སྤྱོད་འཇུག་ས་འགྲེལ།

།ཞེས་པ་ལྟར་མི་དགེ་བའི་དབང་གིས་ཚེ་ལོ་བཅུ་པ་ལ་མུ་གེའི་བསྐལ་པ་བར་མ་ལ་ལོ་བདུན་ལ་སོགས་པ་ཡུན་རིང་པོ་འབྱུང་བ་དེའི་ཚེ་བདག་ནི་ཟས་དང་སྐོམ་ཕུན་སུམ་ཚོགས་པར་གྱུར་ཏེ་བཀྲེས་སྐོམ་ཐམས་ཅད་ཞི་བར་བྱེད་པ་ཉིད་དུ་གྱུར་ཅིག དེས་མཚོན་ནས་མཚོན་གྱི་བསྐལ་པ་བར་མའི་ཚེ་བདག་གི་མཐུས་མཚོན་ཆ་རྣམས་མེ་ཏོག་གི་ཆར་བར་བསྒྱུར་ནུས་པར་གྱུར་ཅིག་ཅེས་ཀྱང་བྱའོ། ། (བཞི་པ་)ཕོངས་པའི་སྡུག་བསྔལ་ཞི་བར་བསྔོ་བ་ནི། སེམས་ཅན་ཆོག་མི་ཤེས་པས་ཕོངས་ཤིང་ནོར་མེད་པས་དབུལ་བར་གྱུར་པ་རྣམས་ལ་བདག་ནི་ལོངས་སྤྱོད་ནམ་ཡང་མི་ཟད་པའི་གཏེར་ཆེན་པོར་གྱུར་ཏེ་ཟས་དང་གོས་དང་ནོར་དང་སྨན་དང་གནས་དང་བཞོན་པ་ལ་སོགས་པའི་ཡོ་བྱད་མཁོ་དགུ་སྣ་ཚོགས་པ་རྣམས་སུ་རང་རང་གི་མདུན་དུ་ཉེ་བར་གནས་པར་གྱུར་ཅིག་ཅེས་པའོ། ། ② ལུས་སོགས་གཞན་གྱི་དོན་དུ་བསྒྱུར་བ། (གཉིས་པ་)ལུས་སོགས་གཞན་དོན་དུ་བསྒྱུར་བ་ལ་གསུམ་ལས། (དང་པོ་)ཐམས་ཅད་གཞན་ལ་བཏང་ཚུལ་ནི། སེམས་བསྐྱེད་ནས་སེམས་ཅན་གྱི་དོན་བྱ་བའི་ཆེད་དུ་བདག་གིས་གཅེས་པར་བཟུང་བའི་ལུས་ཉེར་ལེན་གྱི་ཕུང་པོ་འདི་དང་དེ་བཞིན་དུ་འཁོར་དང་ནོར་དང་ཁ་ཟས་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་དང་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་མ་ལུས་པ་ཀུན་གྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་དུ། སེར་སྣས་ཕངས་པ་དང་ལན་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་སྦྱིན་པ་ཡོངས་སུ་གཏང་བར་བྱའོ། ། (གཉིས་པ་)བཏང་བས་མཆོག་ཏུ་འགྱུར་ཚུལ་ནི། ལུས་ལོངས་སྤྱོད་ཐམས་ཅད་བཏང་ནས་ཚོགས་བསགས་པ་ལས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། བདག་གི་བློ་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་བསྒྲུབ་པར་འདོད་པའི་ཕྱིར་དང༌། མཐར་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ནི་གཏོང་དགོས་ཤིང་འཇིགས་པར་ཆབས་གཅིག་པ་ལ། ད་ལྟ་སེམས་ཅན་རྣམས་ལ་ཕན་གདགས་པའི་ཆེད་དུ་གང་ལ་ཅི་འདོད་པ་བཏང་བ་ནི་རང་གཞན་གྱི་དོན་ཆེན་པོ་མཆོག་དང་ལྡན་པར་འགྱུར་བའི་ཕྱིར་རོ། ། (གསུམ་པ་)ཁྱད་པར་ལུས་ཉིད་གཏོང་ཚུལ་ནི། བདག་གིས་ནམ་མཁའ་དང་མཉམ་པའི་ལུས་ཅན་ཐམས་ཅད་ལ་རང་རང་གི་འདོད་པ་བསྒྲུབ་པའི་དོན་དུ་ལུས་འདི་ཉིད་ཅི་བདེར་ལྟོས་མེད་དུ་བྱིན་ཟིན་གྱིས་ད་ནི་དུས་རྟག་ཏུ་ལུས་ཀྱིས་གསོད་དང་ངག་གིས་སྨོད་པའམ་དབྱུག་པས་རྡེག་པ་ལ་སོགས་པ་ཅི་དགར་བྱེད་ལ་རག་སྟེ་ཅི་འདོད་པར་སྤྱོད་ཅིག དེའང་བདག་གི་ལུས་ལ་ལུས་ཀྱི་རྩེད་འཇོ་བྱེད་དམ་ངག་གིས་ཅོ་འདྲི་བར་བྱེད་དམ་མང་པོས་བཞད་གད་དང་ག་ཞའི་རྒྱུ་བྱེད་ཀྱང་རུང་བདག་གི་ལུས་འདི་གཞན་དོན་དུ་བྱིན་ཟིན་གྱིས་འདི་ལ་གནོད་པ་སྲུང་བ་ལ་སོགས་པ་ཡི་ཁ་ཏས་ཅི་ཞིག་བྱ་སྟེ་བདག་གིར་གཟུང་བ་མེད་པའི་ཕྱིར་རོ། །འོན་ཀྱང་ལུས་དེ་ལ་བརྟེན་ནས་འདི་དང་ཕྱི་མར་རང་དང་གཞན་ལ་གནོད་པ་སྡིག་པར་མི་འགྱུར་བའི་ལས་གང་ཡིན་པ་དེ་བྱེད་དུ་ཆུག་ཅིག་ཅེས་པའོ། ། ③ ཁྱད་པར་སྨོན་ལམ་རྒྱ་ཆེར་གདབ་པ། (གསུམ་པ་)སྨོན་ལམ་གདབ་པ་ལ་གཉིས་ལས། (དང་པོ་)དོན་ཀུན་གྲུབ་པའི་སྨོན་ལམ་ནི། གང་ཟག་བདག་ལ་དམིགས་ནས་དུས་ནམ་དུ་ཡང་སེམས་ཅན་འགའ་ཡང་དོན་མེད་པ་ཉིད་དུ་མ་གྱུར་ཅིག དེའང་བདག་ལ་དམིགས་ནས་ཕ་རོལ་པོ་གང་དག་གི་རྒྱུད་ལ་ཁོང་ཁྲོ་བའི་སེམས་སྐྱེས་པའམ་འོན་ཏེ་འགའ་ཞིག་གི་རྒྱུད་ལ་དད་པའི་སེམས་བྱུང་བར་གྱུར་ན་སེམས་དེ་དག་ཉིད་དུས་རྟག་ཏུ་སེམས་ཅན་དེ་དག་གིས་གནས་སྐབས་དང་མཐར་ཐུག་གི་དོན་མ་ལུས་པ་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག སེམས་ཅན་གང་དག་བདག་ལ་སྨོད་ཅིང་ཁ་ཟེར་རམ། གཞན་དག་ལུས་དང་ལོངས་སྤྱོད་ལ་གནོད་པ་བྱེད་པའམ་དེ་བཞིན་དུ་སྐྱོན་མེད་ཀྱང་སྒྲོ་བཏགས་ནས་ཕྱར་ཁ་སྣ་ཚོགས་གཏོང་ཡང་རུང་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཆེན་པོ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་པའོ། ། (གཉིས་པ་)འདོད་དགུ་འབྱུང་བའི་སྨོན་ལམ་ནི། བདག་ནི་ལུས་ཅན་མགོན་མེད་པ་རྣམས་ཀྱི་མགོན་སྐྱབས་དམ་པ་བྱེད་པར་གྱུར་ཅིག དེ་བཞིན་དུ་སྦྱར་ཏེ་ཚོང་པ་ལ་སོགས་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་གྱི་གཙོ་བོ་དང༌། ཕ་རོལ་ཏུ་བརྒལ་བར་འདོད་པ་རྣམས་ཀྱི་ཆུ་བོ་ལས་སྒྲོལ་བའི་གྲུ་བཟང་པོ་དང་ནི་རྒྱ་མཚོ་ལས་སྒྲོལ་བའི་གཟིངས་ཆེན་པོ་དང་ཆུ་བྲན་ལས་སྒྲོལ་བའི་ཟམ་པ་ཉིད་དུའང་གྱུར་ཅིག གླིང་དོན་གཉེར་ལ་ཞེས་པ་ནི་རྒྱ་དཔེ་དང་འགྲེལ་བ་ན་མེད་དེ། འགའ་ཞིག་གིས་དཱི་པ་(མར་མེ་)ཞེས་པ་དྭཱི་པར་(གླིང་)བཀླགས་ནས་བཅུག་པའང་སྲིད་དོ། །མུན་པས་ཉེན་ནས་མར་མེ་འདོད་པ་རྣམས་ལ་མར་མེ་སྟེ་སྒྲོན་མ་གསལ་བ་ཉིད་དང༌། གནས་ཁང་དང་མལ་ཆ་འདོད་པ་རྣམས་ལ་གནས་མལ་ཡིད་དུ་འོང་བ་དང་བདག་ནི་ལུས་ཅན་བྲན་གཡོག་འདོད་པ་ཀུན་གྱི་ཅི་བསྒོ་བ་ཉན་པའི་བྲན་དུའང་འགྱུར་བར་ཤོག་ཅིག རྒུད་པ་སེལ་ཞིང་འབྱོར་པ་སྟེར་བའི་ཡིད་བཞིན་གྱི་ནོར་བུ་དང༌། ནང་དུ་ལག་པ་བཅུག་པ་ན་ཅི་འདོད་པ་འབྱུང་བའི་བུམ་པ་བཟང་པོ་དང༌། བཀླགས་པ་ཙམ་གྱིས་དངོས་གྲུབ་ཐམས་ཅད་འབྱུང་བའི་རིག་སྔགས་གྲུབ་པ་དང་གནོད་པ་དང་ཟུག་རྔུ་ཐམས་ཅད་ཞི་བར་བྱེད་པའི་སྨན་ཆེན་པོ་དང༌། གང་བསམས་པའི་ཡོ་བྱད་ཐམས་ཅད་སྟེར་བའི་དཔག་བསམ་གྱི་ནི་ཤིང་དག་དང༌། ལུས་ཅན་རྣམས་ཀྱི་ཇི་ལྟར་འདོད་པ་བཞོས་པས་འབྱུང་བའི་འདོད་འཇོར་ཡང་གྱུར་ཅིག གཞན་ཡང་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་རྟེན་ས་དང་ཆུས་སྡུད་པ་དང་མེས་སྨིན་པ་དང་རླུང་གིས་མི་འདྲུལ་བར་བྱེད་པས་སྨན་དང་རྩི་ཤིང་དང་ལོ་ཐོག་ལ་སོགས་པ་རྒྱས་པར་བྱས་ཏེ་སེམས་ཅན་གྱི་ཉེར་འཚོ་བྱེད་པ་དང་ནམ་མཁས་ཐམས་ཅད་དུ་ཁྱབ་ཅིང་བྱ་བ་ཐམས་ཅད་ཀྱི་གོ་འབྱེད་པའི་སྒོ་ནས་ཉེར་འཚོ་བྱེད་པ་དེ་བཞིན་དུ་བདག་གི་ལུས་འབྱུང་བ་ཆེན་པོ་འདུས་པ་འདིས་དུས་རྟག་པར་ཡང་སེམས་ཅན་དཔག་ཏུ་མེད་ཅིང་མཐའ་ཡས་པ་ཡི་རྟེན་དང་སྡུད་པ་དང་སྨིན་པ་དང་གཡོ་བ་དང་གོ་སྐབས་ཡངས་པ་ལ་སོགས་པ་རྣམ་པ་མང་པོའི་ཉེ་བར་འཚོ་བ་ཇི་སྙེད་པའི་གཞིར་ཡང་ཤོག་ཅིག ཉེར་འཚོའི་གཞིར་གྱུར་པ་དེ་བཞིན་དུ་ཡུལ་ནམ་མཁའི་མཐས་གཏུགས་པར་ཁྱབ་པའི་སེམས་ཅན་གྱི་ཁམས་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་སྟེ་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བདག་ནི་གང་ལ་ཅི་དགོས་པའི་ཉེར་འཚོའི་ཁྱད་པར་ལོངས་སྤྱོད་སྣ་ཚོགས་པའི་རྒྱུར་ཡང་ཤོག་ཅིག་ཅེས་པའོ། ། (༢) དངོས་གཞི་བྱང་ཆུབ་སེམས་བསྐྱེད་གཟུང་བ། (གཉིས་པ་)དངོས་གཞི་ནི། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའམ་དེ་མེད་ན་རྒྱལ་བ་སྲས་དང་བཅས་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་མདུན་དུ་བསམས་ལ་དད་པ་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ཅག་ལ་དགོངས་སུ་གསོལ་ཞེས་པ་སྔོན་དུ་འགྲོ་བས་ཇི་ལྟར་སྔོན་གྱིས་བདེ་བར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཐུགས་ནི་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྒྱ་ཆེན་པོ་རྣམས་ལ་བདེ་བར་གཤེགས་པ་དེ་དག་གིས་ལས་དང་པོ་བ་ནས་སངས་རྒྱས་ཀྱི་སའི་བར་ལ་རིམ་པ་བཞིན་དུ་བསླབས་ཤིང་གནས་པ་ལྟར་བདག་གིས་ཀྱང་དེ་བཞིན་དུ་འགྲོ་བ་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་བསྒྲུབ་པའི་དོན་དུ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི་ཞིང༌། སེམས་བསྐྱེད་པ་དེ་ཇི་ལྟ་བ་བཞིན་དུ་ནི་སྦྱོར་བ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་རྒྱ་ཆེན་པོ་རྣམས་ལའང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ་རིམ་པ་བཞིན་དུ་བསླབ་པར་བགྱིའོ། །ཞེས་པ་ལན་གསུམ་གྱིས་བླང་བར་བྱའོ། །དེ་ལྟར་བླངས་པའི་གང་ཟག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཟུར་དུ་ནོད་མི་དགོས་ཏེ། སེམས་བསྐྱེད་ནས་བསླབ་བྱ་ལ་སློབ་པར་དམ་བཅས་པ་ལས་ལྷག་པའི་སྡོམ་པ་མ་གསུངས་ཤིང༌། འདི་ཉིད་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་ཡིན་པར་ཡང་འགྲེལ་པ་རྣམས་ལས་བཤད་པའི་ཕྱིར་རོ། ། (༣) མཇུག་ཏུ་ཇི་ལྟར་བྱ་བའི་རིམ་པ། (གསུམ་པ་)མཇུག་གི་བྱ་བ་ལ་གསུམ་སྟེ། ཕན་ཡོན་བསམས་དེ་གཟེངས་བསྟོད། དམ་བཅའ་བརྟན་པར་གཟུང་ཚུལ། རང་གཞན་དགའ་བ་བསྐྱེད་པའོ། ། ⒈ ཕན་ཡོན་བསམས་དེ་གཟེངས་བསྟོད། དང་པོ་ནི། སྔར་བཤད་པ་དེ་ལྟར་བློ་གྲོས་རྣམ་པར་དག་པ་དང་ལྡན་པ་ཡིས་སྦྱོར་བ་དང་དངོས་གཞིའི་ཆོ་གས་རབ་ཏུ་དང་ཞིང་རྙོག་པ་མེད་པའི་ཚུལ་གྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བཟུང་ནས་མཇུག་ཀྱང་རྒྱས་ཤིང་འཕེལ་བ་དང་བརྟན་པར་བྱ་བའི་ཕྱིར་དུ་རང་གི་སེམས་ནི་འདི་ལྟར་གཟེངས་བསྟོད་ཅིང་དགའ་བར་བྱ་བ་ཉིད་དོ། །དེང་སེམས་བསྐྱེད་སྐྱེས་བའི་དུས་འདིར་བདག་ཉིད་གསོན་པའི་ཚེ་འབྲས་བུའམ་དོན་ཡོད་པར་བྱས་ལ་མི་ཡི་སྲིད་པའམ་སྐྱེ་བ་ཐོབ་པའང་ལེགས་པར་ཐོབ་པར་བྱས་ཏེ། དུས་དེ་རིང་ནས་ཐེག་པ་ཆེན་པོ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིགས་སུ་སྐྱེས་ཤིང་སངས་རྒྱས་ཐམས་ཅད་ཀྱི་གདུང་འཚོབ་བའི་སྲས་སུ་དེང་ནས་བདག་ཉིད་གྱུར་པའི་ཕྱིར་རོ། ། ⒉ དམ་བཅའ་བརྟན་པར་གཟུང་ཚུལ། (གཉིས་པ་)དམ་བཅའ་ནི། ད་ཕྱིན་ཆད་ནི་བདག་གིས་ཅི་ལ་བབ་ནས་འདུག་ཀྱང་ཐེག་ཆེན་གྱི་རིགས་དང་མཐུན་པའི་བྱེད་ལས་གཞན་དོན་གྱི་སྤྱོད་པ་ཁོ་ན་བརྩམས་ཏེ་བསླབ་བྱ་དང་འགལ་བའི་སྐྱོན་མེད་ཅིང་བཙུན་པར་གྱུར་པའི་རིགས་ཐོབ་པ་འདི་ལ་ཉེས་ལྟུང་གི་དྲི་མས་རྙོག་པ་དང་བཅས་པར་མི་འགྱུར་བ་དེ་ལྟར་བསྒྲུབ་པ་ལ་འབད་པར་བྱའོ། ། ⒊ རང་གཞན་དགའ་བ་བསྐྱེད་པ། (གསུམ་པ་)དགའ་བ་བསྐྱེད་པ་ལ་རང་དགའ་བ་བསྐྱེད་པ་དང༌། གཞན་དགའ་བ་བསྐྱེད་པའོ། ། ༡ རང་དགའ་བ་བསྐྱེད་པ། དང་པོ་ལ་བཞི་ལས། (དང་པོ་)དཀོན་པ་རྙེད་པས་དགའ་བ་བསྐྱེད་པ་ནི། དཔེར་ན་གང་ཟག་མིག་ལོང་བས་གནས་ཕྱག་དར་བྱས་བའི་རྡུལ་ཀྱི་ཕུང་པོ་ལས་དངོས་པོ་ཇི་ཞིག་ལྟར་ནོར་བུ་རིན་ཆེན་རྙེད་པ་ནི་ཡ་མཚན་ཆེ་བ་ལྟར་དོན་དེ་བཞིན་དུ་གང་ཟག་སོ་སོའི་སྐྱེ་བོས་གནས་ཉོན་མོངས་པའི་ཁྲོད་ནས་ཇི་ཞིག་ལྟར་བསོད་ནམས་ཀྱི་སྟེས་ལེགས་པར་གྱུར་ནས་དངོས་པོ་མཆོག་ཏུ་གྱུར་བ་བྱང་ཆུབ་ཀྱི་སེམས་འདི་བདག་ལ་སྐྱེས་པ་ནི་ཤིན་ཏུ་ཡ་མཚན་ཆེ་བས་དགའ་ཞིང་སྤྲོ་བར་བྱའོ། ། (གཉིས་པ་)རྒུད་པ་སེལ་བས་དགའ་བ་བསྐྱེད་པ་ནི། འགྲོ་བ་མ་ལུས་པའི་འཆི་བདག་གི་བདུད་རྩ་བ་ནས་འཇོམས་ཤིང་བྱང་ཆུབ་རྒ་ཤི་མེད་པ་ཐོབ་པར་བྱེད་པའི་ཕྱིར་འཆི་བ་མེད་པའི་བདུད་རྩིའི་མཆོག་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །ཡོ་བྱད་ལ་དབང་ཐོབ་པ་ན་འགྲོ་བ་མ་ལུས་པའི་དབུལ་བ་མཐའ་དག་སེལ་བར་བྱེད་པ་ཡི་ཕྱིར་ལོངས་སྤྱོད་མི་ཟད་པའི་གཏེར་ཆེན་པོར་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཉིད་ཡིན་ནོ། །འགྲོ་བ་མ་ལུས་པའི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་སྨན་བཟང་པོ་རྣམས་ཀུན་གྱི་མཆོག་ཏུ་གྱུར་བ་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ། །སྲིད་པ་འཁོར་བའི་ལམ་དུ་ཡུན་རིང་པོར་འཁྱམས་ཤིང་ཉོན་མོངས་པའི་གདུང་བས་ངལ་ཞིང་དུབ་པ་རྣམས་ཞི་བར་བྱེད་པ་ཡི་ཕྱིར་འགྲོ་བའི་འགྲོན་པོ་རྣམས་ངལ་གསོ་བའི་ལྗོན་ཤིང་གི་བསིལ་གྲིབ་ཆེན་པོར་གྱུར་པ་ཡང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ། །འགྲོ་བ་སྡིག་པ་སྤྱོད་པ་ཐམས་ཅད་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་ཆུ་བོའམ་འདམ་རྫབ་ལས་ སྒྲོལ་བར་བྱེད་པའི་ཕྱིར། ཐུན་མོང་གི་སྤྱི་སྟེགས་སམ་ཟམ་པ་ལྟ་བུར་གྱུར་པའང་བྱང་ཆུབ་ཀྱི་སེམས་འདི་ཡིན་ནོ་ཞེས་པའོ། ། (གསུམ་པ་)སྒྲིབ་གཉིས་བྱང་བའི་དགའ་བ་བསྐྱེད་པ་ནི། འགྲོ་བ་མ་ལུས་པའི་ཐར་བ་ཐོབ་པའི་གེགས་ཉོན་མོངས་པའི་སྒྲིབ་པའི་ཚ་གདུང་མཐའ་དག་སེལ་བར་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་སཻམས་འདི་ནི་བསིལ་བའི་འོད་ཅན་གྱི་ཟླ་བ་ཤར་བ་ལྟ་བུ་ཡིན་ལ། འགྲོ་བ་མ་ལུས་པའི་ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་མི་ཤེས་པ་གཏི་མུག་གི་རབ་རིབ་མུན་པ་ལྟ་བུར་གྱུར་པའི་ཤེས་བྱའི་སྒྲིབ་པ་མཐའ་དག་དྲུངས་ནས་དཔྱིས་འབྱིན་ཞིང་སེལ་བར་བྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་འདི་ནི་ཉི་མ་ཆེན་པོ་སྤྲིན་ལས་གྲོལ་བ་ལྟ་བུ་ཡིན་ནོ་ཞེས་པའོ། ། (བཞི་པ་)སྙིང་པོ་རྙེད་པས་དགའ་བ་བསྐྱེད་པ་ནི། དཔེར་ན་འོ་མ་མང་པོ་བསྲུབས་པ་ལས་མར་གྱི་སྙིང་པོ་ཐོབ་པ་བཞིན་དུ་དམ་པའི་ཆོས་འོ་མ་ལྟ་བུ་རྒྱ་ཆེན་པོ་རྣམས་ཀྱི་ནང་ནས་བསྲུབས་ཤིང་བསྡུས་པ་ལས་ཟབ་མོ་མཐར་ཐུག་པ་བྱང་ཆུབ་ཀྱི་སེམས་འདི་ནི་མར་གྱི་ཉིང་ཁུ་ཕྱུང་བ་དང་འདྲ་བར་སྙིང་པོ་མཆོག་ཏུ་གྱུར་པ་རྙེད་པ་ཡིན་པས་དགའ་བས་བཟུང་བར་རིགས་སོ་ཞེས་པའོ། ། ༢ གཞན་དགའ་བ་བསྐྱེད་པ། (གཉིས་པ་)གཞན་དགའ་བ་བསྐྱེད་པ་ལ་གཉིས་ལས། (དང་པོ་)བདེ་བའི་མཆོག་ཏུ་གྱུར་བས་དགའ་ བ་བསྐྱེད་པ་ནི། འགྲོ་བ་རིགས་དྲུག་མཐའ་ཡས་པའི་འགྲོན་པོ་སྲིད་པ་འཁོར་བའི་ལམ་བགྲོད་དཀའ་བ་རྣམས་སུ་ཡང་དང་ཡང་དུ་རྒྱུ་ཞིང་སྡུག་བསྔལ་སྣ་ཚོགས་ཀྱིས་དུབ་པར་གྱུར་པ་ལས། མཐར་བདེ་བ་ཆེན་པོའི་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་ཅིང་སྤྱོད་པར་འདོད་པ་རྣམས་ལ་བྱང་ཆུབ་ཀྱི་སེམས་འདི་ནི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་མཆོག་མ་ལུས་པ་སྒྲུབ་པར་བྱེད་པའི་རྒྱུ་ཉིད་དུ་ཉེ་བར་གནས་ཏེ། དེ་བས་ན་སེམས་ཅན་གྱི་འགྲོན་པོ་ཆེན་པོ་རྣམས་བདེ་བའི་བསྙེན་བཀུར་ཕུན་སུམ་ཚོགས་པས་ཚིམ་པར་བྱེད་པ་ཡིན་པས་དགའ་བར་གྱིས་ཤིག་ཅེས་པའོ། ། (གཉིས་པ་)འགྲོན་གྱི་མཆོག་ཏུ་གྱུར་པས་དགའ་བ་བསྐྱེད་པ་ནི། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་བདག་གིས་དུས་དེ་རིང་ནས་བརྩམས་ཏེ་སྐྱོབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔང་པོར་བཞུགས་པ་ཉིད་ཀྱི་སྤྱན་སྔར་འགྲོ་བ་མཐའ་ཡས་པ་རྣམས་མཐར་ཐུག་བདེ་བར་གཤེགས་པ་ཉིད་ཀྱི་བདེ་བ་ཆེན་པོ་དང་ནི། གནས་སྐབས་དེ་མ་ཐོབ་ཀྱི་བར་དུ་མངོན་པར་མཐོ་བའི་བདེ་བ་ཕུན་སུམ་ཚོགས་པ་ལ་འགྲོན་དུ་བོས་ཟིན་གྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བསྒྲུབ་པར་ཁས་བླངས་པ་ལས་ལྷ་དང་མི་དང་ལྷ་མིན་ལ་སོགས་པ་ཐམས་ཅད་སེམས་དང་བས་རབ་དུ་དགའ་ཞིང་མགུ་བར་གྱིས་ཤིག་ཅེས་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གཙོ་བོར་བསམ་པ་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའི་རྣམ་པར་བཤད་པའོ།། །། ལེའུ་བཞི་པ། བསླབ་བྱ་ལ་བག་ཡོད་པར་བསྟན་པ། (༢) སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ། དེ་ལྟར་བསམ་པ་ཕུན་སུམ་ཚོགས་པ་བཤད་ནས། ད་ནི་(གཉིས་པ་)སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླང་ཚུལ་འཆད་པ་ལ་གཉིས་ལས། ⑴ སྤྱི་དོན་ལ་བཅུ། སྤྱི་དོན་ནི། རྒྱན་དང་ཐེག་བསྡུས་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་བྱའི་ཡོན་ཏན་དང༌། །རབ་ཏུ་དབྱེ་དང་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་བྱ། །ཞེས་གསུངས་པ་ལྟར་བཅུའོ། ། ༡ གྲངས་ངེས། དེ་ལ་(དང་པོ་)གྲངས་ངེས་ནི། (ཐེག་བསྡུས་སུུ་)འཁོར་བ་ལས་མི་འཕགས་པའི་རྒྱུ་ལོངས་སྤྱོད་དང་ཁྱིམ་ཐབས་ལ་ཆགས་པའི་གཉེན་པོར་དང་པོ་གཉིས་དང༌། འཕགས་ཀྱང་ལྡོག་པའི་རྒྱུ་ལོག་སྒྲུབ་དང་དཀའ་སྤྱད་ལ་སྐྱོ་བའི་གཉེན་པོར་བར་བ་གཉིས་དང་མི་ལྡོག་ཀྱང་ཆུད་ཟ་བའི་རྒྱུ་རྣམ་གཡེང་དང་གཏི་མུག་གི་གཉེན་པོར་ཕྱི་མ་གཉིས་ཏེ་སྤང་བྱ་ལ་ལྟོས་ནས་གཉེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་ངེས་ཤིང༌། དང་པོ་བཞིས་མི་གཡེང་བའི་རྒྱུ་བྱས་ནས་མི་གཡེང་བ་གཅིག་འགྲུབ་ཅིང་དེ་ལ་བརྟེན་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བར་ཤེས་པའི་སྟོབས་ལ་སོགས་པ་འགྲུབ་པས་ན་སངས་རྒྱས་ཀྱི་ཆོས་འགྲུབ་པའི་གཞིའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་ལ། གཞན་ཡང་རྒྱན་དུ། མི་ཕོངས་པ་དང་རྣམ་པར་མི་འཚེ་དང༌། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང༌། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ཉིད་རང་གི་དོན་ཡིན་ནོ། །ཞེས་པ་ལྟར་དངོས་སུ་གཞན་གྱི་དོན་བྱས་པས་ཤུགས་ལ་རང་གི་དོན་འགྲུབ་པའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་པ་ལ་སོཊ་པའོ། ། ༢ མཚན་ཉིད། (གཉིས་པ་)མཚན་ཉིད་ལ་(གསུམ་ལས་དང་པོ་)སྤྱིའི་མཚན་ཉིད་ནི། (ཐེག་བསྡུས་སུུ་)དམ་པ་དྲུག་དང་ལྡན་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་རྟེན་པའི་རྟེན་དམ་པ་དང༌། གཞིའམ་དངོས་པོ་མཐའ་དག་ལ་འཇུག་པས་དངོས་པོ་དམ་པ་དང༌། སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་དུ་སྒྲུབ་པས་ཆེད་དུ་བྱ་བ་དམ་པ་དང༌། འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ཐབས་ལ་མཁས་པ་དམ་པ་དང༌། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་བསྔོ་བ་དམ་པ་དང༌། སྒྲིབ་པ་གཉིས་བྱང་བར་བྱེད་པས་རྣམ་པར་དག་པ་དམ་པའོ། །དེས་ན་མུ་བཞི་སྟེ་སྦྱིན་པ་ཡིན་ལ་ཕར་ཕྱིན་མ་ཡིན་པ་དམ་པ་དྲུག་དང་བྲལ་བའི་སྦྱིན་པ་དང༌། ཕར་ཕྱིན་ཡིན་ལ་སྦྱིན་པ་མ་ཡིན་པ་དམ་པ་དྲུག་དང་ལྡན་པའི་ཚུལ་ཁྲིམས་ལྟ་བུ་དང༌། གཉི་ག་ཡིན་པ་དམ་པ་དྲུག་དང་ལྡན་པའི་སྦྱིན་པ་དང༌། གཉི་ག་མ་ཡིན་པ་དམ་པ་དྲུག་དང་བྲལ་བའི་ཚུལ་ཁྲིམས་ལ་སོགས་པའོ། །ཉན་རང་རྣམས་ལ་ནི་སྦྱིན་སོགས་ཡོད་ཀྱང་ཕར་ཕྱིན་མེད་ལ། མཐར་ཐུག་པ་ནི་སངས་རྒྱས་ཁོ་ན་ལ་མངའ་བ་སྟེ། (ཐེག་བསྡུས་སུུ་) བཤད་སྦྱར་དུ། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལགས། །ཞེས་དྲངས་པ་ལྟར་རོ།