བྱའོ། །ཕལ་བ་རྣམས་ཀྱིས་བདེ་བའི་འབྲས་བུ་ཐོབ་པའི་དོན་དུ་རྩེད་མོ་ལ་སོགས་པའི་ལས་ལ་འབད་པ་བྱས་ཀྱང་འབྲས་བུ་བདེ་བ་ཐོབ་པར་འགྱུར་རམ་མི་འགྱུར་གཏོལ་མེད་ཀྱི་བྱང་ཆུབ་སེམས་དཔའ་གང་གི་ལས་དགེ་བ་ཉིད་ནི་འབྲས་བུ་བདེ་བ་ཐོབ་པར་འགྱུར་བ་ཡིན་པ་ལ། དེའི་ལས་མི་བྱེད་པར་མི་དགེ་བ་བྱེད་པ་རྣམས་ཇི་ལྟར་བདེ་སྟེ་བདེ་བའི་སྐབས་མེད་པས། བདེ་བ་འདོད་ན་དགེ་བ་ལ་འབད་པར་རིགས་སོ། ། (གཉིས་པ་)ལས་དེས་ངོམས་པ་མེད་པར་བྱ་བ་ནི། སྤུ་གྲི་རྣོན་པོའི་སོར་ཆགས་པའི་སྦྲང་རྩི་ལ་ལྕེས་ལྡག་པ་ལྟ་བུ་ཁེ་ཆུང་ལ་ཉེན་ཆེ་བའི་འདོད་པའི་ཡོན་ཏན་ལྔ་བོ་དག་ལ་འཁོར་བར་ཡང་ཡང་སྤྱད་པ་རྣམས་ཀྱིས་ཀྱང་མི་ངོམས་པར་བྱེད་ན། རྣམ་པར་སྨིན་པའི་འབྲས་བུ་མངོན་པར་མཐོ་བའི་བདེ་བ་དང་ལྡན་ལ་ངེས་པར་ལེགས་པ་སྡུག་བསྔལ་མཐའ་དག་ཞི་བ་ཡི་མྱ་ངན་ལས་འདས་པའི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་དམ་པའི་ཆོས་ཀྱི་རོ་བཅུད་བདུད་རྩི་ལྟ་བུ་རྣམས་ཀྱིས་ཅི་སྟེ་ངོམས་ཏེ་ངོམས་མི་ཤེས་པར་བྱའོ། ། (གསུམ་པ་)དེས་ན་དེ་ལ་འཇུག་པར་གདམས་པ་ནི། ཚུལ་དེ་ལྟ་བས་ན་གང་བརྩམས་པའི་དགེ་བའི་ལས་དེ་ཚར་ཕྱིན་པར་བྱ་བའི་ཕྱིར་དུ་དཔེར་ན་སོས་ཀ་ཉི་མ་ཕྱེད་ལ་བབ་པའི་དུས་སུ་ཚ་བ་དང་སྐོམ་པས་གདུངས་པ་ཡི་གླང་ཆེན་དག་ཆུ་བསིལ་བས་གང་བའི་མཚོ་དང་ཕྲད་ན་མཆོག་ཏུ་དགའ་ཞིང་སྤྲོས་པས་ཡིད་བཞིན་གྱིས་མཚོར་འཇུག་པ་ལྟར་རང་དང་གཞན་ལ་ཕན་པའི་ལས་དེ་ལ་ནི་དགའ་བར་བྱ་ཞིང་སྤྲོས་པས་འཇུག་ཅིང་མཐར་ཕྱིན་པར་བྱའོ། ། (༤) དོར་བའི་དཔུང་ཚོགས་བསྐྱེད་པ། (བཞི་པ་)དོར་བའི་དཔུང་ནི། དགེ་བའི་ལས་ལ་ཧ་ཅང་འབད་ཆེས་པས་ལུས་ངག་ཡིད་གསུམ་གྱི་སྟོབས་ཉམས་པ་དང་རྗེས་སུ་འབྲེལ་བར་གྱུར་ན་སླར་ཡང་ནུས་པ་བརྟས་ནས་ལས་དེ་བྱ་བའི་དོན་དུ་རེ་ཞིག་ངལ་གསོ་ཞིང་དོར་བར་བྱའོ། །གང་བསམས་པའི་ལས་དེ་ལེགས་པར་ཟིན་ཞིང་གྲུབ་ནས་དེ་ཙམ་ལ་མངོན་པར་མ་ཞེན་པར། དེ་ལས་ཁྱད་པར་དུ་འཕགས་པའི་དགེ་བ་ཕྱི་མ་དང༌། དེ་ལས་ཀྱང་མཆོག་ཏུ་གྱུར་པའི་དགེ་བ་ཕྱི་མ་བསྒྲུབ་པར་འདོད་པས་སྔ་མ་སྔ་མ་གྲུབ་ཟིན་པ་དེ་སྤང་ཞིང་དོར་བར་བྱ་སྟེ། མདོར་ན་ནི་ཕྱི་མ་ཁྱད་པར་ཅན་འགྲུབ་པའི་གེགས་སུ་འགྱུར་བའི་ཕྱིར་རོ། ། ➋ བརྩོན་འགྲུས་སྤེལ་བ་ལ་གཉིས། (གཉིས་པ་)བརྩོན་འགྲུས་སྤེལ་པ་ལ། གཉེན་པོ་བསྐྱེད་དེ་བརྩོན་འགྲུས་སྤེལ་བ་དང༌། དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་བའོ། ། ༡ གཉེན་པོ་བསྐྱེད་དེ་བརྩོན་འགྲུས་སྤེལ་བ། དང་པོ་ལ་བཞི་ལས། (དང་པོ་)དྲན་པས་གཟུང་ཚུལ་ནི། དཔེར་ན་འཐབ་པ་ལ་གོམས་ཤིང་རྙིང་པར་གྱུར་པའི་དགྲ་བོ་མཚོན་ཆའི་རིགས་ལ་མཁས་པ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་ན་རང་བསྲུང་ཞིང་གཞན་འཇོམས་པ་ལ་འབད་པ་བཞིན་དུ། ཉོན་མོངས་པ་མཚོན་ཆ་རྣོན་པོས་འདེབས་པ་དང་འདྲ་བ་ལས་བཟུར་བར་བྱ་ཞིང་ཉོན་མོངས་པའི་དགྲ་བོ་གདུག་པ་ཅན་རྣམས་དྲན་པའི་མཚོན་ཆས་འཇེབས་ཤིང་ཞིབ་པར་བཏགས་ཏེ་གླགས་མི་རྙེད་པར་བྱའོ། །གཡུལ་དུ་རལ་གྲི་ས་ལ་ལྷུང་བར་གྱུར་ན་དགྲས་གླགས་རྙེད་དུ་དོགས་པའི་འཇིགས་པས་མྱུར་དུ་ལེན་པ་ལྟར་དེ་བཞིན་དུ་དྲན་པའི་མཚོན་ཆ་ཤོར་ཏེ་ཡེངས་ན་ཉོན་མོངས་པའི་དབང་གིས་དམྱལ་བའི་འཇིགས་པ་འབྱུང་ངོ་སྙམ་དུ་དྲན་པས་མྱུར་དུ་བླང་ཞིང་གཉེན་པོའི་སྟོབས་བསྐྱེད་པར་བྱའོ། ། (གཉིས་པ་)ཤེས་བཞིན་བསྟེན་ཚུལ་ནི། ཇི་ལྟར་ན་མདའ་དུག་ཅན་གྱིས་བསྣུན་པའི་ཁྲག་ལ་རྟེན་བྱས་ནས་དུག་ནི་ལུས་ཐམས་ཅད་ལ་ཁྱབ་པས་གནོད་པར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པས་གླགས་ནི་རྙེད་པར་གྱུར་ན། དེས་ཀུན་ནས་བསླང་བའི་ཉེས་སྤྱོད་སྡིག་པས་སེམས་ལ་ཁྱབ་ཅིང་གནོད་པར་འགྱུར་ཏེ། དེ་བས་ན་ཡུངས་མར་གྱིས་ལེགས་པར་བཀང་བའི་སྣོད་ཁ་ཞེང་ཅན་བསྐུར་ནས་ལམ་འགྲེད་པ་ལ་བཏང་བར་གྱུར་ལ་རལ་གྲི་རྣོན་པོ་ཐོགས་པ་དྲུང་དུ་བསྡད་དེ་འདི་ལས་ཐིཊ་པ་གཅིག་པོ་ན་ད་ལྟ་ཉིད་དུ་གསོད་དོ་ཞེས་བསྡིགས་པ་ན་འཆི་བས་འཇིགས་ནས་བསྒྲིམས་ཏེ་འགྲོ་བ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་བརྟུལ་ཞུགས་ཅན་གྱིས་ཀྱང་དེ་བཞིན་དུ་དམྱལ་་བ་ལ་སོགས་པའི་འཇིགས་པས་བསྒྲིམས་ཏེ་སྒོམ་གསུམ་གྱི་སྤྱོད་པ་ཤེས་བཞིན་གྱིས་བསྡམས་ཏེ་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱའོ། ། (གསུམ་པ་)སྤང་བྱ་སྤོང་ཚུལ་ནི། དེ་ལྟར་བསྒྲིམས་དགོས་པ་དེ་བས་ན་པང་དུ་སྦྲུལ་གདུག་པ་ཅན་འོངས་ན་དུག་གིས་འཇིགས་པས་ཇི་ལྟར་རིངས་པས་ལྡང་བ་ལྟར་དེ་བཞིན་དུ་གཉིད་དང་རྨུགས་པ་དང་སྙོམ་ལས་ལ་སོགས་པ་འོངས་ན་མྱུར་བ་ཉིད་དུ་དགེ་བའི་བར་ཆད་དེ་དག་བཟློག་པ་ལ་བརྩོན་པར་བྱའོ། ། (བཞི་པ་)ཉེས་པ་འཆོས་ཚུལ་ནི། དེ་ལྟར་འབད་ཀྱང་ལས་དང་པོ་པར་གྱུར་པས་ཉེས་པ་བྱུང་ན་གང་བྱུང་བ་རེ་རེ་ཞིང༌། འདི་ལྟ་བུ་ཕྱེད་པ་མི་རིགས་སོ་ཞེས་བདག་ཉིད་ལ་སྨད་ནས་ཅི་ནས་ཀྱང་བདག་ལ་ཕྱིས་ཉེས་པ་འདི་ལྟ་བུ་མི་འབྱུང་བ་དེ་ལྟར་བྱ་ཞེས་ཡུན་རིང་དུ་བསམས་ནས་ཕྱིར་འཆོས་བ་ལ་འབད་པར་བྱའོ། །ཇི་ལྟར་ཉོན་མོངས་པ་སྤོང་བའི་གནས་སྐབས་འདི་དག་ལ་དྲན་པ་དང་ཤེས་བཞིན་གོམས་པ་ཉིད་དུ་འགྱུར་རོ། །ཞེས་ཡང་དང་ཡང་དུ་སེམས་པའི་རྒྱུ་འདི་ཡིས་ནི་སྐྱེས་བུ་དམ་པ་དང་ཕྲད་ནས་ཕྱིར་བཅོས་ཏེ་གནས་པའམ་ཡང་ན་བདག་ཉིད་ཀྱི་མི་རིགས་པའི་གཉེན་པོ་རིགས་པའི་ལས་ནི་འདོད་ཅིང་དོན་དུ་གཉེར་བས་བཅོས་ཏེ་གནས་པར་བྱའོ། ། ༢ དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་བ། (གཉིས་པ་)དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་བ་ལ་གཉིས་ལས། (དང་པོ་)ལུས་དབང་དུ་བྱས་ཏེ་སྤེལ་བ་ནི། ཅི་ནས་ཀྱང་དགེ་བའི་ལས་གང་དང་གང་བྱེད་པ་དེ་དང་དེའི་སྔོན་རོལ་ནས་བྱ་བ་རྩོམ་པ་ཐམས་ཅད་ལ་ནི་མཐུ་ཡོད་པ་དང་སྟོབས་ཡོད་པར་འགྱུར་བ་དེ་ལྟར་སྒོ་གསུམ་གྱི་བྱ་བ་ལ་བག་ཡོད་པར་བྱའོ་ཞེས་པའི་གཏམ་སྔར་བརྗོད་པ་རྣམས་དྲན་པར་བྱས་ཏེ། བདག་ཉིད་ཀྱི་ལུས་ལྡང་བ་ཡང་ཞིང་ལས་སུ་རུང་བའི་སྒོ་ནས་དགེ་བའི་བྱ་བ་ལ་སྤྲོ་བས་འཇུག་པར་བྱའོ། ། (གཉིས་པ་)སེམས་དབང་དུ་བྱས་ཏེ་སྤེལ་བ་ནི། ཇི་ལྟར་ན་རླུང་ནི་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་ལ་སོགས་པ་ཡང་བའི་དངོས་པོ་རྣམས་ཅི་བདེ་བར་དབང་བསྒྱུར་བ་དེ་བཞིན་དུ་དགེ་བའི་བྱ་བ་ལ་སྤྲོ་བའི་སྒོ་ནས་རང་གི་སེམས་དབང་བསྒྱུར་ཞིང་ལས་སུ་རུང་བར་བྱ་སྟེ། དེ་ལྟ་ན་ནི་དགེ་བའི་བྱ་བ་གང་དང་གང་བརྩམས་པ་དེ་དང་དེ་ཐམས་ཅད་མཐར་ཕྱིན་པར་འགྲུབ་པར་འགྱུར་བས་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འདོད་པ་རྣམས་བརྩོན་འགྲུས་རྩོམ་པ་ལ་འབད་པར་བྱའོ། ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་བརྩོན་འགྲུས་རྩོམ་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའི་རྣམ་པར་བཤད་པའོ།། །། ལེའུ་བརྒྱད་པ། བསམ་གཏན་བསྒོམ་པ་བསྟན་པ། ༥༽བསམ་གཏན་གྱི་ཕར་ཕྱིན་ཉམས་སུ་ལེན་ཚུལ། ༡ སྤྱི་དོན་ལ་བཞི། དེ་ལྟར་བརྩོན་འགྲུས་བརྩམ་ཚུལ་བསྟན་ནས། ད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་ལ་སྤྱི་དོན་བཞི་སྟེ། བྱེད་ལས་མཚན་ཉིད་དབྱེ་བ་ཕན་ཡོན་ནོ། ། ༡ བྱེད་ལས། (དང་པོ་)བྱེད་ལས་ནི། མཉམ་པར་བཞག་པས་ཡིད་ལ་དབང་ཐོབ་ཅིང་སེམས་ལས་སུ་རུང་བར་བྱས་ནས། གཞན་གྱིས་མཆོད་པར་འདོད་པ་ལ་སོགས་པ་ཟང་ཟིང་གི་བསམ་པ་སྤངས་ཏེ། བསམ་གཏན་ལ་བརྟེན་པའི་རྫུ་འཕྲུལ་གྱིས་གདུལ་བྱ་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་བདུན་པར་བྱས་ཤིང༌། དེ་རྣམས་ཀྱང་དགེ་བ་ལ་སྦྱོར་བས་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྒྱན་ལས། ཡིད་ཀྱིས་དབང་ནི་བླ་ན་མེད་ཐོབ་ནས། །གཞན་གྱིས་མཆོད་འདོད་ཐམས་ཅད་ངེས་བཅོམ་སྟེ། །མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང༌། །དེ་དག་དགེ་བས་ཡང་དག་འཕེལ་བར་བྱེད། །ཅེས་པ་ལྟར་རོ། ། ༢ མཚན་ཉིད། (གཉིས་པ་)མཚན་ཉིད་ནི། མི་མཐུན་པའི་ཕྱོགས་རྣམ་གཡེང་མ་ལུས་པ་སྤངས་པ་དང༌། གཉེན་པོ་ཆོས་ལ་བདག་མེད་རྟོགས་པའི་སྒོ་ནས་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། ཕྱེད་ལས་གནས་སྐབས་སུ་གཞན་གྱི་ཡིད་ལ་གང་འཐད་སྒྲུབ་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རང་རང་གི་མོས་པ་དང་མཐུན་པར་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཆོས་བཞི་དང་ལྡན་པ་སྟེ། བསམ་གཏན་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། ༣ དབྱེ་བ། (གསུམ་པ་)དབྱེ་བ་ནི། སེམས་བརྟགས་བྱའི་དངོས་པོ་ལ་རྩེ་གཅིག་ཏུ་གནས་པ་ངོ་བོའི་དོན་དང༌། དམིགས་པ་མ་བརྗེད་པའི་དྲན་པ་དང༌། བརྩོན་འགྲུས་ལ་བརྟེན་ནས་འབྱུང་བ་རྒྱུའི་དོན་དང༌། གནོད་པ་མེད་པའི་བདེ་བ་དང་ལྡན་པར་སྐྱེ་བ་འབྲས་བུའི་དོན་དང༌། མངོན་ཤེས་དྲུག་དང་རྣམ་ཐར་གསུམ་དང༌། བསམ་གཏན་བཞི་དང༌། ཚད་མེད་བཞི་ལ་དབང་བསྒྱུར་བར་བྱེད་པ་ལས་ཀྱི་དོན་དང༌། ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཏིང་ངེ་འཛིན་ཏོ། །ཞེས་གསུངས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་དང༌། དེ་ལྡན་གྱི་གང་ཟག་ལ་ཡོད་པ་རྟེན་གྱི་འཇུག་པ་དང༌། དགའ་ཞིང་ཡིད་བདེ་བ་དང་ལྡན་པ་དང་སེམ་ཞིང་{སེམས་ཤིང་}བདེ་བ་དང་ལྡན་པ་དང༌། འདུ་བྱེད་བཏང་སྙོམས་དང་ལྡན་པའི་ཏིང་ངེ་འཛིན་རྣམས་སུ་རབ་ཏུ་དབྱེ་བའི་འཇུག་པའི་དོན་ཏེ་དོན་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། སེམས་ནི་ནང་དུ་གནས་པ་དང༌། །དྲན་དང་བརྩོན་འགྲུས་ལ་བརྟེན་དང༌། །བདེ་བ་སྐྱེད་པར་བྱེད་པ་དང༌། །མངོན་ཤེས་གནས་ལ་དབང་སྒྱུར་དང༌། །ཆོས་རྣམས་ཀུན་གྱི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །ཁྱད་པར་གྱི་དབྱེ་བ་ནི་བཞི་སྟེ། (དང་པོ་)ཞི་གནས་ལྷག་མཐོང་གི་དབྱེ་བ་ནི། ཡང་དག་པའི་གནས་པ་ལ་བརྟེན་ནས་སེམས་རྩེ་གཅིག་ཏུ་འཇོག་པའི་ཆ་ནི་ཞི་གནས་དང༌། ཆོས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའི་ཆ་ནི་ལྷག་མཐོང་ཞེས་བྱ་བར་གཉིས་ཏེ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པ་ལྟར་རོ། ། (གཉིས་པ་)ཡིད་ལ་ཕྱེད་ཚུལ་གྱི་དབྱེ་བ་ནི། རྟོགས་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང༌། རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། རྟོག་པ་ཡང་མེད། དཔྱོད་པ་ཡང་མེད་པའི་ཡིད་ལ་བྱེད་པ་གསུམ་དུ་ཡང་འགྱུར་བ་སྟེ། ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་ངས་ཀྱང་སྤྱད་པར་བྱ། །ཞེས་པ་ལྟར་རོ། །དེ་བཞིན་དུ་ཞི་གནས་ཡིད་ལ་བྱེད་པ་དང༌། ལྷག་མཐོང་ཡིད་ལ་བྱེད་པ་དང༌། ཟུང་དུ་འབྲེལ་བ་ཡིད་ལ་བྱེད་པ་དང་གསུམ་དུ་ཡང་འགྱུར་བ་སྟེ། ཆོས་ཀྱི་མིང་ནི་སྡོམ་པ་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་ནི་དེ། །བསྡོམས་པ་ཡིན་པར་ཤེས་པར་བྱ། །ཞེས་པ་ལྟར་རོ། །དེ་བཞིན་དུ་རབ་ཏུ་འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང༌། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་གསུམ་དུ་ཡང་འགྱུར་བ་སྟེ། ཞུམ་པའི་སེམས་ནི་རབ་བཟུང་ཞིང༌། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ་པར་གྱུར་ན་བཏང་སྙོམས་བཞག །ཅེས་པ་ལྟར་རོ༑ ༑རྒྱུན་སྦྱོར་དང་ལྡན་པའི་ཡིད་ལ་ཕྱེད་པ་དང༌། གུས་སྦྱོར་དང་ལྡན་པའི་ཡིད་ལ་བྱེད་པ་གཉིས་སུ་ཡང་འགྱུར་བ་སྟེ། དེ་ལ་རྟག་ཏུ་བྱ་བ་དང༌། །གུས་པར་བྱས་ཏེ་སྦྱར་བར་བྱ། །ཞེས་པ་ལྟར་རོ།