སྤྱོད་འཇུག་ས་འགྲེལ།

། (བདུན་པ་)ཁྱད་པར་གཞན་དོན་སྤྱོད་ཚུལ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དྲུག་པོ་རྣམས་ནི་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་ཁྱད་བཞུགས་ཤིང་མཆོག་ཏུ་གྱུར་པ་ཡིན་པས་གང་ཁྱད་པར་དུ་འཕགས་པ་དེ་ལ་གཙོ་ཆེར་སྤྱད་པར་བྱ་ཞིང་ཆུང་ངུའམ་དམན་པ་སྦྱིན་པ་ལྟ་བུའི་ཕྱིར་ནི་ཆེན་པོའམ་མཆོག་ཚུལ་ཁྲིམས་ལྟ་བུ་མི་བཏང་སྟེ། མདོ་ལས། གང་ཞིག་དགའ་བའི་སེམས་ཀྱི་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་པས། །གང་ཞིག་ཉིན་གཅིག་ཚུལ་ཁྲིམས་དག །བསྲུངས་པ་དེ་ནི་ཁྱད་པར་འཕགས། །ཞེས་པ་ལ་སོགས་པ་གསུངས་བའི་ཕྱིར་རོ། །འོ་ན་སྦྱིན་པའི་དུས་སུ་ཚུལ་ཁྲིམས་བཏང་སྙོམས་སུ་གཞག་བར་གསུངས་པ་དང་མི་འགལ་ལམ་སྙམ་ན་ཆེ་ཆུང་དང་མཆོག་དམན་ཡང་གཙོ་ཆེར་གཞན་གྱི་དོན་དུ་འགྱུར་མི་འགྱུར་བརྟགས་ལ། སྦྱིན་པ་རྒྱ་ཆེན་པོ་འགྲུབ་ན་ཚུལ་ཁྲིམས་བཏང་སྙོམས་སུ་འཇོག་པ་དང་བསམ་གཏན་ལས་ལངས་ནས་མང་པོ་ལ་ཆོས་ཀྱི་སྦྱིན་པ་གཏོང་པ་ལྟ་བུ་གང་གཞན་གྱི་དོན་དུ་འགྱུར་བ་དེ་ཆེན་པོའམ་མཆོག་ཏུ་བསམ་མོ། །དེ་ལྟར་དགོས་པ་ཆེ་ཆུང་གི་ཁྱད་པར་རིག་པར་བྱས་ནས་སྙིང་རྗེས་གཞན་ལ་ཕན་པ་ཁོ་ནའི་དོན་ལ་དུས་རྟག་དུ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་གནས་པར་བྱའོ། །གཞན་དོན་དུ་ཚུལ་ཁྲིམས་དང་འགལ་བས་ལྟུང་བར་མི་འགྱུར་རམ་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོ་རབ་ཀྱི་མཐར་ཕྱིན་པ་མངའ་བས་རང་དོན་ལ་ལྟོས་པ་མེད་པར་གཞན་དོན་ཁོ་ན་ལ་གཟིགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་(བསླབ་བཏུས་སུ་ཐོབ་པ་ལ་བཤད་)ལ་ཐེག་པ་ཆུང་ངུར་བཀག་པ་རྣམས་ཀྱང་ཐེག་པ་ཆེན་པོའི་ཚུལ་ལ་རྗེས་སུ་གནང་བ་མང་པོ་ཡོད་པས་ལྟུང་བར་མི་འགྱུར་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་པོ་དམྱལ་བར་ལྟུང་བ་ལས་བསྐྱལ་བའི་དོན་དུ་བསད་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མས་ཚོང་དཔོན་གྱི་བུ་མོ་འཆི་བའི་འཇིགས་པ་ལས་བསྐྱབ་པའི་དོན་དུ་མི་ཚངས་བར་སྤྱད་པས་བསྐལ་པ་མང་བོའི་ཚོགས་འདུམས་པར་གསུངས་པ་ལྟ་བུའོ། ། (བརྒྱད་པ་)ཟས་དང་གོས་ལ་སྤྱད་ཚུལ་ནི། གཞན་གྱིས་དོན་དུ་ལུས་བསྲུང་བའི་ཕྱིར་ཟས་ལ་སྤྱོད་པ་ན་ཡང་ཆ་བཞིར་བྱས་ལ། ཆ་གཅིག་ནི་འཕྲོག་མ་དང་ཡི་དྭགས་ལ་སོགས་པར་ལོག་པར་ལྟུང་བ་རྣམས་དང༌། གཅིག་ནི་ནད་པ་དང་སློང་མོ་པ་ལ་སོགས་པ་མགོན་མེད་པ་རྣམས་དང༌། གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་ལ་སོགས་པ་དཀའ་ཐུབ་དང་བརྟུལ་ཞུགས་ལ་གནས་པ་རྣམས་ལ་བགོ་བར་བྱ་ཞིང༌། གཅིག་ནི་མང་ཉུང་དུ་མ་ཡིན་པར་རན་ཞིང་ཚོད་ཟིན་པ་ཙམ་དུ་ཆགས་ཞེན་མེད་པས་བཟའ་བར་བྱ་སྟེ། མང་ན་ལྕི་ཞིང་རྨུགས་པ་དང་ཉུང་ན་ཉམ་ཆུང་བས་དགེ་བ་སྒྲུབ་མི་ནུས་པའི་ཕྱིར་རོ། །གོས་ཀྱི་ལུས་སྲུང་བ་ན་ཡང་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པ་དང་སྦྲང་བུ་ཤ་སྦྲང་ལ་སོགས་པའི་གནོད་པ་ལས་བསྐྱབ་པའི་ཆེད་དུ་ཐུན་མོང་དུ་ཇི་ལྟར་འོས་པའི་གོས་རྣམས་དང༌། ཁྱད་པར་དུ་རབ་ཏུ་བྱུང་བས་ཆོས་གོས་བླ་གོས་མཐང་གོས་དག་དང༌། དགེ་སློང་རྣམས་ཀྱིས་སྣམ་སྦྱར་དང་བཅས་པའི་གསུམ་བསྟེན་པར་བྱ་ཞིང༌། དེ་དག་མ་གཏོགས་པའི་ལྷག་པོ་རྣམས་ནི་སྦྱིན་པར་བྱའོ། ། ཆོས་གོས་གསུམ་ནི་སྦྱིན་པར་མི་བྱ་སྟེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་བར། གལ་ཏེ་དེ་ལ་ཆོས་གོས་གསུམ་ལས་ཉུང་བར་གྱུར་ན་གང་ལ་བརྟེན་ནས་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་གཏང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ། ། (དགུ་པ་)ལུས་ལ་ཇི་ལྟར་སྤྱད་ཚུལ་ནི། དམ་པའི་ཆོས་ནི་ཚུལ་བཞིན་དུ་སྤྱོད་ཅིང་ཉམས་སུ་ལེན་པའི་ལུས་འདི་ཉིད་དགོས་པ་ཕྲན་ཚེགས་ཆུང་ངུའི་ཆེད་དུ་ཆོས་གོས་མེད་པར་ཚ་གྲང་ལ་སོགས་པའི་གནོད་པས་གཟིར་བར་མི་བྱ་སྟེ། བྱས་ན་དོན་ཆེན་པོ་ལས་ཉམས་པར་འགྱུར་ཞིང༌། དེ་ལྟར་གཞན་དོན་དུ་ལུས་སྲུང་བར་བྱས་ན་སེམས་ཅན་རྣམས་ཀྱི་ཕན་བདེ་འདོད་པའི་བསམ་པ་མྱུར་དུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་ལས་དང་པོ་པ་སྙིང་རྗེའི་བསམ་པ་མ་དག་ཅིང་བདག་གཞན་མཉམ་པ་ཉིད་དུ་མ་གྱུར་བར་མགོ་བོ་ལ་སོགས་པའི་ལུས་འདི་སྦྱིན་པར་བཏང་བར་མི་བྱ་སྟེ། སྤྱོད་པ་དུས་ཚོད་དང་མ་འབྲེལ་བས་རང་གཞན་ལ་ཕན་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ལུས་གཏོང་ནའང་ཅི་ནས་ཏེ་ངེས་པར་སྐྱེ་བ་འདི་དང་གཞན་དུ་ཡང་རང་གཞན་ལ་ཕན་པའི་དོན་རྒྱ་ཆེན་པོ་འགྲུབ་པའི་རྒྱུར་གཏང་ངོ་ཞེས་པའམ། ཡང་ན་རྒྱ་དཔེ་དང་འགྲེལ་པར། བསམ་པ་ཉམས་པར་གྱུར་པ་ཡིས། །ཆུང་ངུ་མིན་ཕྱིར་འདི་གཏང་ངོ༌། །ཞེས་པ་ལྟར་ས་ཐོབ་ཅིང་ལྷག་པའི་བསམ་པ་མ་ཉམས་པར་གྱུར་པས་དོན་ཆེན་པོ་འགྲུབ་པ་ན་བཏང་བར་བྱའོ་ཞེས་པ་སྟེ། བསླབ་བཏུས་སུའང༌། དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །སྦྱིན་ཡང་དུས་མིན་སྤྱོད་ལས་སྲུང་བྱེད་པ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་པ་ལྟར་རོ། ། (བཅུ་པ་)དམ་ཆོས་འཆད་པའི་སྤྱོད་ལམ་ནི། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །ཞེས་པ་ལྟར་གདན་བཟང་པོ་ལ་འདུག་ཅིང༌། བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །ཞེས་པ་ལྟར་གོས་གཙང་མ་གྱོན་ལ། ཆོས་སྦྱིན་ཉོན་མོངས་མེད་སེམས་ཀྱིས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་པ་ལྟར་རྙེད་པ་དང་བཀུར་སྟི་ལ་ཆགས་པ་ལ་སོགས་པའི་ཉོན་མོངས་པ་མེད་པས་མདོ་སྡེ་ལ་སོགས་པའི་ཚིག་དང་དོན་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང༌། (སྐྱེས་རབས་སུུ་)རབ་ཏུ་དམའ་བའི་སྟན་ལ་འདུག ། དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་འདུན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །ཞེས་པ་ལྟར་གུས་པ་དང་ལྡན་པ་རྣམས་ལ་ཡིན་གྱི༑ དམ་པའི་ཆོས་དང་དེ་སྨྲ་བ་ལ་མ་གུས་པ་རྣམས་ལ་ནི་ཆོས་ཟབ་མོ་མི་བཤད་དེ། བཤད་ན་ཉན་པ་པོ་དེ་ཆོས་སྤོང་བའི་ལས་ཀྱིས་དམྱལ་བར་ལྟུང་བའི་ཕྱིར་རོ། །བསམ་པ་གུས་ཀྱང་སྦྱོར་བའི་ཁྱད་པར་མིན་བཞིན་དུ་མགོ་བོ་ཐོད་ཀྱིས་དཀྲིས་པ་དང་ཞྭ་གྱོན་པ་དང༌། ལག་ན་གདུགས་བཟུང་བ་དང་འཁར་བ་ཐོགས་པ་དང༌། རལ་གྲི་ལ་སོགས་པའི་མཚོན་ཆ་ཐོགས་པ་དང་གོས་ལ་སོགས་པས་མགོ་བོ་གཡོགས་པ་དག་ལའང་ཆོས་བཤད་པར་བྱ་བ་མིན་ཏེ། ན་བ་དང་ཚ་བས་གདུང་བ་ལ་སོགས་པ་རྣམས་ལ་ནི་ཉེས་པ་མེད་དོ། །གདུལ་བྱ་བློ་དམན་པ་རྣམས་ལ་ཐེག་ཆེན་མཐར་ཐུག་ཟབ་པ་དང་རྒྱ་ཆེ་བའི་ཆོས་མི་བཤད་དེ་བློ་དང་མི་འཚམ་པས་ཆོས་སྤོང་བའི་ལས་སུ་འགྱུར་བའི་ཕྱིར་རོ། །རབ་ཏུ་བྱུང་བས་སྐྱེས་པ་གཞན་མེད་པར་བུད་མེད་འབའ་ཞིག་ལ་ཡང་ཆོས་བཤད་པ་མིན་ཏེ་གཞན་གྱིས་སྨོད་ཅིང་ལྟུང་བར་འགྱུར་བའི་ཕྱིར་རོ། །དམན་པ་ཉན་ཐོས་ཀྱི་ཐེག་པ་དང་མཆོག་ཐེག་ཆེན་གྱི་ཆོས་རྣམས་ཀྱང་གདུལ་བྱ་རང་རང་གི་བློ་ཡུལ་དུ་ཟབ་པས་དེ་དག་ལ་བཟང་ངན་གྱི་འདུ་ཤེས་སྤངས་ནས་ཐམས་ཅད་མཚུངས་པར་སངས་རྒྱས་ཀྱིས་གསུངས་པའོ་ཞེས་གུས་པས་ཀུན་ཏུ་སྤྱད་པར་བྱ་སྟེ། (རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་)མདོ་ལས། འཇམ་དཔལ་གང་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ་ཞེས་གསུངས་པའི་ཕྱིར་རོ། ། རྒྱ་ཆེན་པོ་ཐེག་ཆེན་ཟབ་མོའི་ཆོས་ཀྱི་སྣོད་དུ་གྱུར་པ་རྣམས་དམན་པ་ཐེག་པ་ཆུང་ངུའི་ཆོས་ལ་སྦྱར་བར་མི་བྱ་ཞིང༌། ཐེག་ཆེན་ལ་ཞུགས་པ་རྣམས་ཀྱང་སྟོང་ཉིད་རྟོགས་པ་ཙམ་གྱིས་གྲོལ་ལོ་ཞེས་པས་བྱང་ཆུབ་སེམས་དཔའི་བསླབ་སྡོམ་གྱིས་སྤྱོད་པ་ཞིབ་མོའང་ཡོངས་སུ་དོར་བར་མི་བྱ་སྟེ། གལ་ཏེ་དོར་ཡང་མདོ་ཅུང་ཟད་བཀླག་པ་དང་སྔགས་ཅུང་ཟད་བཟླས་པ་ཙམ་གྱིས་གྲོལ་བར་འགྱུར་རོ། །ཞེས་སྒྲ་ཇི་བཞིན་པའི་ཚིག་གིས་འདྲིད་ཅིང་སླུ་བར་ཡང་མི་བྱ་ཞིང༌། རང་རང་གི་བློ་དང་འཚམ་པའི་ཆོས་ཀྱིས། གཞན་ལ་ཕན་གདགས་པར་བྱའོ། ། (བཅུ་གཅིག་པ་)ཉིན་པར་འདུག་པའི་སྤྱོད་ལམ་ནི། སོ་དྲུད་པའི་ཤིང་ལྗན་ལྗིན་ཅན་དང་ནི། མཆིལ་མ་དང༌། ལུད་པ་ལ་སོགས་པ་དག་དོར་བ་ན་ནི། ས་ལ་སོགས་པས་དགབ་བར་བྱ་ཞིང༌། བཤང་པ་དང༌། གཅི་བ་ལ་སོགས་པའང༌། རང་གཞན་གྱིས་ལོངས་སྤྱོད་པའི་ཆུ་གཙང་མ་དང་ཐང་བདེ་བ་ལ་དོར་བ་ནི་འདུལ་བ་ལས་སྨད་ཅིང་བཀག་པས་མི་བྱ་སྟེ། ཟས་ཟ་བ་ན་ཡང་ཁམ་ཆེན་པོས་ཁ་བཀང་བ་དང༌། ཙུག་ཙུག་དང་ལྕག་ལྕག་དང་རྐན་ཏོག་པ་ལ་སོགས་པའི་སྒྲ་དང་བཅས་པ་དང་ཟས་མ་སླེབས་པར་ཁ་གདངས་ནས་ནི་བཟའ་བར་མི་བྱའོ། །ཁྲི་ལ་སོགས་པར་སྡོད་པ་ན་ཡང་བག་མེད་པའི་རྣམ་འགྱུར་རྐང་པ་བརྐྱང་སྟེ་མི་འདུག་ཅིང༌། ང་རྒྱལ་གྱི་རྣམ་འགྱུར་རང་གི་ལག་པའམ་དཔུང་པ་གཉི་ག་དུས་གཅིག་ཏུ་མཉམ་པར་མི་མཉེའོ། །རྟ་དང་གླང་པོ་ལ་སོགས་པའི་བཞོན་པ་དང་མལ་སྟན་གཅིག་གམ་གནས་དབེན་པ་དག་ཏུའང་གཞན་གྱི་བུད་མེད་དམ་རབ་ཏུ་བྱུང་བ་ནི་བུད་མེད་གཞན་ལུས་བསྟེན་ནུས་དང་ཡང་ལྷན་ཅིག་འདུག་པར་མི་བྱ་སྟེ། མདོར་ན་འཇིག་རྟེན་པ་རྣམས་འཕྱ་ཞིང་མ་དད་པར་གྱུར་པའི་སྤྱོད་པ་ཀུན་རང་གིས་ཇི་ལྟར་མཐོང་བ་དང་མཁས་པ་གཞན་ལ་དྲིས་ཏེ་སྤང་བར་བྱའོ། །ལམ་ལ་སོགས་འདྲི་བ་ན་ཡང་མ་གུས་པའི་རྣམ་འགྱུར་ལག་པ་གཡོན་པའི་སྡིགས་མཛུབ་ལ་སོགས་པ་རེ་རེའི་སོར་མོས་བརྡ་ནི་མི་བྱ་སྟེ། གུས་པ་དང་བཅས་པའི་རྣམ་འགྱུར་གཡས་པ་ཡི་ལག་པ་དག་ནི་སོར་མོ་ཀུན་གཤིབས་པ་ཉིད་ཀྱིས་ཀྱང་ལམ་ཡང་འཇིག་རྟེན་པ་དད་པར་འགྱུར་བ་དེ་ལྟར་བསྟན་པར་བྱའོ། །དགོས་པ་ཆུང་ངུ་ལ་ལག་པ་བརྐྱང་ཞིང་བཏེག་ནས་ཤས་ཆེར་དྲག་ཏུ་བསྐྱོད་པར་བྱ་བ་མིན་ཏེ། ཅུང་ཟད་བསྐྱོད་དགོས་པ་ལའང་སྒྲ་བསྒྲག་པ་ནི་སེ་གོལ་དང་བཅས་པའི་བརྡ་ལ་སོགས་པ་རྣམས་དལ་བུས་བྱས་ཏེ། གཞན་དུ་ན་མཉམ་པར་མ་བཞག་ཅིང་སྤྱོད་པ་མ་བསྡམས་པར་འགྱུར་བའི་ཕྱིར་རོ། ། (བཅུ་གཉིས་པ་)མཚན་མོ་ཉལ་བའི་སྤྱོད་ལམ་ནི། ནམ་གྱི་གུང་ཐུན་ལ་བབ་པ་དང༌། འགྲོ་བ་ཐམས་ཅད་ཀྱི་མགོན་པོ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་ན་སེང་གེའི་ཉལ་སྟབས་ཀྱིས་གཟིམས་པ་ལྟར་ཤར་དང་བྱང་ལ་སོགས་པའི་འདོད་པའི་ཕྱོགས་སུ་མགོ་བསྟན་ཏེ་གློ་གཡས་པ་འོག་ཏུ་ཕབ་ལ་རྐང་བ་བརྩེགས་ཤིང་ལག་པ་གཡས་པ་འགྲམ་པའི་འོག་དང་གཡོན་པ་རྐང་བའི་སྟེང་དུ་གནས་པས་ལུས་ཆོས་གོས་ཀྱིས་གཡོགས་ནས་ཉལ་བར་བྱ་སྟེ། གཉིད་ཀྱིས་ཁམས་བརྟས་པར་བྱས་ལ་སད་པ་དང་དགེ་བ་ལ་བརྩོན་པར་བྱའོ་སྙམ་དུ་ཤེས་བཞིན་དང་ལྡན་པས་མྱུར་དུ་ལྡང་བར་སེམས་པ་ལ་ཐོག་མ་ཉིད་དུ་ངེས་པར་སྦྱར་བས་སོ། །དེ་ལྟ་ན་ནི་གཉིད་ཀྱང་དགེ་བར་འགྱུར་ཏེ༑ ས་སྡེར། དགེ་སློང་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པ་དུས་འདའ་བ་དོན་ཡོད་པར་བྱེད་པ་ནི་འདི་ལྟ་སྟེ་དུས་སུ་རན་པར་གཉིད་ལོག་པའོ་ཞེས་པ་ལྟར་རོ། ། (གཉིས་པ་)བསྡུས་ཏེ་སྦྱང་ཚུལ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དང་བསྡུ་བའི་དངོས་པོ་ལ་སོགས་པ་ཐབས་དང་སྒོ་དུ་མ་དག་གྲངས་དང་ཚད་མེད་པར་ནི་གསུང་རབ་མང་པོར་གསུངས་པ་ལས། ཐམས་ཅད་ལ་བསླབ་པར་མ་ནུས་ནའང་མདོར་བསྡུ་ན་རང་གི་སེམས་ཉིད་དྲི་མས་དག་ཅིང་སྐྱོན་མེད་པར་སྦྱང་བ་ཡི་སྤྱོད་པ་ནི་གཙོ་ཆེ་ཤོས་ཡིན་པས། ངེས་པར་བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་སྤྱད་པར་བྱ་སྟེ། ནམ་མཛོད་ལས། དཔེར་ན་བུ་ག་ནས་རླུང་འཇུག་པ་དེ་བཞིན་དུ། གང་དང་གང་ནས་སེམས་ལ་སྐྱོན་བྱུང་བ་དེ་དང་དེ་ནས་བདུད་ཀྱིས་གླགས་རྙེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔས་སེམས་ལ་སྐྱོན་མེད་པར་བྱའོ། །ཞེས་པ་ལྟར་རོ། །གཉེན་པོ་བསྟེན་ཚུལ་ནི། གལ་ཏེ་ཉེས་པ་བྱུང་ནའང་ཉིན་པར་ལན་གསུམ་དང་མཚན་མོ་ལན་གསུམ་དུ། སྡིག་པ་བཤགས་པ་དང་དགེ་བ་ལ་རྗེས་སུ་ཡི་རང་བ་དང་སངས་རྒྱས་ལ་བསྐུལ་ཞིང་གསོལ་བ་གདབ་པ་ལ་སོགས་པ་སྟེ། བྱང་ཆུབ་ལྟུང་བཤགས་ལ་སོགས་པ་ཕུང་པོ་གསུམ་པ་གདོན་པར་བྱ་ཞིང་སངས་རྒྱས་སུམ་ཅུ་སོ་ལྔ་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་བརྟེན་ནས་ལྟུང་བའི་ལྷག་མ་གང་བྱུང་བ་རྣམས་གཉེན་པོ་སྟོབས་དང་ལྡན་པ་དེས་ཉེ་བར་ཞི་བར་བྱའོ། ། (བཞི་པ་)བསླབ་བྱ་ཉམས་སུ་བླང་ཚུལ་ལ་བདུན་ལས། (དང་པོ་)ལུང་དང་མཐུན་པར་བསླབ་ཚུལ་ནི། རང་ཉིད་སྤྲོ་བས་འཇུག་པའམ་གཞན་གྱིས་བསྐུལ་བའི་དབང་ཡང་རུང་ལས་དང་པོ་པ་དང་ས་ཐོབ་པ་ལ་སོགས་པའི་གནས་སྐབས་གང་དང་གང་དུ་སྒོ་གསུམ་གྱི་བྱ་བ་ཅི་སྤྱོད་ཀྱང་རུང་ལུང་རྣམ་དག་ལས་བྱང་ཆུབ་སེམས་དཔས་བསླབ་པར་གསུངས་པ་གང་ཡིན་པའི་གནས་སྐབས་དེ་དང་དེ་ལ་མངོན་པར་ཡིད་ཆེས་པའི་སྒོ་ནས་འབད་དེ་བསླབ་བོ། ། (གཉིས་པ་)ཤེས་བྱ་ཀུན་ལ་བསླབ་ཚུལ་ནི། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་བསླབ་པའི་ཤེས་བྱའམ་རིག་པའི་གནས་དེ་ནི་གང་ཡང་ཡོད་པ་མིན་ཏེ། རྒྱན་ལས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་བས་གཞན་དང་ཚར་གཅད་རྗེས་སུ་བཟུང་ཕྱིར་དང༌། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པ་ལྟར་རོ། །ཤེས་བྱ་མཐའ་ཡས་པ་ལ་བློ་བྱང་བ་དེ་ལྟར་གནས་པའི་མཁས་པ་ལ་ནི་བླང་དོར་གྱི་གནས་ལ་ཐེ་ཚོམ་མེད་ཅིང་ཐམས་ཅད་དགེ་བར་སྒྱུར་ཤེས་པའི་ཕྱིར་བསོད་ནམས་སུ་མི་འགྱུར་བ་གང་ཡང་མེད་དེ། (དྲང་སྲོང་)རྒྱུན་ཤེས་ཀྱི། ཡང་དག་ཐབས་ནི་མཁས་པ་ལ། །དོན་དུ་མི་འགྱུར་གང་ཡང་མེད། །སྦྱོར་བ་ལེགས་པར་ཤེས་པ་ལ། །སྨན་དུ་མི་འགྱུར་གང་ཡང་མེད། །ཅེས་བཤད་པ་ལྟར་རོ། ། (གསུམ་པ་)གཞན་དོན་ཁོ་ནར་སྤྱད་ཚུལ་ནི། དངོས་སུ་རང་ཉིད་ཀྱིས་སྦྱིན་པ་ལ་སོགས་པ་བྱས་སམ་ཡང་ན་བརྒྱུད་ནས་གཞན་བྱེད་དུ་བཅུག་ཀྱང་རུང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་འགྲུབ་པའི་དོན་ལས་གཞན་མི་སྤྱད་ཅིང་ཆེད་དུ་བྱ་བའང་སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་ཞིང་བསྒྱུར་བར་བྱའོ། ། (བཞི་པ་)དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི། དུས་རྟག་པར་གང་དང་འགྲོགས་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགེ་བར་ངང་གིས་འཕེལ་བར་འགྱུར་བའི་བཤེས་གཉེན་ནི་ཁྱད་པར་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་དོན་སྟོན་པ་ལ་མཁས་པ་དང་སྤྱོད་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམསས་དང་བརྟུལ་ཞུགས་མཆོག་ལ་གནས་པ་རྣམས་ལུས་དང་སྲོག་གི་ཕྱིར་ཡང་མི་གཏང་བར་བརྟེན་ཞིང་ཡོངས་སུ་གཟུང་ངོ༌། །དཔེར་ན་འཕགས་པ་དཔལ་འབྱུང་བ་ཡི་རྣམ་པར་ཐར་པ་སྟོན་པ་(ཕལ་བོ་ཆེའི་)སྡོང་པོ་བཀོད་པའི་ལེའུ་ལས་གཞོན་ནུ་ནོར་བཟང་ལ་བླ་མ་བསྟེན་པའི་ཚུལ་རྒྱ་ཆེན་པོ་གསུངས་པ་ལྟར་བསླབ་པར་བྱ་སྟེ། དེ་ལས། ཇི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར་དགེ་བའི་བཤེས་གཉེན་བཙལ་བས་མི་སྐྱོ་བར་བྱའོ། །མཐོང་བས་མི་ངོམས་པར་བྱའོ། །དྲི་བས་ཆོག་མི་ཤེས་པར་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ནི་ངན་སོང་དུ་མི་ལྟུང་ངོ༌། །ཐེག་པ་ཆེན་པོ་ལས་མི་ལྡོག་གོ བསླབ་པ་དང་འགལ་བར་མི་བྱེད་དོ་ཞེས་པ་ནས། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་འགྲོ་བར་བྱའོ་ཞེས་པ་དང༌། རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་ནད་པའི་འདུ་ཤེས་དང༌། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང༌། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང༌། ནན་ཏན་དུ་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། ། (ལྔ་པ་)སྟོན་པའི་གསུང་རབ་ལྟ་བ་ནི། དཔལ་འབྱུང་བའི་རྣམ་པར་ཐར་པ་འདིའམ་གཞུང་ལུགས་རྣམ་པར་དག་པར་འདི་དང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བསླབ་བྱ་གཞན་ཡང་མདོ་སྡེ་སྣ་ཚོགས་པ་བཀླགས་ནས་ཤེས་པར་བྱ་སྟེ་མདོ་སྡེ་རྣམས་ལས་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བའི་བླང་དོར་གྱི་ཚུལ་མཐའ་ཡས་པ་སྣང་བའི་ཕྱིར་རོ། །དེ་བས་ན་མདོ་སྡེ་རྒྱ་ཆེན་པོ་རྣམས་རིམ་གྱིས་བཀླག་པར་བྱ་ཞིང༌། ཁྱད་པར་དུ་འཕགས་པ་ནམ་མཁའི་སྙིང་པོས་ཞུས་པའི་མདོ་སྡེ་ལས་ནི་བྱང་ཆུབ་སེམས་དཔའི་རྩ་ལྟུང་འཆོས་ཐབས་དང་བཅས་པ་གསལ་བར་བསྟན་པའི་ཕྱིར་ཐོག་མ་ཉིད་དུ་བལྟ་བར་བྱའོ། ། (དྲུག་པ)མཁོ་བའི་བསྟན་བཅོས་བལྟ་བ་ནི། གང་གི་ཕྱིར་ཐེག་པ་ཆེན་པོ་པས་དུས་རྟག་ཏུ་སྤྱད་ཅིང་བསླབ་པར་བྱ་བ་ནི་ལུས་དང་ལོངས་སྤྱོད་དགེ་བ་རྣམས་བཏང་བསྲུང་དག་པ་སྤེལ་བའི་ཚུལ་གཞུང་ལུགས་དེ་ལས་རྒྱ་ཆེར་རབ་ཏུ་གསལ་བར་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པ་ཡང་ངེས་པར་ཏེ་གདོན་མི་ཟ་བར་ལན་ཅིག་ཙམ་མ་ཡིན་གྱི་ཡང་ནས་ཡང་དུ་བལྟ་བར་བྱའོ། །ཡང་དེ་ཙམ་བལྟ་བར་མི་ནུས་ནའང་རེ་ཞིག་ལ་མདོ་སྣ་ཚོགས་ནས་བསླབ་བྱ་མདོར་བསྡུས་པ་སློབ་དཔོན་འདིས་མཛད་པའི་མདོ་རྣམས་ཀུན་ལས་བཏུས་པ་བལྟ་ཞིང༌། དེ་བཞིན་དུ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་འདི་དག་གཞན་གཉིས་པོའང་འབད་པས་བལྟ་བར་བྱ་སྟེ་དེ་དག་ལས་ཀྱང་བསླབ་བྱ་མང་བོ་གསལ་བར་སྟོན་པའི་ཕྱིར་རོ། ། (བདུན་པ་)དེ་དང་མཐུན་པར་སྤྱད་པ་ནི། མདོ་དང་བསྟན་འཆོས་གང་ལས་བྱང་ཆུབ་སེམས་དཔའི་སྤྱོད་པར་གང་ནི་མ་བཀག་ཅིང་གནང་བ་དེ་ཉིད་ཚུལ་བཞིན་དུ་སྤྱད་པར་བྱ་སྟེ་མདོར་ན། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་པ་ལྟར་འཇིག་རྟེན་པ་རྣམས་ཀྱི་སེམས་ནི་བསྲུང་ཞིང་མགུ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྣམས་མཐོང་ཞིང་རྟོགས་པའི་སྒོ་ནས་སེམས་ཅན་ལ་ཕན་པ་འབའ་ཞིག་ཡང་དག་པར་སྤྱད་པར་བྱའོ། ། (གསུམ་པ་)བསྡུས་ཏེ་བསྟན་པ་ནི། རང་གི་ལུས་དང་ངག་དང་སེམས་ཀྱི་གནས་སྐབས་ཐམས་ཅད་ལ་དགེ་བའམ་མི་དགེ་བའམ་ལུང་མ་བསྟན་གང་ཡིན་ཞེས་ཡང་དང་ཡང་དུ་ང་རྟག་པར་བྱས་ནས་བླང་དོར་ལ་སྤྲོ་བས་འཇུག་པ་དེ་ཉིད་ཁོ་ན་མདོར་བསྡུ་ན་ནི་ཤེས་བཞིན་བསྲུང་བའི་མཚན་ཉིད་ཡང་དག་པ་ཉིད་དོ། ། (༣) ཐབས་དེ་དག་ཉམས་སུ་བླང་བར་གདམས་པ། (གསུམ་པ་)ཉམས་སུ་བླང་བར་གདམས་པ་ནི། ཡིད་སྔོན་དུ་འགྲོ་བའི་ལུས་དང་ངག་གིས་བསླབ་བྱ་འདི་དག་ལ་ནན་ཏན་དུ་བསླབས་ཤིང་སྤྱད་པར་བྱས་ན་ཕན་ཐོགས་པར་འགྱུར་གྱི་གཞུང་གི་ཚིག་ཙམ་ཞིག་བརྗོད་པས་དགོས་པ་ཅི་ཞིག་འགྲུབ་སྟེ་ཅི་ཡང་མི་འགྲུབ་པས་དོན་ཉམས་སུ་ལེན་པ་ལ་འབད་པར་བྱའོ། །དཔེར་ན་སྨན་མ་ཟོས་པར་སྨན་དཔྱད་ཀྱི་བསྟན་བཅོས་བཀླགས་པ་ཙམ་གྱིས་ནི་ནད་པ་དག་ལ་ཕན་པར་འགྱུར་རམ་སྟེ་ཅིའང་མི་ཕན་ལ། ལུས་ཀྱི་སྨན་དང་སྤྱོད་ལམ་ལ་སོགས་པ་བསྟེན་པ་ལས་ཕན་ཐོགས་པ་བཞིན་ནོ།