སྤྱོད་འཇུག་ས་འགྲེལ།

། (གཉིས་པ་)སོ་སོའི་མཚན་ཉིད་ནི། ཡུམ་ལས། ཡོངས་སུ་གཏོང་བ་དང༌། གདུང་བ་མེད་པ་དང༌།  འཁྲུག་པ་མེད་པ་དང༌། དགེ་བ་སྡུད་པ་དང༌། སེམས་རྩེ་གཅིག་པ་དང༌། རབ་ཏུ་འབྱེད་པའི་རང་བཞིན་ཅན་དུ་གསུངས་པ་རྣམས་ཏེ། རེ་རེ་ཤིང་དམ་པ་དྲུག་དང་ལྡན་པ་ཞེས་པའམ། ཡང་ན། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། ། ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་ལྟར་ཁྱད་པར་བཞི་དང་ལྡན་པ་ཞེས་སྦྱར་བ་རྣམས་སོ། ། ༣ གོ་རིམ། (གསུམ་པ་)གོ་རིམ་ནི། ཕྱི་ནང་གི་ལོངས་སྤྱོད་རྣམས་བཏང་བ་ལས་ཚུལ་ཁྲིམས་ལེན་ཅིང༌། དགེ་སྦྱོང་གི་ཆོས་བཞི་དང་ལྡན་པ་ལས་བཟོད་པ་འབྱུང་ལ། གནོད་པས་མི་སྐྱོ་བའི་བརྩོན་འགྲུས་ཀྱིས་མཉམ་པར་བཞག་ན་ཤེས་རབ་འབྱུང་བ་ལྟ་བུ་རྒྱུ་འབྲས་ཀྱི་རིམ་པ་དང༌། སྔ་མ་རྣམས་དམན་ཞིང་ཕྱི་མ་རྣམས་མཆོག་ཏུ་གནས་པའི་རིམ་པ་དང༌། སྔ་མ་རྣམས་རགས་ཤིང་ཕྱི་མ་རྣམས་ཕྲ་བའི་རིམ་པས་གསུངས་པ་སྟེ། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་པ་ལྟར་རོ། ། ༤ ངེས་ཚིག (བཞི་པ་)ངེས་ཚིག་ལ་གཉིས་ལས། (དང་པོ་)སྤྱིའི་ནི། སྲིད་པ་འཇིག་རྟེན་པ་དང་ཞི་བ་ཉན་རང་གི་སྦྱིན་སོགས་དགེ་བ་ཐམས་ཅད་ལས་ཕུལ་དུ་བྱུང་བར་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞིང༌།(གཉིས་པ་)སོ་སོའི་ནི། དབུལ་བ་འདོར་བས་ན་སྦྱིན་པ་དང༌། བསིལ་བ་ཐོབ་པས་ན་ཚུལ་ཁྲིམས་དང༌། ཁྲོ་བ་བཟོད་པས་ན་བཟོད་པ་དང༌། མཆོག་ལ་སྦྱོར་བས་ན་བརྩོན་འགྲུས་དང༌། ཡིད་ནང་དུ་འཛིན་པས་ན་བསམ་གཏན་དང༌། དོན་དམ་པ་ཤེས་པས་ན་ཤེས་རབ་ཅེས་བྱ་བ་དག་སྟེ། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་ལ་སྦྱོར་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པ་ལྟར་རོ། ། ༥ སྒོམ་ཚུལ། (ལྔ་པ་)སྒོམ་ཚུལ་ནི། (རྒྱན་གྱི་འབྲེལ་བར་)རྒྱུ་རིགས་སད་པ་དང༌། རྣམ་སྨིན་ལུས་ཕུན་སུམ་ཚོགས་པ་དང༌། སྔོན་གྱི་སྨོན་ལམ་རྣམ་པར་དག་པ་དང༌། སོ་སོར་བརྟགས་པའི་སྟོབས་ལ་བརྟེན་ནས་ཉམས་སུ་ལེན་པ་དངོས་པོ་རྟོན་པ་བཞི་དང༌། ཕར་ཕྱིན་དྲུག་སྟོན་པའི་གསུང་རབ་ཟབ་མོ་ལ་མོས་པ་ཡིད་ལ་བྱེད་པ་དང༌། ཕར་ཕྱིན་དྲུག་བསྒོམས་པ་ལ་ཡོན་ཏན་དུ་ལྟ་བ་རོ་མྱོང་བ་ཡིད་ལ་བྱེད་པ་དང༌། འཇིག་རྟེན་གྱི་ཁམས་ཀྱི་ཕར་ཕྱིན་དྲུག་ལ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང༌། རང་གཞན་ལ་མ་འོངས་པ་ན་ཕར་ཕྱིན་དྲུག་འབྱུང་བ་ལ་མངོན་པར་དགའ་བ་ཡིད་ལ་བྱེད་པ་སྟེ། ཡིད་ལ་བྱེད་པ་ལ་བརྟེན་པ་བཞི་དང༌། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྐད་ཅིག་རེ་རེ་ལ་སེམས་ཅན་རེ་རེའི་ཕྱིར་ཡང་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་[ཞིང་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་]རིན་པོ་[ཆེ་]སྣ་བདུན་(གསེར་དངུལ་བཻཌཱུརྱ་ཤེལ་སྤུག །རྡོ་ཡི་སྙིང་པོ་མུ་ཏིག་དམར་)གྱིས་གང་བ་བྱིན་ཡང་མི་ངོམས་པ་དང༌། དུས་དེ་སྲིད་དུ་ལུས་དེ་སྙེད་ཀྱིས་སྟོང་གསུམ་མེས་གང་བར་ཡང་སྤྱོད་ལམ་བཞི་བྱེད་ཅིང་ཡོ་བྱད་ཅི་ཡང་མེད་ཀྱང་ཚུལ་ཁྲིམས་ལ་སོགས་པ་མངོན་དུ་བྱེད་པ་མི་ངོམས་པའྀ་བསམ་པ་དང༌། དེ་ལྟ་བུ་སྐད་ཅིག་ཙམ་ཡང་ཉམས་པ་མེད་པར་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་གཅོད་པ་ཡངས་པའི་བསམ་པ་དང༌། ཕར་ཕྱིན་དྲུག་གིས་སེམས་ཅན་ལ་ཕན་ཐོགས་པའི་དགའ་བས་སེམས་ཅན་རྣམས་བདག་ལ་ཕན་བཏགས་སོ་སྙམ་པའི་དགའ་བ་ཟིལ་གྱིས་གནོན་པ་དགའ་བའི་བསམ་པ་དང༌། ཕན་བཏགས་པའི་འགྲོ་བ་འདི་རྣམས་དགེ་བའི་གྲོགས་སུ་གྱུར་པས་བདག་ལ་ཤིན་ཏུ་ཕན་འདོགས་པར་མཐོང་གི་བདག་གིས་དེ་ཙམ་དུ་གཞན་ལ་ཕན་བཏགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ཕན་པའི་བསམ་པ་དང༌། ལན་དུ་ཕན་འདོགས་པ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་འཇུག་པ་མ་གོས་པའི་བསམ་པ་དང༌། དེ་ལྟ་བུའི་བསོད་ནམས་མཐའ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་དགེ་བའི་བསམ་པ་སྟེ་བསམ་པ་ལ་རྟེན་པ་དྲུག་དང༌། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པ་ཐབས་ལ་བརྟེན་པ་དང༌། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པ་སྐུ་ལ་དབང་འབྱོར་བ་དང༌། སྤྲུལ་བའི་སྐུས་སྐལ་བ་དང་མཐུན་པར་འཇུག་པ་སྤྱོད་པ་ལ་དབང་འབྱོར་པ་དང༌། ཕར་ཕྱིན་དྲུག་ཐོགས་མེད་དུ་འཆད་ནུས་པ་སྟོན་པ་ལ་དབང་འབྱོར་བ་རྣམས་ཀྱིས་སྐལ་བ་ཇི་ལྟ་བར་གཞན་ལ་དབང་འབྱོར་བ་ལ་བརྟེན་ནས་ཉམས་སུ་ལེན་པ་རྣམས་ཏེ། ཐམས་ཅད་སྒོམ་པ་དངོས་པོ་དང༌། །དེ་བཞིན་ཡིད་ལ་བྱེད་པ་དང༌། །བསམ་པ་དང་ནི་ཐབས་དག་དང༌། །དབང་འབྱོར་ཉིད་ལ་རྟེན་པར་བརྗོད། །ཅེས་པ་ལྟར་རོ། ། ༦ དབྱེ་བ། (དྲུག་པ་)དབྱེ་བ་ནི། དོན་རྣམས་གཏོང་བར་བྱེད་པ་དང༌། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་པ་ལྟར་ཐམས་ཅད་ཀྱང་ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་སྟེ་དོན་དྲུག་དྲུག་ཏུ་འབྱེད་པ་དང༌། ཁྱད་པར་འཇུག་པ་ལའང༌། སྦྱིན་པ་ལ། (མཛོད་དུུ་)ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་པ་ལྟར་ཆོས་ཀྱི་སྦྱིན་པ་དང༌། འཚོ་བའི་ཡོ་བྱད་ཡོངས་སུ་བཏོང་བ་ཟང་ཟིང་གི་སྦྱིན་པ་དང༌། གསོད་པ་ལ་སོགས་པའི་གནོད་པ་ལས་སྐྱོབ་པ་མི་འཇིགས་པའི་སྦྱིན་པ་སྟེ་གསུམ་དང༌། ཚུལ་ཁྲིམས་ལ། མི་དགེ་བ་མཐའ་དག་སྤོང་བ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་རྒྱ་ཆེན་པོ་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། ཆོས་དང་མཐུན་པས་གཞན་ལ་ཕན་འདོགས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ༌། གསུམ་དང༌། བཟོད་པ་ལ། གཞན་གྱི་གནོད་པ་ལ་མཁོ་བར་འཛིན་པ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། དགེ་བའི་དཀའ་སྤྱད་ལ་སྤྲོ་བས་འཇུག་པ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང༌། ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་མི་སྐྲག་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྟེ་གསུམ་དང༌། བརྩོན་འགྲུས་ལ་དགེ་བའི་ཕྱོགས་འདི་ལྟ་བུ་བྱའོ་ཞེས་ཐོག་མར་གོ་ཆ་གྱོན་པ་གོ་ཆའི་བརྩོན་འགྲུས་དང༌། བསམས་པ་ཇི་ལྟ་བ་བཞིན་དུ་སྦྱོར་བས་ཀྱང་ཉམས་སུ་ལེན་པ་སྦྱོར་བའི་བརྩོན་འགྲུས་དང༌། རྒྱ་ཆེན་པོ་ལ་མ་ཞུམ་ཞིང་སྡུག་བསྔལ་གྱིས་མི་འཁྲུགས་པ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་བརྩོན་འགྲུས་ཏེ་གསུམ་དང༌། བསམ་གཏན་ལ་ཚེ་འདི་ཉིད་ལ་བདེ་བར་བྱེད་པ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་བསམ་གཏན་དང༌། མངོན་ཤེས་ལ་སོགས་པ་གྲུབ་པར་བྱེད་པ་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་བསམ་གཏན་དང༌། མུ་གེ་དང་ནད་ལ་སོགས་པ་ཞི་བར་བྱེད་པ་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པའི་བསམ་གཏན་ཏེ་གསུམ་དང༌། ཤེས་རབ་ལ་(ཐེག་བསྡུས་སུུ་)རྣམ་པར་མི་རྟོག་པའི་སྦྱོར་བ་ལ་འཇུག་པ་དང༌། དངོས་གཞི་ལ་གནས་པ་དང༌། རྗེས་ཐོབ་ཀྱིས་འཇལ་བའི་ཤེས་རབ་གསུམ་མམ། ཀུན་རྫོབ་ལ་དམིགས་པ་དང༌། དོན་དམ་པ་ལ་དམིགས་པ་དང༌། གཞན་དོན་ལ་དམིགས་པའི་ཤེས་རབ་གསུམ་མམ། (རྒྱན་གྱི་འགྲེལ་བར་)འཇིག་རྟེན་པའི་ཤེས་རབ་དང༌། ཉན་རང་གི་ཤེས་རབ་དང༌།  ཐེག་ཆེན་པའི་ཤེས་རབ་གསུམ་དུ་འབྱེད་པ་ལ་སོགས་པའོ། ། ༧ བསྡུས་ཚུལ། (བདུན་པ་)བསྡུས་ཚུལ་ནི། དཀར་པོ་དགེ་བའི་ཆོས་མཉམ་པར་མ་བཞག་པ་ཐམས་ཅད་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་བསྡུས་ཤིང་མཉམ་པར་བཞག་པ་ཐམས་ཅད་བསམ་གཏན་དང་ཤེས་རབ་ཀྱིས་བསྡུས་ལ། མཉམ་པར་བཞག་མ་བཞག་གཉི་ག་ཡིན་པ་རྣམས་བཟོད་པ་དང་བརྩོན་འགྲུས་ཀྱིས་བསྡུས་པས། དགེ་བའི་ཆོས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་པ་སྟེ། དཀར་པོའི་ཆོས་ཀུན་རྣམ་གཡེང་དང༌། །མཉམ་གཞག་གཉི་གར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་གཉིས། །གཉིས་ཀྱིས་ཡོངས་སུ་བསྡུས་པ་ཡིན། །ཞེས་པ་ལྟར་རོ། །ཡང་ན་(ཐེག་བསྡུས་སུུ་)སྦྱིན་སོགས་དེ་དག་གི་མཚན་ཉིད་ཀྱིས་བསྡུས་ཤིང༌། དད་སོགས་དེ་དག་དང་མཐུན་པས་བསྡུས་ལ། སྟོབས་སོགས་དེ་དག་གི་འབྲས་བུས་བསྡུས་པས་དགེ་བ་ཐམས་ཅད་ཕར་ཕྱིན་དྲུག་གིས་བསྡུས་པའོ། ། ༨ མི་མཐུན་ཕྱོགས། (བརྒྱད་པ་)མི་མཐུན་ཕྱོགས་ནི། སེར་སྣ་དང་འཆལ་བའི་ཚུལ་ཁྲིམས་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་དང་འཆལ་བའི་ཤེས་རབ་སྟེ་ཉོན་མོངས་བའི་སྒྲིབ་པ་དང༌། འཁོར་གསུམ་དུ་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་སྟེ། (རྒྱུད་བླར་)སེར་སྣ་ལ་སོགས་རྣམ་རྟོག་གང༌། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པ་ལྟར་རོ། །ཡང་རང་རང་གི་མི་མཐུན་ཕྱོགས་དང་ཕྱི་བཤོལ་དང་དེ་ཙམ་གྱིས་ཆོག་པར་འཛིན་པ་དང་ལན་ལ་རེ་བ་དང་རྣམ་པར་སྨིན་པ་ལ་རེ་བ་དང་མི་མཐུན་ཕྱོགས་ཀྱི་བག་ལ་ཉལ་དང་(ཐེག་དམན་ཡིད་ལ་བྱེད་པ་དང་འཁོར་གསུམ་རྟོག་པས་)རྣམ་པར་གཡེང་བ་ལ་ཆགས་པ་རྣམས་ཡིན་ལ། དེ་དག་གི་གཉེན་པོར་མ་ཆགས་པ་བདུན་གསུངས་པ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །(སེར་སྣ་ལ་)མ་ཆགས་(ཕྱི་བཤོལ་ལ་)མི་ཆགས་(ཆོག་འཛིན་ལ་)ཆགས་པ་མེད། །(ལན་ལ་རེ་བ་ལ་)ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །(རྣམ་སྨིན་ལ་རེ་བ་ལ་) མ་ཆགས་(བག་ལ་ཉལ་ལ་) མི་ཆགས་(རྣམ་གཡེང་ལ་)ཆགས་པ་མེད། །ཅེས་པ་ལ་སོགས་པའོ། ། ༩ ཡོན་ཏན། (དགུ་པ་)ཡོན་ཏན་ནི། ཐམས་ཅད་ཀྱང་རང་རང་གི་ངོ་བོ་ཡངས་ཤིང་རྒྱ་ཆེ་བའི་ཡོན་ཏན་དང༌། ལན་ལ་སོགས་པ་ལ་མ་ཆགས་པས་ཟང་ཟིང་མེད་པའི་ཡོན་ཏན་དང༌། ལུས་ཅན་རྣམས་བྱང་ཆུབ་གསུམ་ལ་འགོད་པས་དོན་ཆེ་བའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པས་མི་ཟད་པའི་ཡོན་ཏན་རྣམས་དང་ལྡན་པ་སྟེ། རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་པ་ལ་སོགས་ཐམས་ཅད་ཀྱི། །ཡོན་ཏན་བཞི་ནི་ཤེས་བར་བྱ། །ཞེས་པ་ལྟར་རོ། །གཞན་ཡང་རིམ་པ་ལྟར་ཕྱུག་ཅིང་ལོངས་སྤྱོད་ཆེན་པོ་དང༌། བདེ་འགྲོར་བདེ་བ་མྱོང་བ་དང༌། གཟུགས་བཟང་ཞིང་འཁོར་མང་བ་དང༌། བརྗིད་ཆེ་ཞིང་ལས་ཀྱི་མཐའ་གྲུབ་པ་དང༌། ཞི་ཞིང་གནོད་པ་མེད་པ་དང༌། གྲོལ་ཞིང་རིག་པ་ཤེས་པ་ལ་སོགས་པ་རྣམས་ཀྱང་འགྲུབ་སྟེ། རིན་ཆེན་ཕྲེང་བར། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་པ་ལྟར་རོ། ། ༡༠ ཕན་ཚུན་རྣམ་ངེས་པ། (བཅུ་པ)ཕན་ཚུན་རྣམ་པར་ངེས་པ་ནི། ཆོས་དང་ཟང་ཟིང་དང་མི་འཇིགས་པ་གསུམ་གའི་དབང་དུ་བྱས་ན་དྲུག་ཀ་སྦྱིན་པ་ལྟ་བུར་འདུ་ཞིང་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སུའང་ཐམས་ཅད་འདུ་བ་ལྟ་བུ་ཕན་ཚུན་གཅིག་གིས་གཅིག་བསྡུས་པའི་ཕྱིར་དང༌། དྲུག་པོ་རེ་རེ་ཞིང་ཡང་རང་རང་གི་གཞན་རྒྱུད་ལ་འཇོག་པའི་གཏོང་བ་དང༌། མི་མཐུན་ཕྱོགས་ཀྱི་གནོད་པ་སྡོམ་པ་དང༌། དཀའ་སྤྱད་ལ་ཅི་མི་སྙམ་པ་དང༌། ཕྱིར་ཞིང་སྤྲོ་བས་འཇུག་པ་དང༌། སོ་སོ་ལ་སེམས་རྩེ་གཅིག་ཏུ་གནས་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པར་ཤེས་པ་སྟེ་དྲུག་དྲུག་ཏུ་དབྱེར་ཡོད་པའི་ཕྱིར་དང༌། བརྗོད་བྱ་སྦྱིན་པ་ལ་སོགས་པའི་ཆོས་དང༌། རྗོད་བྱེད་མདོ་སྡེ་ལ་སོགས་པའི་ཆོས་དག་གཅིག་ལ་གཅིག་སྣང་བའི་ཆོས་ཉིད་ཀྱི་ཕྱིར་དང༌། སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་ཅིང༌། དགེ་སློང་གི་སྡོམ་པ་བླངས་ན་ཡོངས་སུ་བཟུང་བ་ཐམས་ཅད་གཏོང་བ་ལ་སོགས་པ་ལྟ་བུ་གཅིག་ལས་གཅིག་འགྲུབ་པའི་རྒྱུ་མཚན་དུ་འགྱུར་བའི་ཕྱིར་ན་ཕ་རོལ་ཏུ་ཕྱིན་པ་རྣམས་ཕན་ཚུན་རྣམ་པར་ངེས་པར་ཤེས་པར་བྱ་སྟེ། ཕན་ཚུན་བསྡུས་ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཞེས་པ་ལྟར་རོ། ། ⑵ གཞུང་དོན་ལ་དྲུག གཞུང་དོན་ལ། སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང༌། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི༑ ༑ཕ་རོལ་ཕྱིན་པ་དྲུག་པོ་ལ། །བློ་ལྡན་རྣམས་ཀྱིས་ཚུལ་བཞིན་བསླབ། །ཅེས་པ་(སྡོམ་དུ་བསྡུས་) ལྟར་དྲུག་གི་ ༡༽ སྦྱིན་པ་གཏོང་ཚུལ། ① སྤྱི་དོན་ལ་བཞི། དང་པོ་སྦྱིན་པ་གཏོང་ཚུལ་ལའང་སྤྱི་དོན་བཞི་སྟེ། བྱེད་ལས་མཚན་ཉིད་དབྱེ་བ་ཕན་ཡོན་ནོ། ། ༡ བྱེད་ལས། (དང་པོ་)བྱེད་ལས་ནི། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་ཐམས་ཅད་མཉམ་པ་ཉིད་དུ་ངོམས་པ་མེད་པར་བྱིན་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་ཚེ་འདི་ལ་ཕན་འདོགས་ཤིང༌། དེས་བསྡུས་ནས་དགེ་བ་ལ་འགོད་པའི་ཕྱིར་ཕྱི་མ་ལ་ཡང་ཕན་འདོགས་པས་གདུལ་བྱ་རྣམས་ཡོངས་སུ་སྨིན་པར་བྱེད་པ་སྟེ། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོད་མེད་དེ། །མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་མི་འགྱུར། །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །ཅེས་པ་ལྟར་རོ། ། ༢ མཚན་ཉིད། (གཉིས་པ་) མཚན་ཉིད་ནི། མི་མཐུན་ཕྱོགས་སེར་སྣ་མ་ལུས་པ་སྤངས་པ་དང༌། གཉེན་པོ་ཆོས་ལ་བདག་མེད་རྟོགས་པའི་ཕྱིར་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་གནས་སྐབས་སུ་གང་ལ་ཅི་འདོད་པ་བྱིན་ནས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང༌། མཐར་ཐུག་རང་རང་གི་འདོད་པ་དང་མཐུན་པར་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་བཀོད་ནས་ཡོངས་སུ་སྨིན་པར་བྱེད་པས་ཆོས་བཞི་དང་ལྡན་པ་སྟེ། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཞེས་པ་ལྟར་རོ། ། ༣ དབྱེ་བ། (གསུམ་པ་ )དབྱེ་བ་ནི། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང༌། །ཞེས་པ་ལྟར་ལེན་པ་པོ་ལ་ཆོས་དང་ཟང་ཟིང་ལ་སོགས་པའི་དོན་རྣམས་ཡོངས་སུ་གཏོང་བར་བྱེད་པ་ངོ་བོ་ཉིད་ཀྱི་དོན་དང༌། མ་ཆགས་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་བསམ་པས་ཀུན་ནས་བསླང་བ་རྒྱུའི་དོན་དང༌། ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འགྲུབ་པ་འབྲས་བུའི་དོན་དང༌། རང་གཞན་རྗེས་སུ་འཛིན་ཞིང་བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་ལས་ཀྱི་དོན་དང༌། སེར་སྣ་མེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་དང༌། སྔར་བཤད་པ་ལྟར་ཆོས་དང་ཟང་ཟིང་མི་འཇིཊ་པར་འབྱེད་པས་འཇུག་པའི་དོན་ཏེ་དོན་དྲུག་དང་ལྡན་པར་ཤེས་ནས་ཉམས་སུ་ལེན་པར་བྱེད་པ་ལ་སོགས་པ་སྟེ། དོན་རྣམས་གཏོང་བར་བྱེད་པ་དང༌། །རྩ་བ་སེམས་པ་ལ་བརྟེན་དང༌། །ལུས་དང་ལོངས་སྤྱོད་ཕུན་ཚོགས་དང༌། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང༌། །དེ་ཡང་སེར་སྣ་མེད་ལྡན་དང༌། །ཆོས་དང་ཟང་ཟིང་མི་འཇིགས་མཐོང༌། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པས་ཡང་དག་སྒྲུབ་པར་བྱེད། །ཅེས་པ་ལྟར་རོ། །དེ་ཡང་ཉེ་བ་འཁོར་གྱིས་ཞུས་པར། བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ་ལ་གནས་པར་བྱའོ། །རབ་ཏུ་བྱུང་བས་ནི་སྨྱུ་གུ་དང་སྣག་ཚ་དང་གླེགས་བམ་དང་ཆོས་ཀྱི་སྦྱིན་པ་ལ་གནས་པར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ནི་གཏོང་བ་གསུམ་ལ་གནས་པར་བྱའོ། །དེ་ལ་གཏོང་བ་ནི་རྒྱལ་སྲིད་གཏོང་བའོ། །གཏོང་བ་ཆེན་པོ་ནི་ཆུང་མ་དང་བུ་དང་བུ་མོ་གཏོང་བའོ། །ཤིན་ཏུ་གཏོང་བ་ནི་མགོ་དང་ལག་པ་དང་རྐང་པ་དང་མིག་དང་པགས་པ་དང་རྐང་ཡོངས་སུ་གཏོང་བའོ་ཞེས་གསུངས་པ་རྣམས་སྐབས་ཇི་ལྟ་བར་བསྒྲུབ་ཅིང་མ་དག་པའི་སྦྱིན་པ་དུག་དང་མཚོན་ཆ་དང་བསད་པའི་ཤ་དང་ཆང་སྦྱིན་པ་ལ་སོགས་པ་སྤངས་ཏེ། ལེན་པ་པོ་ལ་འཕྲལ་དང་ཡུན་དུ་ཕན་པར་འགྱུར་བ་རྣམ་པར་ དག་པའི་སྦྱིན་པ་ལ་གནས་པར་བྱའོ། ། ༤ ཕན་ཡོན། (བཞི་པ་)ཕན་ཡོན་ནི། གང་ལ་ཅི་འདོད་པ་གཏོང་བ་རྒྱ་ཆེན་པོའི་ཡོན་ཏན་དང༌། ལན་དང་རྣམ་པར་སྨིན་པ་ལ་མི་རེ་བ་ཟང་ཟིང་མེད་པའི་ཡོན་ཏན་དང༌། སྦྱིན་པས་བསྡུས་པ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དོན་ཆེན་པོའི་ཡོན་ཏན་དང༌། ལྷག་མེད་ཀྱི་མྱང་འདས་སུའང་རྒྱུན་མི་འཆད་པ་མི་ཟད་པའི་ཡོན་ཏན་རྣམས་འགྲུབ་པ་སྟེ། སངས་རྒྱས་སྲས་རྣམས་སློང་དང་ཕྲན་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང༌། །སྙིང་རྗེས་གཞན་ལ་ལན་ཡང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་པ་ལྟར་རོ། །དེ་བཞིན་དུ་ཡུམ་ལས་ཀྱང༌། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་པ་ལ་སོགས་པ་རྣམས་ཀྱང་ཐོབ་པའོ། ། ② གཞུང་དོན། གཞུང་དོན་ནི། ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །ཅེས་པ་ལ་སོགས་པས་དཀོན་མཆོག་ལ་མཆོད་པ་འབུལ་བའི་ཚུལ་དང༌། ལུས་དང་དེ་བཞིན་ལོངས་སྤྱོད་དང༌། །ཞེས་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་སྦྱིན་པ་གཏོང་བའི་ཚུལ་རྒྱ་ཆེར་བཤད་ཅིང༌། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །ཞེས་པ་ལ་སོགས་པ་འཆད་པར་འགྱུར་བས་སྐབས་འདིར་ལེའུ་ལོགས་པ་མ་མཛད་དོ།