སྤྱོད་འཇུག་ས་འགྲེལ།

། (གསུམ་པ་ )རྒྱུ་ལ་བརྟག་པ་ནི། དབྱུག་པ་དང་རལ་གྲི་ལ་སོགས་པས་གནོད་པ་བྱས་པ་ན་མཚོན་ཆའི་དངོས་པོ་དེ་དག་ལ་ནི་རང་དབང་མེད་པའོ་སྙམ་པས་ཟུར་དུ་བཀོལ་ཏེ་བཞག་ནས་གལ་ཏེ་དེ་དག་འཕེན་ཞིང་རྦོད་པར་བྱེད་པའི་སེམས་ཅན་ལ་ཁྲོ་ན་གནོད་བྱེད་ཀྱི་སེམས་ཅན་དེ་ཡང་རང་དབང་མེད་པར་ཉོན་མོངས་པ་ཞེ་སྡང་གི་རྦད་ཅིང་བསྐུལ་བས་ཉིས་ནའམ་རིགས་ན་ཀུན་སློང་ཞེ་སྡང་ལ་ཁྲོ་བར་རིགས་ཀྱི། སེམས་ཅན་ལ་ནི་ཁྲོ་བར་མི་རིགས་ཤིང་སྙིང་རྗེ་བསྐྱེད་པར་རིགས་སོ། ། (བཞི་པ་)རང་གི་ཉེས་ཚུལ་ལ་གསུམ་ལས། (དང་པོ་)ལེ་ལན་ཡིན་པས་ཉེས་ཚུལ་ནི། བདག་གིས་ཀྱང་ཚེ་རབས་སྔོན་ཆད་སེམས་ཅན་གཞན་རྣམས་ལ་དབྱུག་པས་བསྣུན་པ་དང་མཚོན་ཆས་འདེབས་པ་དང་ལོངས་སྤྱོད་འཕྲོག་པ་ལ་སོགས་པ་འདི་འདྲ་བ་ཡི་གནོད་པ་སྣ་ཚོགས་བྱས་པ་དེ་བས་ན། རྒྱུ་སེམས་ཅན་ལ་གནོད་ཅིང་འཚེ་བར་བྱེད་པ་བདག་ལ་འབྲས་བུ་གཞན་གྱིས་གནོད་པ་ལ་སོགས་པའི་སྡུག་བསྔལ་འདི་འབྱུང་བར་རིགས་ཏེ། རྒྱུ་འབྲས་སླུ་བ་མེད་པའི་ཕྱིར་རོ། ། (གཉིས་པ་)གནོད་བྱར་བཟུང་བས་ཉེས་ཚུལ་ནི། རྒྱུ་ཚོགས་པ་ལས་འབྲས་བུ་འབྱུང་བ་ནི་ཀུན་རྫོབ་ཀྱི་ཆོས་ཉིད་ཡིན་པས་གནོད་བྱེད་དེ་ཡི་མཚོན་ཆ་དང་གནོད་བྱ་བདག་གི་ལུས་གཉིས་ཀའང་སྡུག་བསྔལ་གྱི་རྒྱུ་ཡིན་པར་མཚུངས་ཏེ། དགྲ་དེས་མཚོན་ཕྱུང་ཞིང་བདག་གིས་ལུས་ཕྱུང་ནས་རྨས་པ་ལ་སོགས་པ་སྡུག་བསྔལ་མྱོང་བ་ན། རང་གཞན་གཉིས་པོ་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ། ཉེས་པ་མཉམ་པས་གཞན་ཁོ་ན་ལ་ལྷག་པར་ཁྲོ་བ་ནི་མི་རིགས་སོ། །གཞན་ཡང་འཇིག་པ་སླ་ཞིང་འཚོ་བ་དཀའ་ལ་ཁྲག་དང་ཆུ་སེར་ལ་སོགས་པ་སྨིན་པའི་ཤུ་བ་རྣམ་པ་མི་ཡི་གཟུགས་བརྙན་འདྲ་བ་གཞན་གྱིས་རེག་པ་ཙམ་དུ་ཡང་མི་བཟོད་པའི་སྡུག་བསྔལ་ཅན་འདི་ཁམས་གསུམ་ལ་སྲེད་པས་ཤེས་རབ་ཀྱི་མིག་མདོངས་ཤིང་ལོང་བ་བདག་གིས་གཟུང་བར་གྱུར་ན། ལུས་དེ་ལ་གནོད་པ་གཞན་སུ་ལ་ཁྲོ་སྟེ་ཁྲོ་བར་མི་རིགས་ཤིང་རང་ལ་ཁྲོ་བར་རིགས་ཏེ་ལུས་བཟུང་བས་ཉེས་པ་བའི་ཕྱིར་རོ། ། (གསུམ་པ་)སྡིག་པ་སྤྱད་པས་ཉེས་ཚུལ་ནི། གང་འབྲས་བུ་མི་འདོད་ན་དེའི་རྒྱུ་སྤང་བར་རིགས་པ་ཡིན་པ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྨོངས་པ་རྣམས་ནི་འབྲས་བུ་སྡུག་བསྔལ་མྱོང་བར་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྣ་ཚོགས་སྤྱོད་པ་ལ་བརྐམ་ཞིང་ཆགས་པས་ན། རང་གི་མི་དགེ་བའི་ཉེས་པས་རང་ལ་སྡུག་བསྔལ་གྱིས་གནོད་པར་གྱུར་པའི་ཕྱིར་གཞན་ལ་ཁྲོ་ཞིང་བཀོན་དུ་ཅི་ཞིག་ཡོད་དེ་ཁྲོ་བར་མི་རིགས་སོ། །དཔེར་ན་དམྱལ་བའི་སྲུང་མ་འཇིགས་སུ་རུང་བ་དང་རལ་གྲིའི་ལོ་མའི་ནགས་ཚལ་ལ་སོགས་པའི་གནོད་པ་ནི་སེམས་ཅན་དམྱལ་བ་པ་རྣམས་ཀྱིས་ལས་ཀྱིས་བསྐྱེད་པ་ལྟར་རང་གི་མི་དགེ་བའི་ལས་ཀྱིས་རང་ལ་གནོད་པ་ལ་སོགས་པའི་སྡུག་བསྔལ་འདི་བསྐྱེད་ན་གནོད་བྱེད་གཞན་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་སུ་ལའང་ཁྲོ་བར་མི་བྱའོ། ། (ལྔ་པ་)གནོད་བྱེད་ཁྲོ་བར་རིགས་ཚུལ་ལ་གསུམ་ལས། (དང་པོ་)རྒྱུ་མཚན་མདོར་བསྟན་ནི་བདག་གི་སྔོན་གྱི་ལས་ངན་པ་རྣམས་ཀྱིས་བསྐུལ་བར་བྱས་ནས་བདག་ལ་ཚེ་འདིར་གནོད་པ་སྣ་ཚོགས་བྱེད་པའི་དགྲ་བོ་རྣམས་འབྱུང་སྟེ་བདག་ལ་གནོད་པའི་ལས་བྱས་པ་དེ་ཡིས་དགྲ་བོ་རྣམས་སེམས་ཅན་དམྱལ་བར་འདོད་ཞིང་འགྲོ་ན་བདག་གིས་དགྲ་བོ་དེ་དག་མ་བརླག་གམ་སྟེ་བརླག་པར་བྱས་པས། ཅི་སྟེ་ཁྲོ་ན་དགྲ་བོ་དེས་བདག་ལ་ཁྲོ་བར་རིགས་སོ། ། (གཉིས་པ་)རྒྱས་པར་བཤད་པ་ནི། གནོད་བྱེད་སེམས་ཅན་འདི་དག་ལ་ནི་རྟེན་བྱས་ཤིང་དམིགས་ནས་བཟོད་པ་བསྒོམས་པས་བདག་གིས་སྐྱེ་བ་སྔ་མར་གཞན་ལ་གནོད་པ་བྱས་པ་ལ་སོགས་པའི་སྡིག་པ་མང་དུ་འབྱུང་ཞིང༌། བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས་གནོད་བྱེད་དེ་དག་ནི་ཡུན་རིང་སྡུག་བསྔལ་མི་བཟད་པ་དང་ལྡན་པའི་དམྱལ་བར་འདོད་སྟེ་ལྟུང་བའི་ཕྱིར། བདག་ནི་སེམས་ཅན་དེ་དག་ལ་དམྱལ་བར་གཏོང་བའི་སྒོ་ནས་གནོད་པ་ཆེན་པོ་བྱེད་ལ། གནོད་བྱེད་དེ་དག་བདག་ལ་སྡིག་པ་སྦྱོང་བའི་སྒོ་ནས་ཕན་ཆེན་པོ་འདོགས་པ་ཡིན་ན་དགའ་བར་རིགས་པ་ལས་ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར་མ་རུངས་པའི་སེམས་ཁྱོད་ཁྲོ་བར་བྱེད་དེ་སྒྲིབ་པ་སྦྱོང་བའི་གྲོགས་ལ་ཁྲོ་བར་མི་རིགས་སོ། ། (གསུམ་པ་)འཁྲུལ་བ་སྤང་པ་ནི། གནོད་བྱེད་དམྱལ་བར་ལྟུང་བའི་རྐྱེན་བྱས་པའི་ཕྱིར་བཟོད་པ་སྒོམ་པ་པོ་རང་ཡང་དམྱལ་བར་འགྲོའམ་སྙམ་ན། གལ་ཏེ་བདག་ལ་གནོད་བྱེད་དམྱལ་བར་གཏོང་བའི་བསམ་པ་མེད་ཅིང་བྱམས་པ་དང་སྙིང་རྗེའི་བསམ་པ་བཟང་པོ་ཡི་ཡོན་ཏན་ཡོད་ན་དམྱལ་བར་མི་འགྲོ་ཞིང་བདེ་བ་ནས་བདེ་བར་འགྲོ་བ་ཉིད་དོ། །བཟོད་པ་འགྲུབ་པའི་རྐྱེན་བྱས་པའི་ཕྱིར་གནོད་བྱེད་ལའང་བསོད་ནམས་ཆེན་པོ་འབྱུང་ངམ་སྙམ་ན། གལ་ཏེ་བཟོད་པ་སྒོམ་པ་པོ་བདག་གིས་བདག་རང་གི་སེམས་ཞེ་སྡང་ལས་བསྲུངས་ཤིང་བྱམས་པ་དང་སྙིང་རྗེ་བསྒོམས་པ་ན་བསོད་ནམས་འབྱུང་བ་ཡིན་གྱི། གནོད་བྱེད་དེ་དག་ལ་ནི་དགེ་བའི་བསམ་པ་མེད་པའི་ཕྱིར་སྐབས་འདིར་བསོད་ནམས་ཅི་ཞིག་འབྱུང་སྟེ་ཅིའང་མི་འབྱུང་བས་དམྱལ་བར་ལྟུང་བ་ཉིད་དོ། །གནོད་པ་བྱེད་པ་ནི་རང་ལ་ཕན་འདོགས་པ་ཡིན་ན་ཕར་ཡང་ལན་དུ་གནོད་པ་བྱ་བར་རིགས་སོ་སྙམ་ན། འོན་ཏེ་གཞན་གྱིས་རྡེག་པ་ལ་སོགས་པའི་ལན་དུ་ཕར་ཡང་དེ་དང་མཐུན་པའི་གནོད་པ་བྱས་ན་སེམས་ཅན་དེ་དག་གི་སེམས་ཞེ་སྡང་ལས་བསྲུངས་བར་མ་གྱུར་བས་བདག་གི་བྱང་ཆུབ་སེམས་དཔའི་སྤྱོད་པའང་ཉམས་པར་འགྱུར་ཞིང༌། གཞན་དོན་གྱི་སྤྱོད་པ་ཉམས་པ་དེས་ན་བཟོད་པའི་དཀའ་ཐུབ་དམ་པའང་ཞིག་པར་འགྱུར་བའི་ཕྱིར། དུས་ཐམས་ཅད་དུ་གནོད་པ་ལ་ལན་མི་བྱེད་པའི་བཟོད་པ་སྒོམ་པར་རིགས་སོ། ། ༢༽བརྙས་སོགས་བྱུང་དུས་བསྒོམ་པ། (གཉིས་པ་)བརྙས་སོགས་བྱུང་དུས་བསྒོམ་པ་ལ། བརྙས་སོགས་གནོད་བྱེད་མིན་པས་བཟོད་ཚུལ། རྙེད་པའི་བར་ཆད་བྱེད་ཀྱང་བཟོད་ཚུལ། ཁྱད་པར་མི་སྙན་པ་ལ་བཟོད་ཚུལ་ལོ། ། ༡ བརྙས་སོགས་གནོད་བྱེད་མིན་པས་བཟོད་ཚུལ། དང་པོ་ལ་གཉིས་ལས། (དང་པོ་)སེམས་དང་ལུས་ལ་གནོད་པ་མེད་ཚུལ་ནི། སེམས་སམ་ཡིད་འདི་ནི་ལུས་ཅན་ནམ་གཟུགས་ཅན་གྱི་ངོ་བོ་མ་ཡིན་པས་གནོད་བྱེད་སུས་ཀྱང་གནས་གང་དུའང་མཚོན་ཆ་ལ་སོགས་པས་ནམ་ཡང་གཞོམ་པར་མི་ནུས་ཤིང༌། མ་བརྟགས་པར་ལུས་ལ་བདག་ཏུ་མངོན་པར་ཞེན་པས་ན། སེམས་དང་འབྲེལ་བའི་ལུས་ནི་མཚོན་ཆས་བསྣུན་པ་ལ་སོགས་པའི་སྡུག་བསྔལ་དག་གིས་རེ་ཞིག་གནོད་པར་སྣང་མོད་ལེགས་པར་བརྟགས་ན་གཞན་གྱིས་བསྣུན་ཞིང༌། བརྙས་པ་དང་ཚིག་རྩུབ་སྨྲ་ཞིང་འཐབ་པ་དང་མི་སྙན་པ་ཡི་ཚིག་སྣ་ཚོགས་བརྗོད་པ་དེ་ཡིས་ལུས་བེམ་པོ་ལ་ནི་ཅུང་ཟད་ཀྱང་གནོད་པར་མི་འགྱུར་ཏེ་ཅིའང་མི་ཚོར་བའི་ཕྱིར་རོ། །དེས་ན་ཡིད་དང་ལུས་གང་ལ་གནོད་ནས་སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ་སྟེ་ཁྲོ་བའི་རྒྱུ་མཚན་གནོད་པ་བྱས་པ་མེད་པའི་ཕྱིར་རོ། ། (གཉིས་པ་)འདི་དང་ཕྱི་མར་གནོད་པ་མེད་ཚུལ་ནི། བརྙས་པ་དང་ཚིག་རྩུབ་སྨྲ་བ་ལ་སོགས་པའི་སྒོ་ནས་གཞན་མང་པོ་དག་བདག་ལ་མི་དགའ་ཞིང་མ་དད་དེ་སྨོད་པ་དེས་ནི་ཚེ་རབས་འདིའམ་ཚེ་རབས་གཞན་ཕྱི་མ་དག་ལ་ནམ་ཡང་བདག་ལ་ཟ་ཞིང་གནོད་པར་འགྱུར་བ་ཅིའང་མི་བྱེད་ན་བདག་ནི་ཅིའི་ཕྱིར་དེ་མི་འདོད་དེ་རྣམ་གཡེང་དུ་མི་འགྱུར་བའི་ཕྱིར་འདོད་པར་རིགས་སོ། ། ༢ རྙེད་པའི་བར་ཆད་བྱེད་ཀྱང་བཟོད་ཚུལ། (གཉིས་པ་)རྙེད་པའི་བར་ཆད་བྱེད་ཀྱང་བཟོད་ཚུལ་ལ་གསུམ་ལས། (དང་པོ་)ལོག་འཚོའི་སྡིག་པ་ལྕི་བར་བསྟན་པ་ནི། གཞན་མ་དད་ན་རྙེད་པ་རྫས་མང་པོ་འབུལ་བ་ལ་སོགས་པའི་བར་ཆད་བྱེད་པའི་ཕྱིར་གལ་ཏེ་བརྙས་པ་ལ་སོགས་པ་འདི་བདག་མི་འདོད་པས་ཁྲོའོ་སྙམ་ན་བདག་གི་རྫས་མང་པོ་རྙེད་པ་ནི་ཚེ་འདིར་འདོར་ཞིང་འཕྲལ་ལ་ཟད་པར་འགྱུར་བས་ཕྱི་མར་ཕན་ཐོགས་པར་མི་འགྱུར་གྱི༑ རྙེད་པའི་དོན་དུ་བརྙས་སོགས་བྱེད་པ་ལ་ཁྲོས་པའི་སྡིག་པ་དག་ནི་ཕྱི་མར་ཡང་རྗེས་སུ་འབྲང་བས་བརྟན་པར་གནས་ཏེ་རྒྱུ་འབྲས་སླུ་བ་མེད་པའི་ཕྱིར་རོ། །དེས་ན་བདག་ནི་རྙེད་པ་མེད་པར་དེང་ ཉིད་ནས་ཤི་ཡང་སླའི་ཚུལ་འཆོས་དང་ཁ་གསག་དང་གཞོག་སློང་དང་ཐོབ་ཀྱིས་འཇལ་བ་དང་རྙེད་པས་རྙེད་པ་འདོད་པ་ལ་སོགས་པའི་ལོག་འཚོས་ཡུན་རིང་དུ་གསོན་ཡང་མི་རུང་སྟེ། དྲན་པ་ཉེར་གཞག་ཏུ། གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཙམ་གྱིས་འཚོ་འགྱུར་བ། །དེ་ནི་བཤང་འཇིམ་ནུབ་གྱུར་ནས། །སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། ། (གཉིས་པ་)རྙེད་པས་འཆི་དུས་ཕན་པ་མེད་ཚུལ་ནི། བདག་ལྟ་བུ་རྙེད་པ་དང་བཅས་ཏེ་ཡུན་རིང་དུ་གནས་པར་གྱུར་ཀྱང་འཆི་བའི་སྡུག་བསྔལ་དེ་ཉིད་མྱོང་བར་ངེས་པ་ཡིན་ལ། འདོད་ཡོན་གྱི་བདེ་བ་ནི་རྗེས་སུ་འབྲང་བ་མེད་དེ། དཔེར་ན་རྨི་ལམ་དུ་རྙེད་པ་དང་བཅས་པས་ལོ་བརྒྱར་བདེ་བ་མྱོང་བ་རྨིས་ནས་སད་པར་གྱུར་པ་གང་ཡིན་པ་དེ་དང༌། རྨི་ལམ་གཞན་ཞིག་ཏུ་ཡུད་ཙམ་ཅིག་རྙེད་པ་དང་བཅས་པའི་བདེ་བ་མྱོང་བ་རྨིས་ནས་སད་པར་གྱུར་པ་གང་ཡིན་པའི་གཉིད་སད་པ་དེ་དག་གཉི་ག་ལའང༌། རྨི་ལམ་གྱི་བདེ་བ་དེ་ནི་ཕྱིར་རྗེས་སུ་འབྲང་ཞིང་འོང་བ་མེད་པ་དེ་བཞིན་དུ་ཚེ་རིང་པོར་རྙེད་པ་དང་བཅས་ཏེ་བདེ་བ་མྱོང་བ་དང་ཚེ་ཐུང་ངུར་རྙེད་པ་དང་བཅས་ཏེ་བདེ་བ་མྱོང་བ་གཉི་ག་ལ་ཡང་འཆི་བའི་དུས་ན་སྔར་མྱོང་བའི་བདེ་བ་དེ་ཕྱིར་འོང་བ་མེད་པ་དེ་འདྲར་ཟད་དོ། །དེ་བས་ན་ཚེ་འདིར་རྙེད་པ་ཡོ་བྱད་མང་པོ་ཐོབ་པར་གྱུར་ཏེ་དེ་དག་ལ་བརྟེན་ནས་ཡུན་རིང་པོའི་དུས་སུ་བདེ་བ་མང་པོ་ལ་ལོངས་སྤྱད་པར་གྱུར་ཀྱང་མཐར་འཆི་བའི་དུས་སུ་ཆོམ་པོས་ཕྲོགས་ཤིང་བཅོམ་པ་ཇི་ལྟ་བ་བཞིན་དུ་གོས་མེད་པས་སྒྲེན་མོ་དང་ནོར་མེད་པས་ལག་པ་སྟོང་པར་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པའི་ཕྱིར་རྙེད་པ་ལ་སྙིང་པོ་མེད་པར་རིག་པར་བྱའོ། ། (གསུམ་པ་)གསོན་པའི་དུས་སུའང་ཕན་པ་དཀོན་ཚུལ་ནི། གལ་ཏེ་རྙེད་པ་ཡོ་བྱད་མང་པོ་དང་བཅས་པས་ཡུན་རིང་གསོན་པར་གྱུར་ན་སྦྱིན་གཏོང་ལ་སོགས་པས་སྡིག་པ་ཟད་པ་དང་བསོད་ནམས་འཕེལ་བར་བྱའོ་ཞེ་ན། ཆོས་དང་མཐུན་པའི་རྙེད་པ་ལ་བརྟེན་ནས་དེ་ལྟར་འགྱུར་བའང་སྲིད་མོད། ཕལ་ཆེར་རྙེད་པ་མང་པོ་བསྒྲུབ་པའི་དོན་དུ་དེའི་བར་ཆད་བྱེད་པ་ལ་ཁྲོས་པར་གྱུར་ན་བསྐལ་པ་མང་པོར་ལེགས་པར་སྤྱད་པར་སྤྱད་པའི་བསོད་ནམས་ཟད་ཅིང་ཁྲོས་པ་ལས་བྱུང་བའི་སྡིག་པ་འཕེལ་བར་མི་འགྱུར་རམ་སྟེ་འགྱུར་བ་ཉིད་དོ། །དེ་བས་ན་སྡིག་པ་ཟད་ཅིང་བསོད་ནམས་འཕེལ་བ་གང་གི་དོན་དུ་རྙེད་པ་དང་བཅས་ཏེ་བདག་གསོན་ཞིང་ཡུན་དུ་འཚོ་བར་འདོད་པ་དེ་ཉིད་གལ་ཏེ་ཁོང་ཁྲོ་སྐྱེས་པས་ཉམས་ཤིང་ཕྱིན་ཅི་ལོག་ཏུ་གྱུར་ན་ཁྲོ་ཞིང་གཞན་ལ་གནོད་པའི་སྒོ་ནས་སྡིག་པ་འབའ་ཞིག་བྱེད་པ་ཡི་གསོན་ཞིང་ཚེ་རིང་བ་དེས་ཀོ་ཅི་ཞིག་བྱ་སྟེ་ཅིའང་དགོས་པ་མེད་པས་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་བར་མི་རིགས་སོ། ། ༣ ཁྱད་པར་མི་སྙན་པ་ལ་བཟོད་ཚུལ། (གསུམ་པ་)མི་སྙན་པ་ལ་བཟོད་ཚུལ་ནི། གལ་ཏེ་བདག་གི་གདུལ་བྱ་སེམས་ཅན་རྣམས་ཀྱི་དད་པ་ཉམས་པར་བྱེད་པས་བདག་གི་སྐྱོན་བརྗོད་ཅིང་མི་སྙན་པ་སྨྲ་བ་ལ་ཁྲོའོ་ཞེ་ན། སེམས་ཅན་གཞན་ལ་མི་སྙན་པ་རྗོད་པར་བྱེད་པ་ལའང་སེམས་ཁྱོད་རང་ལ་སྨོད་པ་ལ་ཁྲོ་བ་དེ་བཞིན་དུ་ཅི་སྟེ་ཁྲོ་བར་མི་བྱེད་དེ། གཞན་ལ་དད་པ་ཉམས་པར་བྱེད་པའི་ཕྱིར་རོ། །སེམས་ཅན་གཞན་ལ་གཞན་མ་དད་པ་དེ་ནི་རྐྱེན་གཞན་ལ་རག་ལས་པས་སོ་སྙམ་ནས་གཞན་ལ་གཞན་དད་པ་མེད་ཅིང་མི་སྙན་པར་སྨྲ་བ་ལ་སེམས་ཁྱོད་བཟོད་པར་བྱེད་ན། རྐྱེན་གཞན་ཉོན་མོངས་པ་སྐྱེས་པ་ལ་རག་ལས་པའི་ཕྱིར་རང་ལ་མི་སྙན་པ་སྨྲ་བ་ལའང་ཅིས་མི་བཟོད་དེ་ཅིས་ཀྱང་བཟོད་པ་བསྒོམ་པར་རིགས་སོ། ། ⑵ བཤེས་ལ་ཉེས་པ་བྱུང་དུས་བསྒོམ་པ། (གཉིས་པ་)བཤེས་ལ་ཉེས་པ་བྱུང་དུས་བཟོད་པ་བསྒོམ་པ་ལ། ཆོས་ལ་ངེས་པར་སེམས་པའི་བཟོད་པ། གནོད་པས་ཇི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པའོ། ། ༡ ཆོས་ལ་ངེས་པར་སེམས་པའི་བཟོད་པ། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་དང་དམ་པའི་ཆོས་ཀྱི་གཞི་གླེགས་བམ་རྣམས་ལ་ངག་འཁྱལ་བ་སྣ་ཚོགས་སྨྲ་ཞིང་ལུས་ཀྱིས་འཇིག་པར་བྱེད་པ་ལའང་འཇམ་པོའི་ཐབས་ཀྱིས་བཟློག་པར་ནུས་ན་ལེགས་ཀྱི། མི་ནུས་ན་བདག་གིས་ཞེ་སྡང་བསྐྱེད་པར་ནི་མི་རིགས་ཏེ་སངས་རྒྱས་ལ་སོགས་པའི་འཕགས་པ་རྣམས་ལ་བདག་འཛིན་ལས་བྱུང་བའི་འོ་བརྒྱལ་བའམ་གནོད་པ་མི་མངའ་བའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་འབྲེལ་པའི་བླ་མ་དང་འཇིག་རྟེན་གྱིས་འབྲེལ་བའི་གཉེན་དང་འཁོར་གཡོག་ལ་སོགས་པ་དང་མཛའ་བཤེས་ལ་གནོད་བྱེད་རྣམས་ལ་ཡང་སྔ་མ། ཉེས་པ་ཇི་སྙེད་ཐམས་ཅད་དང༌། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང༌། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པའི་ཚུལ་གྱིས་གནོད་བྱེད་ལ་རང་དབང་མེད་ཅིང་ལས་དང་ཉོན་མོངས་པའི་རྐྱེན་གྱི་གཞན་དབང་དག་ལ་རག་ལས་པར་འགྱུར་བར་མཐོང་ནས་ཁྲོ་བ་བཟློག་སྟེ་བཟོད་པ་བསྒོམ་པར་བྱའོ། །འདི་དག་ནི་ལྷ་དང་བླ་མ་དང་ཕ་མེས་ལ་སོགས་པའི་དོན་དུ་སྡིག་པ་བྱས་ཀྱང་ཉེས་པ་མེད་པར་འདོད་པའང་བསལ་བ་ཡིན་ནོ། ། ༢ གནོད་པས་ཇི་མི་སྙམ་པའི་བཟོད་པ། (གཉིས་པ་)གནོད་པས་ཇི་མི་སྙམ་པ་ལ་བཞི་ལས། (དང་པོ་)རྒྱུ་མཚན་བརྟགས་ཏེ་བཟོད་ཚུལ་ནི། ལུས་ཅན་རྣམས་ལ་སེམས་ཡོད་པའི་གནོད་བྱེད་སྐྱེས་བུ་དང་སེམས་མེད་པའི་གནོད་བྱེད་ཆར་དང་རླུང་ལ་སོགས་པ་གཉི་གས་གནོད་པ་བྱས་པ་ན་སེམས་མེད་པ་ལ་མི་ཁྲོ་བར་སེམས་ཡོད་པ་རྣམས་ལ་ཅི་སྟེ་བཀར་ཏེ་བཀོན་ཞིང་ཁྲོ་སྟེ་ཁྲོ་བར་མི་རིགས་པ་དེ་བས་ན་སེམས་ཅན་གྱི་གནོད་པ་ལའང་འབྱུང་བའི་གནོད་པ་བཞིན་དུ་བཟོད་པར་གྱིས་ཤིག གཞན་ཡང་གནོད་བྱེད་ལ་ལ་གནས་ལུགས་མ་རིག་ཅིང་རྨོངས་པས་ཉེས་པ་སྣ་ཚོགས་པ་བྱེད་ལ། གནོད་བྱ་ལ་ལའང་གནས་ལུགས་མ་རིག་ཅིང་རྨོངས་ཏེ་ཁྲོས་པར་གྱུར་ན། དེ་དག་ལས་སྐྱོན་མེད་པ་གང་གིས་བྱ་ཞིང་སྐྱོན་དང་བཅས་ཏེ་སྐྱོན་ཅན་གང་ཞིག་ཡིན་ཏེ་གཉི་གའང་གནས་ལུགས་མ་རིག་པའི་སྐྱོན་ལྡན་དུ་མཚུངས་བའི་ཕྱིར་གནོད་བྱེད་ལ་ལྷག་པར་ཁྲོ་བར་ནི་མི་རིགས་སོ། ། (གཉིས་པ་)ལས་ལ་བསམས་ཏེ་བཟོད་ཚུལ་ནི། རྒྱུ་མཚན་གང་གིས་དགྲ་བོ་གཞན་དག་བདག་གི་ཕྱོགས་ལ་གནོད་པ་སྣ་ཚོགས་བྱེད་པའི་ལས་ངན་པ་དེ་སྔོན་ཆད་ཅི་ཕྱིར་བྱས་ཏེ་བྱ་བར་མི་འོས་ཀྱང༌། བྱས་ཟིན་པའི་ཕྱིར་འབྲས་བུ་བདེ་བ་དང་སྡུག་བསྔལ་ཐམས་ཅད་རྒྱུ་ལས་བཟང་ངན་ལ་རག་ལས་པས་ན་བདག་གིས་གནོད་བྱེད་འདི་ཁོ་ན་ལ་ཅི་སྟེ་བཀོན་ཏེ་བཀོན་ཞིང་ཁྲོ་བར་མི་རིགས་ཏེ། མ་ཚང་མེད་རྒྱུ་དེ་ལས་ནི། །འབྲས་བུ་ཉིད་འགྱུར་གང་གིས་བཟློག །ཅེས་པ་ལྟར་རྒྱུ་སྔོན་དུ་སོང་བའི་འབྲས་བུ་བཟློག་པར་མི་ནུས་པའི་ཕྱིར་རོ། ། (གསུམ་པ་)གཉེན་པོ་བྱམས་པ་བསྐྱེད་ཚུལ་ནི། དེ་ལྟར་ལས་རྒྱུ་འབྲས་བསླུ་བ་མེད་པར་མཐོང་ནས་རྒྱུ་མཚན་ཅིའི་སྒོ་ནས་ཀྱང་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་བཀོད་དེ་ཕན་ཚུན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སུ་འགྱུར་བ་དེ་ལྟར་བདག་གིས་ནི་གཞན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དག་ལ་བསྒྲིམས་ཏེ་འབད་པར་བྱའོ། ། (བཞི་པ་)སྤང་བྱ་གཞི་ནས་གཞོམ་ཚུལ་ནི། དཔེར་ན་ཁྱིམ་དང་གནས་མལ་ལ་སོགས་པ་ཚིག་པར་གྱུར་པའི་མེ་རྣམས་ཁྱིམ་གཞན་ཞིག་ཏུ་སོང་ནས་ནི། རྩྭ་དང་ཤིང་ལ་སོགས་པའི་ཚང་ཚིང་གང་ལ་མཆེད་ཅིང་འབར་བར་བྱེད་པ་ན། ཡོ་བྱད་བཟང་པོ་ཚིག་པར་དོགས་པས་མེ་དེ་ནི་དེ་མ་ཐག་ཏུ་ཕྱུང་སྟེ་དོར་བར་རིགས་པ་དེ་བཞིན་དུ་རང་གི་ཕྱོགས་གང་ལ་སེམས་མངོན་པར་ཆགས་ཤིང་ཞེན་ནས་དེ་ལ་གནོད་པ་བྱེད་པ་ལ་ཞེ་སྡང་གི་མེ་ནི་མཆེད་ཅིང་ཡོངས་སུ་གང་བར་གྱུར་པ་ན་བསྐལ་པ་དུ་མར་བསགས་པའི་བསོད་ནམས་ཀྱི་ཕུང་པོ་ཚིག་པར་དོགས་པ་ཡིས་དངོས་པོ་གང་ལ་སེམས་པ་དེ་ནི་ཆགས་པའི་སྐད་ཅིག་དེ་ཡི་མོད་ལ་དོར་བར་བྱའོ། ། ༣ སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། (གསུམ་པ་)སྡུག་བསྔལ་དང་དུ་ལེན་པ་ལ་གཉིས་ལས། (དང་པོ་)སྡུག་བསྔལ་སེལ་བས་དང་དུ་བླང་པ་ནི། དཔེར་ན་གསད་པར་བྱ་བར་འོས་པའི་མི་ཞིག་ལག་པ་ཙམ་བཅད་དེ་བཏང་ནས་གལ་ཏེ་གསོད་པ་ལས་ཐར་ན་ཅིས་མ་ལེགས་ཏེ་ལེགས་པ་དེ་བཞིན་དུ་གལ་ཏེ་མི་ཡི་སྡུག་བསྔལ་སྨོད་པ་དང་འཆིང་པ་དང་བསྣུན་པ་ལ་སོགས་པ་དང་དུ་བླངས་དེ་བཟོད་པ་བསྒོམས་པ་ཉིད་ཀྱིས་མ་འོངས་པ་ན་དམྱལ་པ་མྱོང་བར་འགྱུར་བའི་སྡུག་བསྔལ་ཆེན་པོ་དང་བྲལ་ཞིང་ཟད་པར་བྱས་ན་ཅིས་མ་ལེགས་ཏེ་ཅིས་ཀྱང་ལེགས་པ་ཉིད་དོ། །ད་ལྟ་མིའི་ལུས་ཐོབ་པའི་དུས་སུ་མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་ཕྲ་མོ་འདི་ཙམ་ལའང་བདག་གིས་བཟོད་པར་མི་ནུས་པར་སྣང་བ་མྱོང་པས་གྲུབ་པ་དེས་ན། ཕྱི་མ་ལ་སེམས་ཅན་དམྱལ་བའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་རྒྱུ་ཁྲོ་བ་ཅི་སྟེ་ཟློག་མི་བྱེད་དེ་ཅིས་ཀྱང་བཟློག་པར་རིགས་སོ། ། (གཉིས་པ་)དོན་ཆེན་འགྲུབ་པས་དང་དུ་བླང་པ་ནི། སྔར་འདོད་ཡོན་ལ་ཆགས་པ་དང་དེ་དང་འགལ་བ་ལས་ཁྲོས་པའི་དོན་དུ་བསྲེག་པ་དང་གཅོད་པ་དང་འབིགས་པ་ལ་སོགས་པ་དམྱལ་བའི་སྡུག་བསྔལ་ལན་སྟོང་ཕྲག་དུ་མ་མྱོང་བར་གྱུར་ཀྱང་བདག་གིས་མཐོང་བ་དང་མ་མཐོང་བའི་རང་གི་དོན་དང་ནི་ཕན་པ་དང་བདེ་བའི་མཚན་ཉིད་ཅན་གཞན་གྱི་དོན་ཡང་མ་བྱས་པས་ངལ་བ་འབྲས་བུ་མེད་པར་ངེས་སོ། །བྱང་ཆུབ་ཀྱི་ཆེད་དུ་དཀའ་བ་སྤྱོད་པའི་སྡུག་བསྔལ་འདི་ནི་དམྱལ་བའི་སྡུག་བསྔལ་ལ་ལྟོས་ན་དེ་ཙམ་དུ་གནོད་པ་ཆེན་པོ་མིན་ལ་རང་གཞན་མང་པོ་ལ་ཕན་པའི་དོན་ཆེན་པོ་དང་ལྡན་པ་སངས་རྒྱས་དག་ཀྱང་འདི་ལས་འགྲུབ་པར་འགྱུར་བས་འགྲོ་བ་མ་ལུས་པའི་འཁོར་བའི་གནོད་པ་ཐམས་ཅད་སེལ་བའི་ཆེད་དུ་དཀའ་སྤྱད་ཀྱི་སྡུག་བསྔལ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་འདིར་བྱ་བར་རིགས་སོ། ། ⑶ དགྲ་ལ་ལེགས་པ་བྱུང་དུས་བསྒོམ་པ། (གསུམ་པ་)དགྲ་ལ་ལེགས་པ་བྱུང་དུས་བསྒོམ་པ་ལ། བསྟོད་པ་བྱུང་ཡང་བཟོད་ཚུལ། བདེ་བ་འབྱུང་ཡང་བཟོད་ཚུལ། འབྱོར་པ་བྱུང་ཡང་བཟོད་ཚུལ་ལོ། ། ༡ བསྟོད་པ་བྱུང་ཡང་བཟོད་ཚུལ། དང་པོ་ལ་གཉིས་ལས། (དང་པོ་)གཞན་ལ་བསྟོད་པས་དགའ་བ་བསྐྱེད་ཚུལ་ནི། གང་ཟག་གཞན་ཞིག་གིས་དགྲ་བོ་ལ་སོགས་པ་ཕ་རོལ་པོ་ཡོན་ཏན་དང་ལྡན་པ་ལ་བསྟོད་པའི་སྒོ་ནས་གལ་ཏེ་ཕ་རོལ་པོ་དེ་བདག་ཡོན་ཏན་དང་ལྡན་པའོ་སྙམ་དུ་དགའ་བའི་བདེ་བ་འབའ་ཞིག་ཐོབ་པ་ཡིན་ན་རང་གི་ཡིད་ཁྱོད་ཀྱང་ནི་ཕ་རོལ་པོ་དེའི་ཡོན་ཏན་ཡང་དག་པར་བརྗོད་ཅིང་བསྟོད་པའི་སྒོ་ནས་ཅི་ཕྱིར་ཕ་རོལ་པོ་དགའ་བ་དེ་ལྟར་ཡོན་ཏན་མཐོང་པ་ལས་བྱུང་བའི་དགའ་བ་ཉམས་སུ་མྱོང་པར་མི་བྱེད་དེ་དགའ་བར་བྱ་བར་རིགས་ཀྱི་ཕྲག་དོག་གི་མེས་རང་གི་རྒྱུད་སྲེག་པ་ནི་མི་རིགས་སོ། །དགའ་བདེ་ཐམས་ཅད་ཆགས་པའི་གཞི་ཡིན་པས་སྤང་བྱར་འགྱུར་བ་མ་ཡིན་ནམ་སྙམ་ན། སྡིག་པ་དང་འདྲེས་པའི་དགའ་བདེ་དེ་ལྟར་ཡིན་མོད། ཡིད་ཁྱོད་ཀྱིས་གཞན་གྱི་ཡོན་ཏན་ལ་དགའ་བར་བྱས་པ་ལས་བྱུང་བའི་བདེ་བ་འདི་ནི་ཕྱི་མ་ལ་འབྲས་བུ་བདེ་བ་འབྱུང་བའི་གནས་ཡིན་ཞིང་ཚེ་འདིར་ཡང་ཁ་ན་མ་ཐོ་བའི་དྲི་མ་མེད་པ་ཡིན་པས། ཡོན་ཏན་དང་ལྡན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བཀག་པར་རྗེས་སུ་གནང་པ་ཡིན་ལ། གཞན་གྱི་ཡོན་ཏན་ལ་ཕྲག་དོག་མེད་པར་དགའ་བས་སྙན་པར་སྨྲ་བ་འདི་ནི་གཞན་གདུལ་བྱར་སྡུད་པ་ཡི་ཐབས་ཀྱི་མཆོག་ཀྱང་ཡིན་པས་ཐེག་ཆེན་པ་རྣམས་ཀྱིས་བསྟེན་པར་རིགས་སོ། ། (གཉིས་པ་)དེ་དག་འགལ་བའི་ཉེས་དམིགས་བསྟན་པ་ནི། གཞན་ལ་ཡང་དེ་ལྟར་ཡོན་ཏན་མཐོང་བ་ལས་བསྟོད་ན་ཡིད་བདེ་བར་འགྱུར་དུ་འོང་ངོ་ཞེས་ཕྲག་དོག་གི་དབང་གིས་གལ་ཏེ་ཡིད་ཁྱོད་རང་གི་བདེ་བའི་རྒྱུ་གཞན་དགའ་བ་འདི་མི་འདོད་ན། བྲན་གཡོག་ལ་གླ་རྔན་སྦྱིན་པ་དང་ཕན་འདོགས་པ་ལ་སོགས་པ་སྤངས་ན་དེ་དག་གིས་རང་གི་དོན་མི་འགྲུབ་པ་དང་འདྲ་བར་རྒྱུ་ཕུན་སུམ་ཚོགས་པ་སྤངས་པའི་ཕྱིར་མཐོང་བ་ཚེ་འདི་དང་མ་མཐོང་བ་ཚེ་ཕྱི་མར་འབྲས་བུ་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པ་ལས་ཉམས་པར་འགྱུར་བའོ། ། ༢ བདེ་བ་འབྱུང་ཡང་བཟོད་ཚུལ། (གཉིས་པ་ )བདེ་བ་བྱུང་ཡང་བཟོད་ཚུལ་ནི། འགའ་ཞིག་གིས་རང་གི་ཡོན་ཏན་བརྗོད་པ་མཐོང་བའི་ཚེ་རྗོད་པ་པོ་གཞན་དེ་ལའང་བདེ་བ་འདོད་པར་བྱེད་ན་ཐམས་ཅད་དུ་གཞན་བདེ་བ་མི་འདོད་ན་འགལ་ཞིང༌། ཡང་འགའ་ཞིག་གིས་གཞན་གྱི་ཡོན་ཏན་བརྗོད་པ་མཐོང་བའི་ཚེ་ཕྲག་དོག་གི་དབང་གིས་རང་ལའང་བདེ་བ་མི་འདོད་ཅིང་ཡིད་མི་བདེ་བར་བྱེད་ན་ཐམས་ཅད་དུ་རང་ཉིད་བདེ་བར་འདོད་པའང་འགལ་བས། འགལ་ཞིང་མི་རིགས་པའི་བསམ་པ་དེ་དག་སྤངས་ཏེ་རང་གཞན་གཉི་ག་བདེ་བའི་ཐབས་ལ་འཇུག་པར་རིགས་སོ། །སྔར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་འདོད་པས་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ནི་སེམས་བསྐྱེད་པ་བླངས་ནས་ཕྱིས་སེམས་ཅན་རྣམས་ཀྱིས་རང་རང་གིས་བདེ་བའི་ཁྱད་པར་རྙེད་པ་ན། དེས་ཀོ་ཡིད་ཁྱོད་ཅི་སྟེ་ཁྲོ་བར་བྱེད་དེ་ཁྲོ་བར་མི་རིགས་པས་དགའ་བ་བསྐྱེད་པར་བྱའོ། ། ༣ འབྱོར་པ་བྱུང་ཡང་བཟོད་ཚུལ། (གསུམ་པ་)འབྱོར་བ་བྱུང་ཡང་བཟོད་ཚུལ་ལ་བཞི་ལས། (དང་པོ་)སེམས་བསྐྱེད་བསམས་ཏེ་བཟོད་ཚུལ་ནི། སྔར་སེམས་བསྐྱེད་པའི་དུས་སུ་འདོད་པ་དང་གཟུགས་དང་གཟུགས་མེད་ཀྱི་འཇིག་རྟེན་གསུམ་པོ་མ་ལུས་པས་མཆོད་པར་འོས་པའི་གནས་སུ་མངོན་པར་རྫོགས་པར་འཚང་རྒྱ་བར་སེམས་ཅན་རྣམས་ཐམས་ཅད་ལ་ནི་འདོད་དོ་ཞེས་དམ་བཅས་ནས། ད་དེ་ལྟ་བུ་ལྟ་ཞོག་འཕྲལ་དུ་གཞན་ལ་བསྙེན་བཀུར་ངན་ངོན་ཅུང་ཟད་ཙམ་བྱེད་པ་མཐོང་ནས་ཅིའི་ཕྱིར་དེ་ལ་མི་བཟོད་པར་གདུང་ཞིང་ཁྲོ་བར་བྱེད་དེ་ཁྲོ་བར་མི་རིགས་སོ། །དཔེར་ན་བུ་སྨད་དང་འཁོར་གཡོག་ལ་སོགས་པ་གསོ་བར་བྱ་བ་གང་ཞིག་ཁྱོད་རང་གིས་རྟག་ཏུ་གསོ་དགོས་པ་ཡིན་ཞིང་གཞན་ལ་ལྟོས་པ་མེད་པར་ཁྱོད་ཉིད་ཀྱིས་ནི་ཟས་དང་གོས་ལ་སོགས་པ་སྦྱིན་པར་བྱ་བ་དེ་ལ་རང་གི་སྦྱིན་མ་དགོས་པར་གཉེན་བཤེས་ཀྱིས་འཚོ་བ་རྙེད་པར་གྱུར་ན་དགར་མི་འགྱུར་རམ་ཏེ་དགའ་བར་རིགས་ཤིང་སླར་ཁྲོའམ་སྟེ་ཁྲོ་བར་མི་རིགས་པ་བཞིན་ནོ། །གནས་སྐབས་ཀྱི་བསྙེན་བཀུར་ངན་ངོན་ཙམ་ཐོབ་པ་དེ་ཡང་ཅི་སྟེ་འགྲོ་བ་རྣམས་ལ་མི་འདོད་པ་ཡིན་པ་དེ་ལ་མཐར་ཐུག་གི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་ནི་གང་ཡིན་ཏེ་ཤིན་ཏུ་འགལ་བས། སྐྱེས་བུ་གང་ཞིག་གཞན་གྱི་འབྱོར་བའི་ཁྱད་པར་ལ་ཁྲོ་བའི་ཕྲག་དོག་ཅན་དེ་ལ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་ནི་ག་ལ་ཡོད་དེ་མེད་པར་གསལ་ལོ། །དེས་ན་སེམས་བསྐྱེད་བླངས་ཕྱིན་ཆད་ཕྲག་དོག་སྤོང་པ་ལ་འབད་པར་བྱའོ། ། (གཉིས་པ་)ཁྱད་པར་མེད་པས་བཟོད་ཚུལ་ནི། གལ་ཏེ་དགྲ་བོ་ལ་སོགས་ཕ་རོལ་པོ་དེས་སྦྱིན་བདག་དེ་ལས་ཡོ་བྱད་མང་པོ་རྙེད་ཅིང་ཐོབ་པར་གྱུར་ཏམ། འོན་ཏེ་མ་རྙེད་པར་སྦྱིན་བདག་རང་གི་ཁྱིམ་དུ་གནས་པར་གྱུར་པ་ཡིན་ཡང་རུང༌། རྣམ་པ་ཀུན་ཏུ་རྙེད་པའི་དངོས་པོ་དེ་ཁྱོད་ལ་མེད་པར་མཚུངས་ན་སྦྱིན་བདག་གི་དངོས་པོ་དེ་ཕ་རོལ་པོ་ལ་བྱིན་རུང་མ་བྱིན་རུང་ཕྲག་དོག་དེས་ཁྱོད་ལ་ཅི་ཞིག་བྱ་སྟེ་བཏང་སྙོམས་སུ་གནས་པར་རིགས་སོ། ། (གསུམ་པ་)རང་ཡང་ཡོན་ཏན་བསྟེན་ཚུལ་ནི། སྔོན་གྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་དང་ནི་སྤྱོད་པ་རྣམ་དག་ལས་བྱུང་བའི་དད་པ་དང་གཞན་ལ་ཕན་བདེ་འདོད་པའི་རང་གི་ཡོན་ཏན་རྣམས་ཕྲག་དོག་གི་སྒོ་ནས་ཅིའི་ཕྱིར་འདོར་ཏེ་འདོར་བར་མི་རིགས་ཤིང༌། ཅི་ནས་རྙེད་པ་ཐོབ་པར་འདོད་ན་རྙེད་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བའི་རྒྱུ་དགེ་བའི་རྩ་བ་དེ་དག་མི་འཛིན་པའི་ཕྲག་དོག་ཅན་རང་ཉིད་ལ་རྒྱུ་མཚན་གང་གིས་ཁྲོ་བར་མི་བྱེད་པ་སྨྲོས་ཏེ་ཁྲོ་བར་བྱའི་གཞན་ལ་ནི་མ་ཡིན་ནོ། ། (བཞི་པ་)གཞན་ལ་འགྲན་པ་སྤང་ཚུལ་ནི། ཁྱོད་ནི་རང་གི་རྙེད་པ་མི་འཐོབ་པའི་རྒྱུ་མ་བྱིན་ལེན་ལ་སོགས་སྡིག་པ་བྱས་པ་ལ་མྱ་ངན་མེད་པར་མ་ཟད་ཀྱི་རྙེད་པ་ཕུན་སུམ་ཚོགས་པ་འགྲུབ་པའི་རྒྱུ་བསོད་ནམས་རྒྱ་ཆེན་པོ་བྱས་པ་གཞན་དག་དང་ལྷན་ཅིག་འགྲན་པར་བྱེད་འདོད་དམ་སྟེ་འགྲན་པར་མི་རིགས་ལ། ཅི་སྟེ་འགྲན་ན་རྒྱུ་བསོད་ནམས་ཀྱི་ཚོགས་སོག་པ་ལ་འབད་པར་རིགས་སོ།། །། ༢༽ཡིད་དུ་འོང་བའི་གེགས་ལ་བཟོད་པ་སྒོམ་ཚུལ། ད་ནི་བམ་པོ་གཉིས་པ་ནས་བརྩམས་ཏེ། (གཉིས་པ་)ཡིད་དུ་འོང་བའི་གེགས་ལ་བསྒོམ་པ་ལ། དགྲ་ལ་སྡུག་བསྔལ་འབྱུང་བའི་གེགས་ལ་བཟོད་ཚུལ་དང༌། རང་ལ་བསྟོད་གྲགས་འབྱུང་བའི་གེགས་ལ་བཟོད་ཚུལ་ལོ། ། ① དགྲ་ལ་སྡུག་བསྔལ་འབྱུང་བའི་གེགས་ལ་བཟོད་ཚུལ། དང་པོ་ལ་གཉིས་ལས། (དང་པོ་)སྨོན་པས་གཞན་ལ་གནོད་པ་མེད་ཚུལ་ནི། ཁ་ཅིག་ཏུ་དགྲ་ལ་སྡུག་བསྔལ་དང་བརྙས་པ་དང་ཚིག་རྩུབ་ལ་སོགས་པ་འབྱུང་བའི་གེགས་བྱས་པ་ལ་ཁྲོ་ཞིང་དེ་དག་བྱུང་བ་ལ་དགའ་བ་སྲིད་མོད། གལ་ཏེ་རང་གི་དགྲ་བོ་ཞིག་མི་དགའ་ཞིང་སྡུག་བསྔལ་བར་གྱུར་ནའང་དེ་ལ་ཡིད་ཁྱོད་འགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ། ཁྱོད་ཀྱི་དགྲ་ལ་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་དུ་ཡིད་ལ་སྨོན་པ་ཙམ་གྱིས་ནི་དགྲ་དེ་ལ་གནོད་པའི་རྒྱུར་ཅིའང་མི་འགྱུར་བའི་ཕྱིར་རོ། ། (གཉིས་པ་)གནོད་ནའང་རང་ཉིད་ཉམས་པར་འགྱུར་ཚུལ་ནི། ཁྱོད་ཀྱི་ཡིད་སྨོན་ནམ་འདོད་པས་སྡུག་བསྔལ་དེ་དགྲ་ལ་གྲུབ་ནའང་ཡིད་ཁྱོད་དགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ། །གལ་ཏེ་དེ་ལྟ་ན་བདག་གི་འདོད་པ་གྲུབ་པས་འཚེངས་པར་གྱུར་ཏོ་ཞེ་ན་མ་ཡིན་ཏེ། ངན་སེམས་སྐྱེས་པ་དེ་ལས་ཆེས་ཕུང་བ་གཞན་ཅི་ཞིག་ཡོད་དེ་ཅིའང་མེད་པས་ངན་འགྲོར་ལྟུང་བའི་ཕྱིར་རོ། །དེ་ཡང་འདི་ལྟར་ཉ་བས་ཉ་རྣམས་ལྕགས་ཀྱུ་རྣོན་པོས་བཟུང་ནས་ཕྲུ་བར་འཚེད་པ་བཞིན་དུ། ཉོན་མོངས་པ་ཉ་བ་དང་འདྲ་བས་བཏབ་པ་ཡི་ལས་ངན་པའི་མཆིལ་བའམ་ལྕགས་ཀྱུ་འདི་ནི་མི་བཟད་ཅིང་གཟེལ་ལ་རྣོ་བ་དེས་བཟུང་ནས་སེམས་ཅན་དམྱལ་བའི་ལྕགས་བསྲེགས་ཀྱི་བུམ་པའམ་ཕྲུ་བ་ཡངས་པར་ཡང་གཤིན་རྗེའི་ཕོ་ཉ་བ་དམྱལ་བའི་སྲུང་མས་བདག་ཉིད་ཡུན་རིང་དུ་འཚེད་ཅིང་སྡུག་བསྔལ་དྲག་པོ་མྱོང་བར་ངེས་པའི་ཕྱིར་རོ། ། ② རང་ལ་བསྟོད་གྲགས་འབྱུང་བའི་གེགས་ལ་བཟོད་ཚུལ། (གཉིས་པ་)རང་ལ་བསྟོད་གྲགས་འབྱུང་བའི་གེགས་ལ་བཟོད་ཚུལ་ལ་ལྔ་ལས། (དང་པོ་)གྲགས་པས་ཕན་པ་མེད་ཚུལ་ནི། ཁ་ཅིག་རང་གི་བསྟོད་པ་དང་གྲགས་པའི་གེགས་བྱེད་པ་ལ་ཁྲོའོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གཞན་གྱིས་ཡོན་ཏན་བརྗོད་ཅིང་བསྟོད་པ་དང༌། སྙན་པའི་གྲགས་པ་སྒྲོགས་པའི་རིམ་གྲོ་འདི་ནི་འདོད་པར་བྱ་བའི་དོན་ལྔ་ལས། ཕྱི་མར་བསོད་ནམས་འཕེལ་བར་མི་འགྱུར་ཞིང་ཚེ་འདིར་ཚེ་རིང་བར་ཡང་མི་འགྱུར་ལ་བདག་གི་སྟོབས་འཕེལ་བར་ཡང་མི་འགྱུར་པ་དང༌། ལུས་ལ་ནད་མེད་པར་འགྱུར་བའང་མིན་ཞིང༌། འཕྲལ་དུ་ལུས་བདེ་བར་ཡང་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་བདག་ནི་སྔར་བཤད་པའི་རང་གི་དོན་ལྔ་པོ་ཤེས་ཤིང་དོན་དུ་གཉེར་བ་ཡིན་པར་གྱུར་ན། བསྟོད་པ་དང་གྲགས་པ་དེ་ལ་རང་དོན་འགྲུབ་པའི་དགོས་པ་ཅི་ཞིག་ཡོད་དེ་དེ་དག་འགྲུབ་པའི་ཐབས་མ་ཡིན་པའི་ཕྱིར་རོ། །འོན་ཏེ་བསྟོད་པ་དང་གྲགས་པ་དེས་འཕྲལ་དུ་ཡིད་བདེ་བ་ཙམ་འབའ་ཞིག་འགྲུབ་པས་དེ་ཐོབ་པར་འདོད་དོ་ཞེ་ན། འོ་ན་ནི་རྒྱན་པོ་འགྱེད་པ་དང་སྡིག་པ་ཅན་གྱི་ཁ་ཟས་ལ་སྤྱོད་པ་དང་སྨད་འཚོང་མའི་གནས་སུ་འཇུག་པ་ལ་སོགས་པ་དང་མྱོས་པར་འགྱུར་བའི་ཆང་གི་བཏུང་བ་ཡང་བསྟེན་དགོས་པར་ཐལ་བར་འགྱུར་ཏེ། དེ་ལྟར་ཡང་མི་རིགས་སོ། ། (གཉིས་པ་)ཕན་པར་འདོད་པ་འཁྲུལ་ཚུལ་ནི། རྨོངས་པ་རྣམས་ཡོན་ཏན་མེད་ཀྱང་གྲགས་པ་འབྱུང་བའི་དོན་དུ་གླང་པོ་ཆེ་ལ་སོགས་པའི་ནོར་བཟང་པོ་རྣམས་ཀྱང་རྩྭ་ལྟར་གཏོང་ཞིང་དཔའ་བོའི་གྲགས་པ་འདོད་པས་གཡུལ་ངོར་ཞུགས་ཏེ་བདག་ཉིད་ཀྱང་ནི་གསོད་པར་བྱེད་ནུས་ན་སྙན་པར་སྨྲ་བའི་ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ་སྟེ་ཅི་ཡང་དགོས་པ་མེད་དེ། རང་ཉིད་ཤི་འཕོས་པ་ན་སྙན་པའི་གྲགས་པ་དེས་ཀོ་ལུས་སེམས་སུ་ལ་བདེ་སྟེ་སུ་ལ་ཡང་མི་ཕན་པའི་ཕྱིར་རོ། །དཔེར་ན་རྩེད་མོའི་དོན་དུ་བྱེ་མ་ལས་བྱས་པའི་ཁང་བུ་ལ་ཆགས་པ་དག་འགའ་ཞིག་གིས་དེ་བཤིག་ཅིང་རྡིབ་པར་གྱུར་པ་ན་བྱིས་པ་བླུན་པོ་རྣམས་ནི་ཉམ་ཐག་པས་ག་ཆད་ཆད་དུ་ངུ་ཞིང་ཆོ་ངེས་འདེབས་པ་དེ་བཞིན་དུ་བསྟོད་པ་དང་གྲགས་པ་ཉམས་ན་མྱ་ངན་གྱིས་གདུང་བར་བྱེད་པའི་རང་གི་སེམས་འདི་བྱིས་པ་བླུན་པོ་ཇི་ལྟ་བ་བཞིན་དུ་འཁྲུལ་པའོ། ། (གསུམ་པ་)དཔྱད་ན་སྙིང་པོ་མེད་ཚུལ་ནི། རེ་ཞིག་བརྟགས་ན་བདག་གི་ཡོན་ཏན་བརྗོད་པའི་ཕྱི་རོལ་གྱི་སྒྲ་ལ་ནི་ཀུན་སློང་གི་སེམས་མེད་པའི་ཕྱིར་བདག་ལ་བསྟོད་པར་འདོད་པའི་སེམས་ཡོང་ཡེ་མི་སྲིད་པས་དེ་ལ་དགའ་བར་མི་རིགས་ཤིང༌། བདག་ལ་བསྟོད་པ་པོ་གཞན་དག་དགའ་འོ་ཞེས་གྲགས་པའི་མངོན་པར་དད་པ་དེ་ནི་བདག་དགའ་བའི་རྒྱུ་ཡིན་པར་གྲང་ན། དེ་ཡང་མི་རིགས་ཏེ་གང་ཟག་གཞན་ནམ་ཡང་ན་བདག་ལའང་རུང་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བ་དེས་བདག་ལ་ཅི་ཞིག་ཕན་ཏེ་ཅི་ཡང་མི་ཕན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་གཞན་གྱི་རྒྱུད་ལ་ཡོད་པའི་དགའ་བདེ་དེ་ནི་ཕ་རོལ་པོ་དེ་ཉིད་ཀྱིས་ཉམས་སུ་མྱོང་བར་བྱ་བ་ཡིན་གྱི། གཟུགས་ཅན་མ་ཡིན་པས་བདག་གིས་དེ་ལས་ཆ་ཤས་ཅུང་ཟད་ཀྱང་མི་ཐོབ་པའི་ཕྱིར་རོ། །གལ་ཏེ་བསྟོད་པ་པོ་དེ་ཉིད་དགའ་ཞིང་བདེ་བ་ཡིས་བདག་ཀྱང་དགའ་ཞིང་བདེའོ་སྙམ་ན། འོ་ན་སེམས་ཅན་མ་ལུས་ཀུན་དགའ་ཞིང་བདེ་བ་ལའང་སྔ་མ་དེ་བཞིན་དུ་བདག་ཀྱང་བདེ་བར་བྱ་དགོས་པར་རིགས་ན། ཅིའི་ཕྱིར་དགྲ་བོ་ལ་སོགས་པ་གཞན་ལ་གཞན་དག་དགའ་བ་ཡིས། བསྟོད་པ་ལས་བྱུང་བའི་བདེ་བར་གྱུར་ན་ཕྲག་དོག་གིས་བདག་ཡིད་མི་བདེ་བར་བྱེད་པར་མི་རིགས་སོ། །བསྟོད་པའི་སྒྲ་ལ་ནི་སེམས་མེད་ཅིང་སེམས་ཀྱི་དགའ་བདེ་ནི་བདག་ལ་མི་འཕོ་བ་དེ་བས་ན་བདག་ནི་གཞན་གྱི་བསྟོད་དོ་བཀུར་རོ་སྙན་པར་བརྗོད་དོ་ཞེས་བསམས་ནས་རང་ཉིད་འགའ་ཞིང་ཆགས་པ་སྐྱེ་བར་འགྱུར་བ་དེ་ཡང་ལེགས་པར་བརྟགས་ན་དེ་ལྟར་མི་འཐད་པས་བྱིས་པ་རྣམས་བྱེ་མའི་ཁང་བུ་ལ་ཆགས་པའི་སྤྱོད་པ་དང་འདྲ་བ་ཁོ་ནར་ཟད་དེ་སྙིང་པོ་མེད་པའི་ཕྱིར་རོ། ། (བཞི་པ་)གྲགས་པའི་ཉེས་དམིགས་བསྟན་པ་ནི། བསྟོད་པ་དང་གྲགས་པ་ལ་སོགས་པའི་རིམ་གྲོས་བདག་ནི་དགེ་བའི་ཕྱོགས་ལས་སེམས་རྣམ་པར་གཡེང་བར་བྱེད་ཅིང༌། དེས་ནི་འཁོར་བའི་སྡུག་བསྔལ་ལས་སྐྱོ་བའང་འཇིག་པར་བྱེད་ལ། གཞན་ཡོན་ཏན་དང་ལྡན་པ་རྣམས་ལ་ཕྲག་དོག་ཀྱང་འཕེལ་བར་བྱེད་པ་དང་རྙེད་པ་དང་བཀུར་སྟི་ཕུན་སུམ་ཚོགས་པ་ཅན་རྣམས་ལ་མི་བཟོད་ཅིང་ཁྲོ་བར་ཡང་བྱེད་པས། དེ་དག་ལ་ཆགས་པ་སྤང་བར་བྱའོ། ། (ལྔ་པ་)བཀག་པས་ཕན་ཡོན་ཐོབ་ཚུལ་ལ་གཉིས་ལས། (དང་པོ་)ངན་འགྲོ་འགོག་ཚུལ་ནི། བསྟོད་སོགས་ལ་ཆགས་ན་ཉེས་དམིགས་མང་པོ་ཡོད་པ་དེའི་ཕྱིར་བདག་གིས་བསྟོད་པ་དང་གྲགས་པ་དང་བཀུར་སྟི་ལ་སོགས་པ་ནི་གཞིག་ཅིང་དགག་པར་བྱ་བའི་ཕྱིར་དུ་སེམས་ཅན་གང་དག་ཉེ་བར་གནས་ནས་འབད་པ་བྱེད་པ་དེ་དག་བདག་ནི་བསྟོད་སོགས་ལ་ཆགས་པས་ངན་སོང་དུ་ལྟུང་བ་ལས་བསྲུང་ཞིང་བསྐྱབ་པར་བྱ་བའི་ཕྱིར་བརྩོན་པས་ཞུགས་པ་མིན་ནམ་སྟེ་ཡིན་པས། ཕན་འདོགས་པའི་གྲོགས་ལ་དྲིན་དུ་གཟོ་བར་བྱའི་ཁྲོ་བར་ནི་མ་ཡིན་ནོ། ། (གཉིས་པ་)འཆིང་བ་གཅོད་ཚུལ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་བདག་ནི་རྣམ་པར་གྲོལ་བ་ཐར་བ་དོན་དུ་གཉེར་བ་ལ་བསྟོད་པ་དང་གྲགས་པ་དང་རྙེད་པ་དང་བཀུར་སྟིས་འཁོར་བར་འཆིང་བར་བྱེད་པ་ནི་མི་དགོས་པས་སེམས་ཅན་གང་དག་བདག་ལ་རྙེད་པ་དང་བཀུར་སྟི་ལ་སོགས་པ་འགྲུབ་པའི་གེགས་བྱས་ནས་བཅིངས་པ་ལས་གྲོལ་བར་བྱེད་ཅིང་ཕན་འདོགས་པར་བྱེད་པ་དེ་དག་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་བར་མི་རིགས་ཤིང་དགའ་བར་རིགས་སོ། །དེ་ཡང་བདག་ནི་རྙེད་པ་དང་བཀུར་སྟི་ལ་ཞེན་པས་འཁོར་བའི་སྡུག་བསྔལ་ལ་འཇུག་པར་འདོད་པ་ལ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པ་ཇི་ལྟ་བ་བཞིན་དུ་སྡུག་བསྔལ་གྱི་ཁང་བར་མི་གཏོང་བའི་སྒོ་འཕར་རམ་སྒོ་གླེགས་ལྟ་བུ་ཉིད་དུ་གྱུར་པའི་གྲོགས་བཟང་པོ་དེ་དག་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་བར་མི་རིགས་ཤིང་དྲིན་དུ་གཟོ་བར་རིགས་པའི་ཕྱིར་རོ། ། འོད་སྲུང་གིས་ཞུས་པར་ཡང༌། ལྟ་གྱུར་འཆིང་དང་རྙེད་དང་བཀུར་སྟི་དང༌། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བ་ཡི། །འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང༌། །ཞེས་གསུངས་པས་དེ་དག་ལ་ཆགས་པ་སྤང་བར་བྱའོ། ། ༣༽གནོད་བྱེད་བཟོད་པ་འགྲུབ་པའི་གྲོགས་སུ་བསྟན་པ། (གསུམ་པ་)གནོད་བྱེད་བཟོད་པའི་གྲོགས་སུ་བསྟེན་པ་ལ། གནོད་བྱེད་བཟོད་པའི་རྒྱུ་རུ་བསྟན་པ༑ དེ་ལ་དགའ་བས་ཕན་པ་སྒྲུབ་ཚུལ། དམ་པའི་ཆོས་བཞིན་མཆོད་པར་འོས་ཚུལ། སངས་རྒྱས་བཞིན་དུ་མཆོད་པར་རིགས་ཚུལ། དེས་ན་སེམས་ཅན་མགུ་བར་བྱ་བ། མགུ་བར་བྱས་པའི་ཕན་ཡོན་བསྟན་པའོ། ། ⒈ གནོད་བྱེད་བཟོད་པའི་རྒྱུ་རུ་བསྟན་པ། དང་པོ་ནི། དགྲ་བོ་འདི་ནི་བདག་ལ་བསོད་ནམས་འགྲུབ་པའི་གེགས་བྱེད་དོ་ཞེས་བསམས་ནས་གནོད་བྱེད་དེ་ལ་ཁྲོ་བར་ཤིན་ཏུ་རིགས་པ་མིན་ཏེ་སྔར་བཤད་པ་ལྟར་བཟོད་པ་དང་མཚུངས་པའི་དཀའ་ཐུབ་བམ་དགེ་བ་མཆོག་ཏུ་གྱུར་པ་ནི་གཞན་ཡོད་པ་མིན་ན་བདག་ནི་དཀའ་ཐུབ་ཀྱི་མཆོག་དེ་ལ་མི་གནས་སམ་སྟེ་བསོད་ནམས་འདོད་ན་གནས་པར་རིགས་པའི་ཕྱིར་རོ། །གལ་ཏེ་བདག་ནི་ཁོང་ཁྲོ་ལ་སོགས་པའི་རང་གི་སྐྱོན་གྱིས་རྙེད་བཀུར་ལ་སོགས་པའི་གེགས་བྱེད་པའི་གནོད་བྱེད་འདི་ལ་བཟོད་པ་སྒོམ་པར་མི་བྱེད་ན་བསོད་ནམས་དཔག་ཏུ་མེད་པ་འགྲུབ་པའི་རྒྱུ་ནི་ཉེར་གནས་པའི་དཀའ་ཐུབ་དམ་པ་འདི་ལ་བདག་ཉིད་ཀྱིས་གེགས་བྱེད་པར་ཟད་དོ། །སྤྱིར་ཡང་ཆོས་གང་ཞིག་དོན་གཞན་སྔ་མ་གང་མེད་ན་མི་འབྱུང་ལ། དོན་གཞན་སྔ་མ་གང་ཞིག་ཡོད་ན་ཆོས་དེ་ཡོད་པར་འགྱུར་བའི་དོན་གཞན་སྔ་མ་དེ་ཉིད་ཆོས་དེ་འགྲུབ་པའི་རྒྱུར་ངེས་པ་ཡིན་ན། ཇི་ལྟར་རྒྱུ་དེ་ལ་འབྲས་བུ་འགྲུབ་པའི་གེགས་ཞེས་བྱ་སྟེ་བྱ་བར་མི་རིགས་སོ། །ཁྱད་པར་དུ་བཟོད་པ་གང་ཞིག་གནོད་བྱེད་གང་མེད་ན་མི་འབྱུང་ལ་གནོད་བྱེད་གང་ཞིག་ཡོད་ན་བཟོད་པ་དེ་ཡོད་པར་འགྱུར་བའི་གནོད་བྱེད་དེ་ཉིད་བཟོད་པ་དེ་འགྲུབ་པ་ཡི་རྒྱུར་ངེས་པ་ཡིན་ན་ཇི་ལྟར་གནོད་བྱེད་དེ་ལ་བཟོད་པ་འགྲུབ་པའི་གེགས་ཞེས་བྱ་སྟེ་བྱ་བར་མི་རིགས་ཤིང་མཐུན་རྐྱེན་དུ་རིག་པར་བྱའོ། །དཔེར་ན་སྦྱིན་པ་གཏོང་བའི་དུས་སུ་བབ་པ་ན་ཕྱིན་པའི་སློང་མོ་པས་སྦྱིན་པ་འགྲུབ་པའི་གེགས་བྱས་པ་ཡོད་པ་མ་ཡིན་པ་དང༌། རབ་བྱུང་དོན་དུ་གཉེར་བ་ན་རབ་ཏུ་འབྱིན་པར་བྱེད་པར་གྱུར་པའི་མཁན་པོ་དང་སློབ་དཔོན་ལ་སོགས་པས་རབ་ཏུ་བྱུང་བའི་གེགས་བྱས་སོ་ཞེས་བྱར་མི་རུང་ཞིང་མཐུན་རྐྱེན་དུ་འགྱུར་བ་བཞིན་ནོ། ། ⒉ དེ་ལ་དགའ་བས་ཕན་པ་བསྒྲུབ་ཚུལ། (གཉིས་པ་)དེ་ལ་ཕན་པ་བསྒྲུབ་ཚུལ་ནི། འཇིག་རྟེན་ན་ནི་སྦྱིན་པའི་ཡུལ་སློང་མོ་བ་མོད་པས་སྦྱིན་པ་འགྲུབ་པ་ནི་སླའི། བཟོད་པའི་ཡུལ་གནོད་པ་བྱེད་པ་དཀོན་པས་བཟོད་པ་འགྲུབ་པ་ནི་དཀའ་སྟེ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཕར་གནོད་པ་མི་བྱེད་ཅིང་མ་བྱས་ན། རྒྱུ་མེད་པར་འགའ་ཡང་ཚུར་གནོད་པ་མི་བྱེད་པས་ཤེས་པ་ཉིད་དོ། །བཟོད་པ་འགྲུབ་པའི་རྒྱུ་དཀོན་པ་དེ་བས་ན་ངལ་བས་མ་འསྒྲུབ་པར་དབུལ་པོའི་ཁྱིམ་དུ་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་ནི་བྱུང་བ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམ་དག་བཟོད་པ་སྒོམ་པའི་གྲོགས་སུ་གྱུར་པས་ཕན་བཏགས་པའི་ཕྱིར་བདག་གི་དགྲ་བྱུང་བ་ལ་དཀོན་པའི་མཆོག་རྙེད་དོ་སྙམ་དུ་དགའ་བ་བསྐྱེད་པར་བྱའོ། །དགྲ་འདིས་དམིགས་ཡུལ་བྱས་པ་དང་བདག་གིས་གཉེན་པོ་བསྐྱེད་པ་ལས་བསྒྲུབས་ཤིང་བསོད་ནམས་རྒྱ་ཆེན་པོ་གྲུབ་པས་ན་དེའི་ཕྱིར་བཟོད་པ་བསྒོམས་པའི་འབྲས་བུ་ཕུན་སུམ་ཚོགས་པའི་ཁྱད་པར་འདི་དགྲ་བོ་འདི་ལ་ཐོག་མར་བསྡར་ཞིང་སྦྱིན་པར་འོས་ཏེ། དེའི་རྒྱུ་མཚན་འདི་ལྟར་གནོད་བྱེད་དེ་ནི་དཀའ་ཐུབ་མཐར་ཐུག་བཟོད་པ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དཔེར་ན་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་རང་གི་ཤ་ཁྲག་ལ་ལོངས་སྤྱོད་པའི་གནོད་སྦྱིན་རྣམས་ལྔ་སྡེ་བཟང་པོར་གྱུར་པ་ལ་ཆོས་ཀྱི་བདུད་རྩི་ཐོག་མ་ཉིད་དུ་གནང་བར་བལྟ་བུའོ། ། ⒊ དམ་པའི་ཆོས་བཞིན་མཆོད་པར་འོས་ཚུལ། (གསུམ་པ་)དམ་པའི་ཆོས་བཞིན་མཆོད་ཚུལ་ནི། གལ་ཏེ་བདག་གིས་བཟོད་པ་སྒྲུབ་པའི་གྲོགས་བྱའོ་སྙམ་པའི་ཀུན་སློང་གི་བསམ་པ་མེད་པས་དགྲ་འདི་ནམ་ཡང་མཆོད་པར་བྱ་བ་མིན་ནོ་ཞེ་ན། འོ་ན་དགེ་བ་འགྲུབ་པ་ཡི་ནི་རྒྱུར་རུང་བའི་གསུང་རབ་དམ་པའི་ཆོས་ཀྱང་ཅི་སྟེ་མཆོད་དེ་མཆོད་པར་མི་རིགས་པར་འགྱུར་ཏེ། དགེ་བ་སྒྲུབ་པའི་གྲོགས་བྱའོ་སྙམ་པའི་ཀུན་སློང་གི་བསམ་པ་མེད་པའི་ཕྱིར་རོ། །གལ་ཏེ་གསུང་རབ་ལ་ནི་གནོད་པའི་བསམ་པའང་མེད་ཅིང་དགྲ་བོ་འདི་ལ་བདག་ལ་གནོད་པ་བྱའོ་སྙམ་པའི་བསམ་པ་ཡོད་པས་མཆོད་པར་བྱ་བ་མིན་ནོ་ཞེ་ན། དགྲ་ཐམས་ཅད་གནོད་སེམས་མེད་པར་སྨན་པ་བཟང་པོ་བཞིན་དུ་བདག་ལ་ཕན་པ་དང་བདེ་བ་འབའ་ཞིག་སྒྲུབ་པར་བརྩོན་པ་ཡིན་ན་བདག་གི་བཟོད་པ་སྒོམ་པའང་ཇི་ལྟར་འགྲུབ་སྟེ་བཟོད་པ་འགྲུབ་པའི་རྒྱུ་གནོད་བྱེད་མེད་པའི་ཕྱིར་རོ། །ཕན་པར་བརྩོན་པ་ལས་བཟོད་པ་མི་འགྲུབ་པ་དེ་བས་རབ་ཏུ་སྡང་བའི་སེམས་དང་ལྡན་པའི་གནོད་བྱེད་ལ་བརྟེན་ནས་བདག་གི་བཟོད་པ་སྐྱེ་བས་ན་དགྲ་བོ་དེ་ཉིད་དཀའ་ཐུབ་རྣམས་ཀྱི་གཙོ་བོ་བཟོད་པ་འགྲུབ་པའི་རྒྱུ་ཡིན་པས་བདག་ལ་བཟོད་པ་སྒྲུབ་པའི་བསམ་པ་མེད་ཀྱང་གསུང་རབ་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་ཏེ་དགེ་བ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། ། ⒋ སངས་རྒྱས་བཞིན་དུ་མཆོད་པར་རིགས་ཚུལ། (བཞི་པ་)སངས་རྒྱས་བཞིན་དུ་མཆོད་ཚུལ་ལ་གཉིས་ལས། (དང་པོ་)འབྲས་བུའི་ཆ་ནས་མཆོད་པར་རིགས་ཚུལ་ནི། གནོད་བྱེད་ལ་སོགས་པའི་སེམས་ཅན་ལ་བརྟེན་ནས་བཟོད་པ་ལ་སོགས་པའི་དགེ་བ་འཕེལ་བ་དེའི་ཕྱིར་སེམས་ཅན་གྱི་ཞིང་ལ་བརྟེན་ནས་དགེ་བའི་ལོ་ཏོག་སྤེལ་བ་དང་ནི། རྒྱལ་བའི་ཞིང་ལ་བརྟེན་ནས་དགེ་བའི་ལོ་ཏོག་སྤེལ་པ་ཞེས་གཉི་གའང་ཞིང་བཟང་པོ་དང་འདྲ་བར་ཐུབ་པས་གསུངས་ཏེ། སྨོན་ལམ་རྣམ་པར་དག་པའི་མདོ་ལས། ངས་སྔོན་སེམས་ཅན་ཞིང་རྣམས་དང༌། །ཐུབ་པའི་ཞིང་ལ་བརྟེན་ནས་ནི། །སངས་རྒྱས་ཆོས་རྣམས་མཐའ་ཡས་པའི། །ལོ་ཏོག་ཕུན་སུམ་ཚོགས་པ་ཐོབ། །ཅེས་པ་ལ་སོགས་པས་སོ། །རིགས་པ་ཡང་ཡོད་དེ་སེམས་ཅན་འདི་དག་མགུ་བར་བྱས་ནས་ཚོགས་བསགས་པ་ལས་སྔར་ཡང་གང་ཟག་མང་པོ་ཞིག་འདི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་རོ། །དེས་ན་རྒྱུ་སེམས་ཅན་རྣམས་ལ་ཕན་བཏགས་པ་དང་རྒྱལ་བ་རྣམས་ལ་མཆོད་པ་ཕུལ་བ་ལས་འབྲས་བུ་སངས་རྒྱས་ཀྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་འགྲུབ་པའི་ཆ་ནས་འདྲ་པ་ལ་རྒྱལ་བ་ལ་གུས་པར་བྱ་བར་འཛིན་གྱི་དེ་བཞིན་དུ་སེམས་ཅན་ལ་གུས་པར་བྱ་བ་མིན་པ་ཅི་ཡི་ཚུལ་ཏེ་མི་རིགས་པས་གཉིས་ཀ་ལ་ཡང་མཉམ་པ་ཉིད་དུ་གུས་པར་བྱའོ། །ཉོན་མོངས་པ་ཅན་གྱི་སེམས་ཅན་རྣམས་དང་སངས་རྒྱས་ཅིའི་ཕྱིར་མཚུངས་སྙམ་ན། བསམ་པའི་ཁྱད་པར་གྱི་ཡོན་ཏན་རང་གིས་མཚུངས་པར་འཇོག་པ་མིན་གྱི། འབྲས་བུ་བྱང་ཆུབ་ཆེན་པོའི་རྒྱུ་བྱེད་པ་ལས་མཚུངས་པར་བཞག་པ་ཡིན་ཏེ། དེས་ན་རྒྱལ་བ་དང་མཚུངས་པར་སེམས་ཅན་རྣམས་ལའང་ཡོན་ཏན་ཡོད་པ་དེའི་ཕྱིར་དེ་དག་དགེ་བའི་ལོ་ཏོག་འགྲུབ་པའི་ཞིང་དུ་མཉམ་པར་བཤད་པ་ཡིན་ནོ། །དེ་ལྟར་བྱམས་པའི་སེམས་དང་ལྡན་པ་ལ་མཆོད་ཅིང་ཕན་བཏགས་པ་ལས་བསོད་ནམས་ཐོབ་པ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་ཀྱི་ཆེ་བའི་བདག་ཉིད་ཡིན་ལ། སངས་རྒྱས་ལ་དད་པའི་དབང་གིས་མཆོད་ཅིང་བསྙེན་བཀུར་བྱས་པ་ལས་བསོད་ནམས་ཐོབ་པ་གང་ཡིན་པ་དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་བདག་ཉིད་ཡིན་ནོ༑ ༑འབྲས་བུ་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་སེམས་ཅན་རྣམས་ལའང་ཡོད་པ་དེས་ན་སེམས་ཅན་དང་སངས་རྒྱས་དེ་དག་དགེ་བའི་ཞིང་དུ་མཉམ་པར་འདོད་པ་ཡིན་གྱི། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་རྒྱ་མཚོ་ལྟར་མཐའ་ཡས་པ་མངའ་བའི་སངས་རྒྱས་རྣམས་དང་་་་་་ སེམས་ཅན་འགའ་ཡང་ཡོན་ཏན་རྫོགས་པའི་ཆ་ནས་མི་མཉམ་པ་ཉིད་ཀྱང་ཡིན་ཏེ། བདེན་སྨྲའི་མདོ་ལས། ཞི་དང་ཚུལ་ཁྲིམས་ཏིང་འཛིན་ཡོན་ཏན་གྱིས། །སངས་རྒྱས་དང་མཉམ་གང་ནའང་ཡོད་མ་ཡིན། །ཞེས་པ་ལྟར་རོ།