སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)དོན་ཆེན་འགྲུབ་པས་བཟོད་ཚུལ་ནི། དོན་ཆེན་པོ་མེད་པར་གཡུལ་བཤམས་པའི་ནང་དུ་དགྲ་བོས་དཔྲལ་བ་ལ་སོགས་པར་རྨ་སྲོལ་བཏོད་པའི་ཤུལ་ཡང་དཔའ་བོ་བྱས་པའི་རྟགས་ཡིན་ནོ་ཞེས་ལུས་ལ་རྒྱན་བཏགས་པ་དང་འདྲ་བར་སྲེལ་ཞིང་ངོམ་པར་བྱེད་ན་དོན་ཆེན་པོ་རྫོགས་པའི་སངས་རྒྱས་བསྒྲུབ་པའི་ཕྱིར་དུ་བྱང་ཆུབ་སེམས་དཔའི་བསླབ་བྱ་ལ་ཡང་དག་པར་བརྩོན་པར་གྱུར་པ་བདག་ལ་གཉེན་པོ་ལ་འབད་པའི་སྡུག་བསྔལ་གྱིས་ཅིའི་ཕྱིར་གནོད་བྱེད་ཡིན་ཏེ་མ་ཡིན་ཞིང་ཕན་འདོགས་པར་བྱེད་པ་ཉིད་ཡིན་ནོ། ། ཉ་བ་ལ་སོགས་པའི་རྔོན་པ་དང་ཆོམ་རྐུན་ལ་སོགས་པའི་གདོལ་བ་དང་སོ་ནམ་གྱིས་འཚོ་བའི་ཞིང་པ་དང་ལམ་རིང་པོར་རྒྱུ་བའི་ཚོང་པ་ལ་སོགས་པ་རང་རང་གི་ཚེ་འདིའི་འཚོ་བ་ཟས་གོས་ཙམ་ཞིག་སྒྲུབ་པར་སེམས་པ་ཡང༌། གྲང་བ་དང་ཚ་བ་དང་ཆར་དང་རླུང་དང་ངལ་དུབ་ལ་སོགས་པའི་གནོད་པ་དྲག་པོ་རྣམས་ཀྱང་བཟོད་པར་བྱེད་ན། འགྲོ་བ་མ་ལུས་པའི་བདེ་བ་ཆེན་པོ་སྒྲུབ་པའི་ཕྱིར་བདག་ལྟ་བུས་ལམ་གྱི་དཀའ་སྤྱད་ཀྱྀ་གནོད་པ་ཅིས་མི་བཟོད་དེ་ཤིན་ཏུ་བཟོད་པར་རིགས་སོ། ། (གསུམ་པ་)ཁས་བླངས་དྲན་པས་བཟོད་ཚུལ་ནི། སྔར་སེམས་བསྐྱེད་པའི་དུས་སུ་ཕྱོགས་བཅུ་ན་གནས་པ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་འགྲོ་བ་མ་ལུས་པ་རྣམས་ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པའི་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་དམ་བཅས་ནས། ད་གང་གི་ཚེ་བདག་ཉིད་ཀྱང་སྲེད་སོགས་ཉོན་མོངས་པ་རྣམས་ལས་མ་གྲོལ་བར་གནས་པ་ནི་བདག་གི་ནུས་པའི་ཚོད་ཀྱང་མི་ཤེས་པར་བབ་ཅོལ་དུ་སྨྲ་བ་ཇི་ལྟར་སྨྱོན་པ་མིན་དེ་སྨྱོན་པ་དང་འདྲ་བར་འགྱུར་བས་དམ་བཅས་པ་ལས་ཕྱིར་མི་ལྡོག་པར་བྱའོ། ། (གསུམ་པ་ )གཉེན་པོ་བསྐྱེད་ཚུལ་ནི། ཁས་བླངས་བ་ལྟར་བསྒྲུབ་དགོས་པ་དེ་ལྟ་བས་ན་ཉོན་མོངས་དགྲ་བོ་གཞོམ་པ་ལ་དུས་རྟག་ཏུ་ཕྱིར་མི་ལྡོག་པར་བརྩོན་པས་འབད་པར་བྱ་སྟེ། ཉོན་མོངས་པ་འཇོམས་པའི་གཉེན་པོ་འདི་ལ་བདག་གིས་ཞེན་པས་ནན་ཏན་དུ་བྱ་ཞིང༌། འདིས་བདག་ལ་ཐོག་མ་མེད་པ་ནས་གནོད་པ་བྱས་སོ་ཞེས་ཉོན་མོངས་པ་ལ་ཁོན་དུ་བཟུང་ནས་གཉེན་པོའི་དཔུང་ཚོགས་དང་སྤང་བྱའི་དགྲ་བོ་དག་གཡུལ་ངོར་སྤྲད་དེ་སྟོབས་ཀྱིས་གཞོམ་པར་བྱའོ། །ཞེན་པ་དང་ཁོན་འཛིན་ཡང་ཉོན་མོངས་པ་མ་ཡིན་ནམ་སྙམ་ན། དེ་ལ་གཉེན་པོ་ལ་ཞེན་པ་དང་སྤང་བྱ་ལ་ཁོན་དུ་འཛིན་པའི་རྣམ་པ་དེ་འདྲ་བའི་ཉོན་མོངས་པ་ནི་མིང་ཉོན་མོངས་སུ་བཏགས་ཀྱང་དོན་ཉོན་མོངས་འཇོམས་པར་བྱེད་པའི་ཕྱིར་སྤང་བྱར་ནི་མ་གཏོགས་སོ། །དེས་ན་བདག་ནི་རྒྱུ་མ་བསླུག་ནས་འཕྲལ་ལ་བསྲེགས་ཏེ་བསད་པར་གྱུར་ཏམ། བདག་གི་མགོ་བོ་བཅད་དེ་ས་ལ་ལྷུང་བར་བྱས་ཀྱང་བླའི། དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་ཅིང་དེའི་དབང་དུ་འགྲོ་བར་མི་བྱ་སྟེ། གཉེན་པོས་འཇོམས་པ་ལ་བརྩོན་པར་བྱའོ། ། (གསུམ་པ་)སྤོང་པར་ནུས་ཚུལ་ལ། གནས་གཞན་མེད་པས་སྤོང་བར་ནུས་ཚུལ་དང༌། རང་བཞིན་མེད་པས་སྤོང་བར་ནུས་ཚུལ་ལོ། དང་པོ་ནི།ཐ་མལ་པའི་དགྲ་བོ་རྣམས་དབྱུང་བ་ཡང་དཀའ་ཞིང་རེ་ཞིག་ཡུལ་ནས་ཕྱུང་ཡང་ནི་ཡུལ་གཞན་དག་ཏུ་གནས་བཟང་བ་ཞིག་ཡོངས་སུ་བཟུང་ནས་སྟོབས་དང་ནུས་པ་བརྟས་ཏེ་འཕེལ་བ་ན་དེ་ནས་ཕྱིར་ལྡོག་ཅིང་གནོད་པ་བྱེད་དུ་འོང་གི ཉོན་མོངས་པའི་དགྲའི་ཚུལ་ནི་འཕགས་པའི་ལམ་གྱིས་ལན་ཅིག་ས་བོན་རྩ་བ་ནས་སྤངས་ན་ཐ་མལ་གྱི་དགྲ་དེ་དང་འདྲ་བར་གནས་གཞན་བཟུང་ནས་སླར་ལྡོག་པ་ནི་མ་ཡིན་ནོ། ། གཉིས་པ་(རང་བཞིན་མེད་པ་)ལ། (གཉིས་ལས་དང་པོ་)མདོར་བསྟན་ནི། སྤང་བྱ་ཉོན་མོངས་པ་རྣམས་ནི་གཉེན་པོ་ཉོན་མོངས་པའི་རང་བཞིན་སྟོང་ཉིད་དུ་ཤེས་པའི་ཤེས་རབ་ཀྱི་མིག་གིས་བརྟགས་ནས་སྤང་བར་བྱ་སྟེ། དེ་ཡང་འཇིག་རྟེན་པའི་ཤེས་རབ་ཀྱིས་ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་ཞིང༌། འཇྀག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་ས་བོན་རྩ་བ་ནས་འདོན་པས་སྤོང་ལ། ས་བོན་སྤངས་ན་མངོན་གྱུར་ལྡོག་རྒྱུ་མེད་པའི་ཕྱིར་ཉོན་མོངས་པའི་དགྲ་འདི་བདག་གི་ཡིད་ལས་གུད་དུ་བསལ་ན་ཡུལ་གཞན་གང་དུ་འགྲོ་བར་འགྱུར་ཏེ་འགྲོས་སའི་ཡུལ་མེད་ཅིང་གནས་གཞན་གང་དུ་གནས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་འོང་སྟེ་འོང་བ་པོའི་རང་བཞིན་མེད་པས་བློ་ཞན་ཅིང་དམན་པ་བདག་ལ་སྔར་གཉེན་པོ་རྣམ་དཔྱོད་སྒོམ་པའི་བརྩོན་པ་མེད་དུ་ཟད་ཀྱི་ཡོད་ན་ནི་དགྲ་གཞན་པས་གཞོམ་སླ་བ་ཉིད་དོ། ། (གཉིས་པ་)རྒྱས་བཤད་ནི། རིག་པས་ལེགས་པར་བརྟགས་ཤིང་དཔྱད་ན་ཉོན་མོངས་པ་རྣམས་ནི་རང་བཞིན་མེད་པས་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ལ་མི་གནས་ཤིང་མིག་སོགས་ནང་དབང་པོའི་ཚོགས་པ་ལའང་གནས་པ་མིན་ལ། ཡུལ་དབང་དེ་དག་གི་བར་ནའང་གནས་པ་མིན་ཏེ་གསུམ་པོ་དེ་དག་ལས་གཞན་ནའང་གནས་པ་མིན་ན། འདི་དག་གར་གནས་ཏེ་གང་ནའང་གནས་པ་མེད་པས་འགྲོ་བ་ཀུན་ལའང་གནོད་པ་ཇི་ལྟར་བྱེད་དེ་བྱེད་པ་པོ་མ་གྲུབ་པོ། །དོན་དམ་པར་གྲུབ་པ་མེད་ཀྱང་ཀུན་རྫོབ་ཙམ་དུ་གང་ལ་གནས་པའི་འགྲོ་བ་ཀུན་ལ་གནོད་པ་བྱེད་པའི་ཉོན་མོངས་པ་འདི་ནི་མེད་བཞིན་དུ་སྣང་བ་སྒྱུ་མ་དང་འདྲ་བ་ཡིན་པ་དེའི་ཕྱིར་སྙིང་ལ་སྤང་མི་ནུས་སྙམ་པའི་འཇིགས་པ་སྤངས་ལ་གཉེན་པོ་དེ་ཁོ་ན་ཉིད་ཤེས་པའི་ཤེས་རབ་བསྐྱེད་པའི་ཕྱིར་དུ་བརྩོན་པ་བསྟེན་པར་རིགས་ཀྱི། དོན་ལ་བདེན་པར་མེད་པ་ཉིད་རིག་བཞིན་དུ་བདག་ལ་དམྱལ་བ་ལ་སོགས་པའི་ངན་སོང་རྣམས་སུ་ཅི་སྟེ་སྡུག་བསྔལ་གྱིས་གནོད་པ་བྱེད་དེ་བྱེད་དུ་འཇུག་པར་མི་རིགས་སོ། ། (༣) དོན་བསྡུ་བ། (གསུམ་པ་སྤྱིའི་)དོན་བསྡུ་ནི། གོང་དུ་བསྟན་པ་དེ་ལྟར་ལེགས་པར་རྣམ་པར་བསམས་ནས་བཀའ་དང་བསྟན་འཆོས་ལས་ཇི་སྐད་བཤད་པ་ཡི་གསུང་དང་མཐུན་པར་བྱང་ཆུབ་སེམས་དཔའི་བསླབ་པ་རྒྱ་ཆེན་པོ་བསྒྲུབ་པའི་ཆེད་དུ་སྦྱོར་བས་ཉམས་སུ་ལེན་པ་ལ་ཤིན་ཏུ་འབད་པར་བྱའོ། །བཤད་པ་ལྟར་མ་བསྒྲུབས་ན་ནི་དཔེར་ན་སྨན་པ་མཁས་པའི་ངག་བཞིན་དུ་མ་མཉན་ན་སྨན་བཟང་པོ་དག་གིས་བཅོས་དགོས་པའི་ནད་པ་སོས་པ་ག་ལ་ཡོད་དེ་མེད་པ་ལྟར་ཕན་མི་ཐོགས་ཤིང༌། བསྒྲུབས་ན་ནི་སྨན་བསྟེན་པས་ནད་ཞི་བ་བཞིན་དུ་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་བདེ་བ་ཆེན་པོ་ཐོབ་པར་འགྱུར་བས་བག་ཡོད་པ་ལ་བསླབ་པར་བྱ་སྟེ། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་(འཆི་མེད)གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏོ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་བསླབ་བྱ་ལ་བག་ཡོད་པར་བྱ་བའི་ཚུལ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའི་རྣམ་པར་བཤད་པའོ།། །། ལེའུ་ལྔ་པ། གཙོ་བོར་ཤེས་བཞིན་བསྲུང་བའི་རྣམ་བཤད། ② ཤེས་བཞིན་བསྲུང་བ་ལ་གསུམ། དེ་ལྟར་བག་ཡོད་པར་བྱས་ཏེ་བླང་དོར་ཀྱི་གནས་ཤེས་ནས། ཕྱིན་ཅི་མ་ལོག་པར་འཇུག་པའི་( གཉིས་པ་)ཤེས་བཞིན་བསྲུང་བ་ལ། བསླབ་པ་སྲུང་བའི་ཐབས་སུ་སེམས་བསྲུང་བ། སེམས་སྲུང་བའི་ཐབས་སུ་དྲན་ཤེས་བསྲུང་བ། ཐབས་དེ་དག་ཉམས་སུ་བླང་བར་གདམས་པའོ། ། (༡) བསླབ་པ་སྲུང་བའི་ཐབས་སུ་སེམས་བསྲུང་བ། བསླབ་པ་སྲུང་བའི་ཐབས་སུ་སེམས་བསྲུང་བ་ལ་གསུམ། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུའོ། ། ༡༽མདོར་བསྟན། (དང་པོ་)མདོར་བསྟན་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཚུལ་ཁྲིམས་གསུམ་རྣམ་པར་དག་པ་བསྲུང་བར་འདོད་པ་ཡིས། དྲན་པ་དང་ཤེས་བཞིན་གྱིས་རབ་ཏུ་བསྒྲིམས་ནས་རང་གི་སེམས་འདི་ཉིད་རྩེ་གཅིག་ཏུ་བསྲུང་བ་ལའང་འབད་པར་བྱ་སྟེ། སེམས་འདི་ཉོན་མོངས་པ་ལས་སྲུང་བར་མ་བྱས་ན་མི་དགེ་བ་ལ་འཇུག་པས་བསླབ་པ་བསྲུང་བར་ཡོང་ཡེ་མི་ནུས་པའི་ཕྱིར་རོ། ། ༢༽རྒྱས་བཤད། (གཉིས་པ་)རྒྱས་བཤད་ལ་ (བཞི་སྟེ་)མ་བསྲུང་བའི་ཉེས་དམིགས། སེམས་བསྲུངས་བའི་ཕན་ཡོན། དེ་བསྲུང་བར་གདམ་པ། ཚུལ་ཇི་ལྟར་བསྲུང་བའོ། ། ༡ མ་བསྲུང་བའི་ཉེས་དམིགས། དང་པོ་ནི་སེམས་ཀྱི་གླང་པོ་ཆེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ཉོན་མོངས་པས་མྱོས་པས་ཡུལ་སྣ་ཚོགས་ལ་ཡན་པར་བཏང་བས་ལས་ངན་པ་བསགས་ཏེ་མནར་མེད་ལ་སོགས་པར་སྡུག་བསྔལ་གྱི་གནོད་པ་དྲག་པོ་བྱེད་པ་ལྟར། ཐ་མལ་བའི་གླང་ཆེན་འདུལ་སྦྱོང་གིས་མ་ཐུལ་བ་མྱོས་བྱེད་ཀྱིས་མྱོས་ཤིང་དྲེགས་པ་ཡིས། འདི་ན་མནར་མེད་ལ་སོགས་པ་དེ་འདྲ་བའི་གནོད་པ་མི་བྱེད་པས་སེམས་བསྲུང་བ་ལ་འབད་པར་རིགས་སོ། ། ༢ སེམས་བསྲུངས་བའི་ཕན་ཡོན། (གཉིས་པ་)ཕན་ཡོན་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པའོ། །(དང་པོ་)བསྟན་པ་ནི། བླང་དོར་གྱི་གནས་མ་བརྗེད་པར་ཀུན་ནས་གསལ་བར་དྲན་པའི་ཐག་པ་ཡིས། སེམས་ཀྱི་གླང་ཆེན་མྱོས་པ་འདི་ཚུལ་བཞིན་ཡིད་ལ་བྱེད་པའི་སྡོང་པོ་ལ་དམ་དུ་བཏགས་ན། འདི་དང་ཕྱི་མར་ཉེ་བར་འཚེ་བའི་འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང༌། རང་དང་གཞན་ལ་ཕན་པར་འགྱུར་བའི་དགེ་བ་ཐམས་ཅད་ལག་ཏུ་གཏད་པ་བཞིན་འོང་བར་འགྱུར་རོ། ། (གཉིས་པ་)བཤད་པ་ལ། སེམས་བསྲུང་ན་འཇིགས་པ་སྤོང་ཚུལ་དང༌། སེམས་བསྲུང་ན་དགེ་བ་འགྲུབ་ཚུལ་ལོ། །དང་པོ་ལ་གསུམ་ལས། (དང་པོ་)མདོར་བསྟན་ནི། ཚེ་འདིར་འཇིགས་པར་བྱེད་པ་སྟག་དང་སེང་གེ་དང་གླང་ཆེན་དང་དྲེད་དང་སྦྲུལ་དང་ཆོམ་རྐུན་ལ་སོགས་པའི་དགྲ་རྣམས་ཐམས་ཅད་དང༌། ཕྱི་མར་འཇིགས་པར་བྱེད་པ་སེམས་ཅན་དམྱལ་བའི་སྲུང་མ་གཤིན་རྗེའི་སྐྱེས་བུ་འཇིཊ་སུ་རུང་བ་ལ་སོགས་པ་རྣམས་དང༌། གཉི་གར་འཇིགས་པར་བྱེད་པ་བྱད་མ་སྟེ་མཁའ་འགྲོ་དང༌། དེ་བཞིན་དུ་སྲིན་པོ་ལ་སོགས་པའི་གནོད་བྱེད་རྣམས་རང་གི་སེམས་འདི་གཅིག་པུ་དྲན་པས་བཟུང་སྟེ་བཏགས་པ་ཡིས། གདུག་པ་ཅན་དེ་དག་ཐམས་ཅད་བཏགས་པ་དང་འདྲ་བར་འགྱུར་ཞིང་ཉེ་བར་འཚེ་བ་མི་བྱེད་ལ། རང་གི་སེམས་འདི་གཅིག་པུ་ཤེས་བཞིན་དང་ལྡན་པས་བཏུལ་བ་ཡིས། གདུག་པ་ཅན་དེ་དག་ཐམས་ཅད་ཐུལ་བ་དང་འདྲ་བར་དབང་དུ་འགྱུར་ཞིང་གནོད་པ་མི་བྱེད་དེ། དཀོན་མཆོག་སྤྲིན་དུ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སེམས་སྔོན་དུ་འགྲོ་བ་ཙམ་སྟེ། སེམས་ཉིད་དབང་དུ་གྱུར་ན་ཆོས་ཐམས་ཅད་དབང་དུ་འགྱུར་རོ་ཞེས་པ་ལྟར་རོ། ། (གཉིས་པ་)རྒྱས་བཤད་ནི། སེམས་བསྲུང་ན་གནོད་པ་ཞི་བའི་རྒྱུ་མཚན་འདི་ལྟར་འདི་དང་ཕྱི་མའི་འཇིགས་པ་ཐམས་ཅད་དང་ལུས་དང་སེམས་ཀྱི་སྡུག་བསྔལ་དཔག་དུ་མེད་པ་ཡང་སེམས་ཉོན་མོངས་བར་གྱུར་པ་ལས་བྱུང་བ་ཡིན་ནོ་ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡང་དག་པར་གསུང་པ་སངས་རྒྱས་ཉིད་ཀྱིས་བསྟན་ཏེ། དྲན་པ་ཉེར་གཞག་ཏུ། སེམས་ནི་དགྲ་དང་དགྲ་ཆེན་ཏེ། །སེམས་ལས་གཞན་པའི་དགྲ་མེད་དོ། །རྩུབ་ཤིང་རང་གིས་རང་སྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་སྲེག །ཅེས་པ་ལ་སོགས་པའོ། །དེ་བས་སེམས་ཅན་དམྱལ་བ་རྣམས་སྡུག་བསྔལ་བར་བྱེད་པའི་མཚོན་ཆ་སོག་ལེ་དང་མདུང་ཐུང་དང་གཏུན་ཤིང་དང་རལ་གྲིའི་ལོ་མའི་ནགས་ཚལ་ལ་སོགས་པ་རྣམས་བྱེད་པ་པོ་སུ་ཞིག་གིས་ནི་དགོས་པ་གང་གི་ཆེད་དུ་བྱས་ཏེ། བྱེད་པ་པོ་དབང་ཕྱུག་ལ་སོགས་པ་གཞན་སུ་ཡང་མེད་དོ། །ལྕགས་བསྲེགས་པའི་རང་བཞིན་གྱིས་གཞི་མེ་འབར་བ་ཡང་སུ་ཡིས་བྱས་ཏེ་བྱེད་པ་པོ་གཞན་མེད་ཅིང༌། ཤལ་མ་ལིའི་སྟེང་འོག་ཏུ་སྔར་ལོག་པར་ཞུགས་པའི་མི་མོའི་ཚོགས་ཀྱིས་འབོད་པའི་སྣང་བ་དེ་དག་ཅི་ལས་བྱུང་སྟེ་གཞན་གང་ལ་ཀྱང་མ་བྱུང་ལ། དེ་འདྲའི་རིགས་ཅན་སྡུག་བསྔལ་གྱི་སྣང་བ་དེ་དག་ཐམས་ཅད་ཀྱང་སྡིག་པའི་ལས་མངོན་པར་འདུས་བྱས་བའི་སེམས་ལས་བྱུང་བ་ཡིན་པར་ཐུབ་པའི་དབང་པོ་ཐམས་ཅད་མཁྱེན་པས་གསུངས་ཏེ། འགྲོ་བ་རྣམ་འབྱེད་ཀྱི་མདོ་ལས། ལྕགས་ཀྱི་ས་གཞི་འབར་ཞིང་ཚ། །འབར་བའི་མེ་ལྕེས་ཀུན་ནས་ཁྱབ། །ལྕགས་ཀྱིས་སོག་ལེ་རྣོན་པོ་ཡིས། །ལུས་གཅིག་ཆ་ཤས་བརྒྱར་བཤགས་པ། །ལུས་ངག་ཡིད་ཀྱི་སྡིག་པ་ཅན། །རྣམས་ཀྱི་སེམས་ལས་བྱུང་བ་ཡིན། །ཞེས་པ་དང༌། འཕགས་པ་རྡོ་རྗེ་སྙིང་པོའི་མདོར། འཇམ་དཔལ་སེམས་ཅན་དམྱལ་བ་རྣམས་ནི་ཡོད་པ་མ་ཡིན་པ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕྱིན་ཅི་ལོག་གིས་བསྒྲུབས་ཏེ། རང་རང་གི་རྣམ་པར་རྟོག་པ་ལས་བྱུང་བའོ། །ཞེས་པ་དང༌། ས་བཅུ་པའི་མདོར། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་པ་ལ་སོགས་པའོ། ། (གསུམ་པ་)དོན་བསྡུ་པ་ནི། འཇིགས་པ་ཐམས་ཅད་སེམས་ལས་བྱུང་བ་དེ་ལྟ་བས་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་འཇིག་རྟེན་གསུམ་པོ་ན་སེམས་སྡིག་པ་ཅན་དུ་གྱུར་པ་ལས་འཇིཊ་པ་གཞན་འགའ་ཡང་མེད་པས་སེམས་དབང་དུ་བྱས་ནས་སྲུང་བ་ལ་འབད་པར་བྱ་སྟེ། འགྲེལ་ཆེན་ཏུ༑ འཇིག་རྟེན་ན་ནི་སྡིག་པའི་སེམས། །མེད་པར་སྡང་དང་འཇིགས་པ་མེད། །གང་གིས་སེམས་ནི་དབང་བྱས་ནས། །དེ་ཡི་བདེ་བ་ཉམས་པ་མེད། །ཅེས་(མདོ་)དྲངས་པ་ལྟར་རོ། ། (གཉིས་པ་)དགེ་བ་འགྲུབ་ཚུལ་ལ་དྲུག་ལས། (དང་པོ་)སྦྱིན་པ་སེམས་གཙོ་བས་འགྲུབ་ཚུལ་ནི། གལ་ཏེ་ཉན་ཐོས་སྡེ་བ་དག་འགྲོ་བ་མ་ལུས་པའི་དབུལ་བ་མཐའ་དག་བོར་བར་བྱས་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པ་ཡིན་ན་ཞེས་ཕྱོགས་སྔ་མ་བཀོད་ནས། ད་དུང་འགྲོ་བ་བཀྲེན་ཞིང་ཕོངས་པ་མང་པོ་ཡོད་པར་མངོན་སུམ་གྱིས་གྲུབ་ན་སྔོན་གྱི་སྐྱོབ་པ་རྫོགས་པའི་སངས་རྒྱས་རྣམས་ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མ་རྫོགས་པར་འགྱུར་རོ། །དེའང་འགྲོ་བ་ཐམས་ཅད་ཀྱི་དབུལ་བ་མ་བོར་བའི་ཕྱིར་ཏེ། ད་དུང་བཀྲེན་པ་དུ་མ་སྣང་བའི་ཕྱིར་རོ། །འདོད་པར་མི་ནུས་ཏེ་སྔོན་རང་རང་གིས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛད་པ་ལས་སངས་རྒྱས་པ་ཉིད་དོ། །དེའི་ཕྱིར་རང་རང་གི་ཕྱི་དང་ནང་གི་བདོག་པ་ཐམས་ཅད་དང་དེ་རྣམས་བཏང་བའི་འབྲས་བུ་དང་ཡང་བཅས་ཏེ། སྐྱེ་བོ་ཀུན་ལ་ཡོངས་སུ་བཏང་བའི་སེམས་གོམས་པ་མཐར་ཕྱིན་པ་ཉིད་ཀྱིས་སེར་སྣ་ལ་སོགས་པའི་སྒྲིབ་པ་དང་བྲལ་བའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གསུངས་ཏེ། ཡེ་ཤེས་རྨད་དུ་བྱུང་བའི་མདོ་ལས། བྱམས་པ་གཏོང་བའི་སེམས་ཀུན་ཏུ་བསྟེན་པ་དང་གོམས་པར་བྱེད་པ་དང་ལན་མང་དུ་ཡིད་ལ་བྱེད་ན་སྦྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་པ་དང༌། དཀོན་མཆོག་སྤྲིན་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན་བདོག་པ་ཐམས་ཅད་འབྲས་བུ་དང་བཅས་དེ་གཞན་ལ་བཏང་བར་སེམས་པའོ། ། ཞེས་པ་ལ་སོགས་པས་སོ། །དེ་ལྟ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་རང་རང་གི་སེམས་དབང་དུ་བྱས་པ་ལས་འགྲུབ་པ་ཉིད་དོ།