སྤྱོད་འཇུག་ས་འགྲེལ།

། ༢༽ ཚུལ་ཁྲིམས་བསྲུང་ཚུལ། ① སྤྱི་དོན་ལ་བཞི། (གཉིས་པ་)ཚུལ་ཁྲིམས་བསྲུང་ཚུལ་ལའང་སྔ་མ་ལྟར་སྤྱི་དོན་བཞི་ལས། ༡ བྱེད་ལས། (དང་པོ་)བྱེད་ལས་ནི། བྱང་ཆུབ་ཀྱི་བར་དུ་སྲུང་བས་རྟག་པའི་ཚུལ་ཁྲིམས་དང་གོམ་ནས་ངང་གིས་འབྱུང་བས་རང་བཞིན་པའི་ཚུལ་ཁྲིམས་དང༌། དགེ་བ་བཅུའི་ལས་ཀྱི་ལམ་རྫོགས་པར་བྱེད་པས་ལྷག་པར་འཚེ་བ་མེད་པའི་ཚུལ་ཁྲིམས་དང༌། ཡོན་ཏན་དང་ལྡན་པར་རྟོགས་པས་བདག་ཉིད་དགའ་བའི་ཚུལ་ཁྲིམས་དང༌། རྟག་ཏུ་འཁྲུལ་པ་མེད་པས་བག་ཡོད་པའི་ཚུལ་ཁྲིམས་ཏེ་ལྔ་ལ་གདུལ་བྱ་རྣམས་འགོད་པས་ཚེ་འདི་དང་ཕྱི་མ་ལ་ཕན་འདོགས་ཤིང༌། རྣམ་པར་སྨིན་པའི་འབྲས་བུ་དལ་འབྱོར་ཐོབ་པ་དང༌། རྒྱུ་མཐུན་པའི་འབྲས་བུ་ཚུལ་ཁྲིམས་དང་ལྡན་པར་སྐྱེ་བ་རྒྱུན་མི་འཆད་པའི་སྒོ་ནས་ཀྱང་གཞན་ཡོངས་སུ་སྨིན་པར་བྱེད་པ་སྟེ། རྟག་པ་རང་བཞིན་ལྷག་པར་འཚེ་བ་མེད། །བདག་དགའ་བག་ཡོད་འདི་ལ་གཞན་འགོད་ཅིང༌། །ཕན་རྣམ་གཉིས་འདོགས་རྣམ་པར་སྨིན་པ་དང༌། །རྒྱུ་མཐུན་ཡོན་ཏན་བརྒྱུད་པས་གཞན་སྨིན་བྱེད། །ཅེས་པ་ལྟར་རོ། ། ༢ མཚན་ཉིད། (གཉིས་པ་)མཚན་ཉིད་ནི། མི་མཐུན་ཕྱོགས་འཆལ་བའི་ཚུལ་ཁྲིམས་མི་དགེ་བའི་ངོ་བོ་མཐའ་དག་སྤངས་པ་དང༌། ཆོས་ལ་བདག་མེད་རྟོགས་པའི་སྒོ་ནས་འཁོར་གསུམ་དུ་རྣམ་པར་མི་རྟོག་་པའི་ཡེ་ཤེས་དང་ལྡན་པ་དང༌། ལུས་ངག་ཡིད་གསུམ་གྱིས་གཞན་ལ་ཕན་པ་སྒྲུབ་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། ཚུལ་ཁྲིམས་དང་ལྡན་པས་མགུ་བར་བྱས་ཏེ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་ཆོས་བཞི་ལྡན་པ་སྟེ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། ༣ དབྱེ་བ། (གསུམ་པ་)དབྱེ་བའང༌། སྔ་མ་ལྟར་ཚུལ་ཁྲིམས་དང་ལྡན་ཞིང་སོ་སོར་ཐར་བའི་སྡོམ་པས་བསྡམས་ཏེ་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པས་ཉེས་པ་ཆུང་ངུ་ལའང་འཇིགས་པར་ལྟ་ཞིང་བསླབ་པའི་གཞི་གང་བླངས་པ་རྣམས་ལ་ཡོངས་སུ་རྫོགས་པར་སློབ་པ་སྟེ་ཡན་ལག་དྲུག་དང་ལྡན་པ་ངོ་བོའི་དོན་དང༌། ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པའི་བསམ་པས་ཟིན་པ་རྒྱུའི་དོན་དང༌། གནས་སྐབས་སུ་བདེ་འགྲོ་སྐྱེ་ཞིང་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་ཏིང་ངེ་འཛིན་ལ་སེམས་གནས་པ་ཐོབ་པ་འབྲས་བུའི་དོན་དང༌། ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པ་དང་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་དང་གཞན་ལ་གནོད་པའི་འཇིགས་པ་མེད་པར་བྱེད་པ་ལས་ཀྱི་དོན་དང༌། དུས་གསུམ་ཐམས་ཅད་དུ་སྒོ་གསུམ་གྱི་ལས་ཡང་དག་པ་ཁོ་ན་སྤྱོད་པས་བསོད་ནམས་ཀྱི་ཚོགས་དང་ལྡན་པའི་དོན་དང༌། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའི་སེམས་པ་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ་སོ་ཐར་བའི་སྡོམ་པ་བརྡར་བཏགས་པ་ལས་ཐོབ་པ་དང༌། བསམ་གཏན་ས་དྲུག་གི་ཏིང་ངེ་འཛིན་ཟག་བཅས་དང་ལྷན་ཅིག་པའི་སྤོང་བའི་སེམས་པ་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་བསམ་གཏན་པའི་སྡོམ་པ་དང༌། ཏིང་ངེ་འཛིན་ཟག་མེད་དང་ལྷན་ཅིག་འབྱུང་བའི་སྤོང་བའི་སེམས་པ་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཟག་པ་མེད་པའི་སྡོམ་པ་ཆོས་ཉིད་ཀྱིས་འཐོབ་པ་ལ་སོགས་པར་རབ་ཏུ་དབྱེ་བའི་འཇུག་པ་དང༌། སྡོམ་པ་དེ་དག་དང་ལྡན་པའི་གང་ཟག་ལ་ཡོད་པ་རྟེན་གྱི་འཇུག་པའི་དོན་ཏེ་དོན་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། ཡན་ལག་དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་པ་སྦྱིན་བྱེད་དང༌། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ཡང་དག་ལྡན། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་པ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཤེས་བྱས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །ཁྱད་པར། སོ་སོར་ཐར་པའི་སྡོམ་པ་ལའང་ཀུན་ལས་བཏུས་སུ་རིས་བརྒྱད་དུ་གསུངས་ཏེ། དགེ་སློང་གི་སྡོམ་པ་དང༌། དགེ་སློང་མའི་སྡོམ་པ་དང༌། དགེ་སློབ་མའི་སྡོམ་པ་དང༌། བར་སློབ་མའི་སྡོམ་པ་དང༌། དགེ་ཚུལ་མའི་སྡོམ་པ་དང༌། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་བསྙེན་མའི་སྡོམ་པ་དང༌། བསྙེན་གནས་པའི་སྡོམ་པའོ་ཞེས་སོ། །དེ་ལྟར་མིང་གི་དབྱེ་བ་བརྒྱད་ཡིན་ཡང་རྫས་སུ་ནི་(དགེ་སློབ་དགེ་ཚུལ་དུ་བསྡུས་ནས་)བཞིར་འདུ་སྟེ། མཛོད་དུ། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བར་ནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་དང་ནི་དགེ་སློང་ཉིད། །ཅེས་པ་ལྟར་རོ། །དེ་ཡང་སྡོམ་བརྒྱད་དུ། ཇི་སྲིད་འཚོ་བར་གསོད་དང་རྐུ། །ལོག་པར་གཡེམ་དང་བརྫུན་གྱི་ཚིག །ཆང་གི་བཏུང་བ་རྣམས་ལས་ལྡོག ། ཅེས་པ་ལྟར་སྤང་བྱ་ལྔ་སྤོང་བ་དགེ་བསྙེན་གྱི་སྡོམ་པ་དང༌། བཤེས་སྤྲིང་དུ།འཚེ་དང་འཁྲིག་པ་ཆོམ་རྐུན་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་ལ་དགའ་དང་གླུ་དང་ནི། །གར་དང་ཕྲེང་བའི་ཁྱད་པར་རྣམ་སྤོང་ཞིང༌། །ཞེས་པ་ལྟརསྤང་བྱ་བརྒྱད་ཉིན་ཞག་ལ་སྤོང་བ་བསྙེན་གནས་པའི་སྡོམ་པ་དང༌། སུམ་བརྒྱ་པར། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས༌། གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོས་ཁ་ཟས་གསེར་དངུལ་ལེན་པ་སྤང༌། །ཞེས་པ་ལྟར་སྤང་བྱ་བཅུ་སྤོང་བ་དགེ་ཚུལ་གྱི་སྡོམ་པ་དང༌། (སྡོམ་དུ་བྱས་ན་)ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་(སུམ་ཅུ་)འབའ་ཞིག་(པ་དགུ་བཅུ་སྟེ་)ལྟུང་བྱེད་བརྒྱ་ཉི་ཤུ། །སོ་སོར་བཤགས་པར་བྱ་བ་བཞི་དང་ནི། །ཉེས་བྱས་བརྒྱ་རྩ་བཅུ་གཉིས་སྤང་བར་བྱ། །ཞེས་པ་ལྟར་ལྟུང་བ་སྡེ་ལྔ་ལ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དུ་ཕྱེ་བ་ལ་སོགས་པ་སྤང་བྱ་ཐམས་ཅད་སྤོང་པ་དགེ་སློང་གི་སྡོམ་པ་སྟེ། དེ་དག་ཀྱང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱིས་ཟིན་ན་བྱང་ཆུབ་སེམས་དཔའི་སོ་སོར་ཐར་བར་ཡང་(ས་སྡེར་)གསུངས་པ་རྣམས་ཇི་ལྟ་བ་ལྟར་ཁས་བླངས་བ་བསྲུང་བའོ། ། ༤ ཕན་ཡོན། (བཞི་པ་)ཕན་ཡོན་ནི། ཚུལ་ཁྲིམས་གསུམ་གྱི་དང་པོ་སྡོམ་པའི་རང་བཞིན་དང་ཕྱི་མ་གཉིས་བརྩོན་པའི་རང་བཞིན་ཅན་ལ་སོགས་པ་མཐའ་དག་བླངས་ནས་རྟག་ཏུ་སྲུང་བ་རྒྱ་ཆེན་པོའི་ཡོན་ཏན་དང༌། མཐོ་རིས་ཀྱི་འབྱོར་པ་ལ་མ་ཆགས་པ་ཟང་ཟིང་མེད་པའི་ཡོན་ཏན་དང༌། གདུལ་བྱ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ། རྒྱལ་བའི་སྲས་རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་སྐྱེད། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། ཁྲིམས་ཀྱིས་དུད་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང༌། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་མྱུར་དུ་རྙེད། །ཅེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་པའོ། ། ② གཞུང་དོན་ལ་གཉིས། གཞུང་དོན་ནི། དེ་ལྟར་སེམས་བསྐྱེད་ཅིང་སྡོམ་པ་བཟུང་ནས་བསླབ་བྱ་རྣམས་ལ་གུས་པས་བསླབ་པའི་ཆེད་དུ། བག་ཡོད་བསྟེན་པ་དང༌། ཤེས་བཞིན་བསྲུང་བའོ། ། ① བག་ཡོད་བསྟེན་པ་ལ་གསུམ། (དང་པོ་)བག་ཡོད་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། ༡ མདོར་བསྟན། (དང་པོ་)མདོར་བསྟན་ནི། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་བཤད་པ་དེ་ལྟ་བུར་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་སྲོག་གི་ཕྱིར་ཡང་མི་འདོར་བར་རབ་ཏུ་བརྟན་པར་བཟུང་ནས་སྙོམ་ལས་ཀྱི་གཡེལ་བ་མེད་པར་དུས་རྟག་ཏུ་རྒྱུན་མི་འཆད་པར་ཡང་སྦྱོར་བ་བྱང་ཆུབ་སེམས་དཔའི་བསླབ་བྱ་རྒྱ་ཆེན་པོ་རྣམས་ལས་མི་འདའ་བར་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་པའི་ཚུལ་གྱིས་འབད་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོར། ཁྲིམས་དང་ཐོས་དང་གཏོང་དང་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་པ་ལྟར་བག་ཡོད་པ་བསྟེན་པ་ལས་སོ། །དེ་ཡང་ཀུན་ལས་བཏུས་སུ། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས། གང་དགེ་བའི་ཆོས་རྣམས་སྒོམ་པ་དང༌། ཟག་པ་དང་བཅས་པའི་ཆོས་རྣམས་ལས་སེམས་སྲུང་བ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་ཡོངས་སུ་སྒྲུབ་པར་བྱེད་པའི་ལས་ཅན་ནོ་ཞེས་པ་ལྟར་ཤེས་པར་བྱའོ། ། (༢) རྒྱས་བཤདལ་གཉིས། (གཉིས་པ་ )རྒྱས་བཤད་ལ། བསམ་པ་སེམས་བསྐྱེད་ལ་བག་ཡོད་པར་བྱ་བ་དང༌། སྦྱོར་བ་བསླབ་པ་ལ་བག་ཡོད་པར་བྱ་བའོ། ། ❶ བསམ་པ་སེམས་བསྐྱེད་ལ་བག་ཡོད་པར་བྱ་བ། དང་པོ་ལ། བརྟག་པའི་བྱ་བ་བཤོལ་དུ་མེད་ཚུལ། བཤོལ་ན་ཉེས་པ་ཆེན་པོ་འགྱུར་ཚུལ། དེས་ན་བག་ཡོད་སྒྲུབ་པར་གདམས་པའོ། ། ༡ བརྟག་པའི་བྱ་བ་བཤོལ་དུ་མེད་ཚུལ། དང་པོ་ནི། ཐོག་མར་ཁེ་ཉེན་ཡེ་མ་བརྟགས་པར་བབ་ཅོལ་དུ་བརྩམས་པ་གང་ཡིན་པའམ། གང་ཞིག་ཅུང་ཟད་བརྟགས་ཀྱང་ལེགས་པར་མ་བརྟགས་པའི་བྱ་བ་དེ་ནི་རེ་ཞིག་ཁས་བླངས་ཤིང་སྒྲུབ་པར་དམ་བཅས་པར་བྱས་པར་གྱུར་ཀྱང་འོས་ན་བྱ་བའམ་མི་འོས་ན་བཏང་ཞེས་ཕྱིས་ལེགས་པར་བརྟགས་ནས་བླར་ངོར་ལ་འཇུག་པར་རིགས་པ་ཡིན་པ་ལ། འདིར་ནི་འཁྲུལ་པ་ཅུང་ཟད་ཀྱང་མི་མངའ་བའི་སངས་རྒྱས་རྣམས་དང་དེ་ཡི་སྲས་སུ་གྱུར་བ་བྱམས་པ་དང་འཇམ་དབྱངས་ལ་སོགས་པ་ཤེས་རབ་ཆེན་པོས་གང་ལ་ལེགས་པར་བརྟགས་ནས་ཕན་ཡོན་ཆེན་པོ་དང་ལྡན་པར་གསུངས་ཤིང༌། བདག་ཉིད་ཀྱིས་ཀྱང་ཡང་དང་ཡང་དུ་བརྟགས་བརྟགས་ནས་ཡོན་ཏན་དང་ལྡན་པར་མཐོང་སྟེ་སྒྲུབ་པར་ཁས་བླངས་བའི་བྱང་ཆུབ་ཀྱི་སྤྱོད་པ་དེ་ལ་བཤོལ་དུ་ཅི་ཞིག་ཡོད་དེ་ནམ་ཡང་བཤོལ་དུ་མེད་པས་སྒྲུབ་པ་ལ་འབད་པར་བྱ་སྟེ། བྱམས་པ་སེང་གེ་སྒྲར། གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་ལྷུན་པོ་འདྲ་བར་ནི། །མཐུ་བརྟན་རབ་ཏུ་མི་གཡོ་སྟེ། །ཡི་དམ་གཏོང་བ་མི་བྱེད་དོ། ། ཞེས་པ་ལྟར་རོ། ། ༢ བཤོལ་ན་ཉེས་པ་ཆེན་པོ་འགྱུར་ཚུལ། (གཉིས་པ་)བཤོལ་ན་ཉེས་ཚུལ་ལ། སེམས་ཅན་བསླུས་ན་ངན་འགྲོར་འགྱུར་ཚུལ། དེ་ཉིད་ལྟུང་བ་ལྕི་བར་བསྟན་པ། ལྟུང་བས་འཁོར་བ་ཡུན་རིངས་ཐོགས་ཚུལ་ལོ། ། ⒈ སེམས་ཅན་བསླུས་ན་ངན་འགྲོར་འགྱུར་ཚུལ། དང་པོ་ལ་གཉིས་ལས། (དང་པོ་)དོན་དངོས་བསྟན་པ་ནི། གལ་ཏེ་སྔར་བསྟན་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་ཞེས་དམ་བཅས་ནས་བྱ་བའི་ལས་ཀྱིས་སྒྲུབ་པ་བསླབ་བྱ་རྒྱ་ཆེན་པོ་དང་ཁྱད་པར་གཞན་དོན་ལ་བརྩོན་པར་མ་བྱས་ན་སེམས་ཅན་འགྲོན་དུ་གཉེར་བ་དེ་དག་ཀུན་ཁས་བླངས་དང་འགལ་བའི་སྒོ་ནས་བསླུས་པས་སླུ་བ་པོ་བདག་གི་འགྲོ་བ་ཅི་འདྲར་འགྱུར་ཏེ་དམྱལ་བ་ལ་སོགས་པའི་ངན་འགྲོར་་་འགྱུར་བ་ཉིད་དོ། །དེའི་རྒྱུ་མཚན་ཡང་ཡོ་བྱད་བཟང་པོ་ལྟ་ཞོག་ཟས་དང་གོས་ལ་སོགས་པའི་དངོས་པོ་ཕལ་བ་ཅུང་ཟད་ཙམ་ལའང་ཡིད་ཀྱིས་འདི་ལ་འདི་སྦྱིན་པར་བྱའོ་ཞེས་བསམས་པར་བྱས་ནས་མི་གང་ཞིག་དངོས་སུ་དེ་སྦྱིན་པར་མི་བྱེད་ན་སྦྱིན་པར་མི་བྱེད་པའི་མི་དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཆུང་ངུ་ཟིན་ཡང་དངོས་པོ་ཕལ་བ་ཅུང་ཟད་ཙམ་སྦྱིན་པར་བསམས་ནས་མ་བྱིན་ན་ནི་ཡི་དྭགས་སུ་འགྱུར་རོ་ཞེས་ཡི་དྭགས་སུ་སྐྱེ་བར་འགྱུར་བར་གསུངས་ན་བླ་ན་མེད་པའི་སངས་རྒྱས་ཀྱི་བདེ་བ་ཆེན་པོ་ལ་བསམ་པ་ཞེ་ཐག་པ་ནས་འགྲོན་དུ་གཉེར་ཞིང་བོས་ནས་ཁས་བླང་པ་བཞིན་མ་བསྒྲུབས་པར་ལྷ་དང་ལྷ་མིན་པའི་འགྲོ་བ་ཐམས་ཅད་བསླུས་པར་བྱས་ན་བྱེད་པ་པོ་དེ་བདེ་འགྲོར་ཅིག་འགྲོ་འགྱུར་རམ་སྟེ་མི་འགྱུར་བ་ཁོ་ནའོ། །དྲན་པ་ཉེར་བཞག་ལས་ཀྱང༌། ཅུང་ཟད་ཅིག་བསམས་ནས་མ་བྱིན་ན་ནི་ཡི་དྭགས་སུ་སྐྱེ་ལ་དམ་བཅས་ནས་མ་བྱིན་པ་ནི་སེམས་ཅན་དམྱལ་པར་འགྲོའོ་ཞེས་གསུངས་པ་ལྟར་རོ། ། (གཉིས་པ་)རྩོད་པ་སྤོང་བ་ནི། དེ་ལྟ་ན་(པད་དཀར་དུུ་)ཤཱ་རིའི་བུས་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་སྟོང་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་སེམས་ཅན་གྱི་དོན་ལ་ཞུགས་པ་ན། བདུད་སྡིག་ཅན་བྲམ་ཟེར་སྤྲུལ་པས་ལག་པ་བསླངས་པ་ལ་གཡས་པ་བཅད་དེ་གཡོན་པས་བྱིན་པས་གཡོན་པ་མི་གཙང་བས་བྱིན་པ་མི་ལེན་ཟེར་ནས་བསྐྱུར་བ་ལ་སྐྱོ་བར་གྱུར་ནས་སེམས་བསྐྱེད་བཏང་ཡང་ཐར་བ་ཐོབ་ཅིང་སེམས་ཅན་གྱི་དོན་མཛད་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལྟ་བུ་ལ་སོགས་པའི་མི་གང་དག་རེ་ཞིག་བྱང་ཆུབ་ཀྱི་སེམས་བཏང་ཡང་དེ་དག་ངན་འགྲོར་མ་ལྷུང་བར་ཐར་པ་ཐོབ་ཅིང་གཞན་དག་ཀྱང་ཐར་བར་མཛད་པ་ནི། ལས་ཀྱི་ཚུལ་སྟོབས་ཆེ་ཆུང་སྣ་ཚོགས་པ་རྣམས་ཚུ་རོལ་མཐོང་བས་བསམ་གྱིས་མི་ཁྱབ་སྟེ། (བསྟོད་པ་དང་མཛོད་འགྲེལ་དུུ་) རྨ་བྱའི་མདོངས་ནི་གཅིག་པུ་ལ། །རྒྱུ་ཡི་དབྱེ་བ་ཇི་སྙེད་པ། །དེ་མཁྱེན་པ་ནི་ཀུན་མཁྱེན་ཏེ། །ཀུན་མཁྱེན་ཡེ་ཤེས་མིན་པས་མིན། །ཞེས་པ་ལྟར་ཕྲ་ཞིབ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནས་མཁྱེན་གྱི་ཕལ་བ་རྣམས་ཀྱིས་བསམ་པར་མི་ནུས་ཤིང་བསམས་ན་མགོ་མྱོས་པར་འགྱུར་བའི་ཕྱིར་རོ། །(འདིའི་)འགྲེལ་ཆེན་དུ། སེམས་བསྐྱེད་བཏང་ཡང་ཐར་པའི་སེམས་མ་བཏང་བའི་ནུས་པས་ཐར་བ་ཐོབ་ནས་སེམས་ཅན་སྒྲོལ་བ་ལ་ཉེས་པ་མེད་ཅེས་བཤད་ཅིང༌། (དགེ་བའི་ལྷ་)འགའ་ཞིག་སྔར་བཏང་ཡང་ཕྱིས་བླངས་ནས་སེམས་ཅན་རྣམས་གྲོལ་བར་བྱེད་དོ་ཞེས་ཀྱང་འཆད་དོ། ། ⒉ དེ་ཉིད་ལྟུང་བ་ལྕི་བར་བསྟན་པ། (གཉིས་པ་)ལྕི་བར་བསྟན་པ་ནི། སེམས་བསྐྱེད་གཏོང་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ལྟུང་བའི་ནང་ནས་ཤིན་ཏུ་ལྕི་བར་གྱུར་པ་སྟེ། དེའི་རྒྱུ་མཚན་འདི་ལྟར་ལྟུང་བ་དེ་ནི་བྱུང་བར་གྱུར་ན་སེམས་ཅན་མ་ལུས་པ་ཀུན་གྱི་དོན་སྒྲུབ་པ་ལ་ཀུན་སློང་གི་བསམ་པ་དམན་པར་གྱུར་པའི་ཕྱིར་རོ། །རང་ལ་ལྟུང་བ་ལྕི་བར་མ་ཟད་གང་ཡང་གཞན་ལ་ལ་ཞིག་གིས་ཡུན་རིང་པོ་ལྟ་ཞོག་སྐད་ཅིག་གི་བར་ཙམ་དུ་ཡང་བྱང་ཆུབ་སེམས་དཔའ་འདིའི་གཞན་ལ་ཕན་པ་བསོད་ནམས་ཀྱི་ཚོགས་ཀྱི་བར་ཆད་དང་གེགས་བྱེད་པར་གྱུར་ན། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་ནུས་པ་དམན་ཞིང་ཉམས་པར་གྱུར་པའི་ལས་བྱས་པས་བྱེད་པ་པོ་དེ་ཡི་ངན་འགྲོར་སྐྱེ་བའི་གྲངས་མུ་མཐའ་ཐུག་པ་མེད་པ་མྱོང་བར་འགྱུར་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་ཕྲོགས་ཤིང་སྲོག་དང་ཕྲལ་བ་བས་ཀྱང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའི་དགེ་བ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་བ་ལ་ཁམ་གཅིག་ཙམ་སྦྱིན་པའི་བར་ཆད་བྱེད་ན། དེ་ནི་དེ་བས་ཆེས་གྲངས་མེད་པར་སྡིག་པ་བསྐྱེད་དེ། སངས་རྒྱས་འབྱུང་བ་བསྐྱེད་པའི་དགེ་བ་ལ་བར་ཆད་བྱེད་པ་གནས་པའི་ཕྱིར་རོ། །ཞེས་པ་ལྟར་རོ། །རིགས་པས་ཀྱང་འགྲུབ་སྟེ་སེམས་ཅན་མང་པོ་ལྟ་ཞོག་གཅིག་གི་བདེ་བ་ཕྲ་མོ་ཡང་བཤིག་ན་འཇིག་པ་པོས་བདག་ཉིད་བདེ་འགྲོ་ལས་ཉམས་པར་འགྱུར་ན། བྱང་ཆུབ་སེམས་དཔའི་དགེ་བའི་བར་ཆད་བྱས་པས་ནི་ནམ་མཁའི་ཁམས་མ་ལུས་མཐའ་ཀླས་པའི་ལུས་ཅན་རྣམས་ཀྱི་བདེ་བ་ཆེན་པོའི་རྒྱུ་བཤིག་པའི་ཕྱིར་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོ་མཐའ་མེད་པར་ལྟུང་བ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། ། ⒊ ལྟུང་བས་འཁོར་བ་ཡུན་རིང་ཐོགས་ཚུལ། (གསུམ་པ་)ཡུན་རིང་ཐོགས་ཚུལ་ནི། ལྟུང་བ་བྱུང་ཡང་བཤགས་ཏེ་སེམས་བསྐྱེད་བླང་པས་ཆོག་གོ་སྙམ་ན། སྔར་བཤད་པ་དེ་ལྟར་རེས་འགའ་བྱང་ཆུབ་ཀྱི་སེམས་བཏང་བའི་ལྟུང་བ་སྟོབས་ལྡན་བྱུང་བ་དང་རེས་འགའ་བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་བླངས་པ་དག འཁོར་བར་སྤང་གཉེན་རེས་ཀྱི་འདྲེས་པ་ལས་ངན་འགྲོ་དང་བདེ་འགྲོ་རེས་མོས་ཀྱིས་འདྲེ་བར་བྱེད་ན། གནས་སྐབས་རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ལ་ཡང་ཡུན་རིང་དུ་ཐོགས་ན་མཐར་ཐུག་བྱང་ཆུབ་ཆེན་པོ་ཐོབ་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།