ཕར་ཕྱིན་མདོ་ལུགས་མ།

སྨོན་པ་སེམས་བསྐྱེད་ཀྱི་ངོ་བོ་གཞན་དོན་འདོད་པ་དེ་དང༌། འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ་བྱང་ཆུབ་འདོད་པ་དེ་ནི་ཤེར་ཕྱིན་གྱི་མདོ་ཇི་ལྟ་བ་བཞིན་དུ་རྒྱས་འབྲིང་བསྡུས་པ་གསུམ་ཆར་ལས་བསྡུས་པའི་སྒོ་ནས་བརྗོད་པ་ནི་འདི་ལྟ་སྟེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་གསུངས་སོ། ། གནོད་འཇོམས་ལས། དེ་ལ་འབྲིང་དུ་བསྟན་པ་ནི་རྣམ་པ་བརྒྱད་དེ། གང་གི་ཕྱིར་བརྩོན་པར་བྱ་བ་དང༌། ཇི་ལྟར་བརྩོན་པར་བྱ་བ་དང༌། བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང༌། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང༌། བརྩོན་པར་གདམས་པ་གང་ཡིན་པ་དང༌། བརྩོན་པའི་ཕན་ཡོན་གང་ཡིན་པ་དང༌། བརྩོན་པའི་རབ་ཏུ་དབྱེ་བ་གང་ཡིན་པ་དང༌། བཤད་པ་འདིའི་གཏན་ལ་དབབ་བ་གང་ཡིན་པ་དང་བརྒྱད་བསྟན་ཏོ། །ཞེས་ གསུངས་པ་ལྟར་སེམས་བསྐྱེད་རྒྱས་བཤད་ནས། སྐབས་དང་པོ་ནི་ཆོས་བརྒྱད་པོ་དེས་འཆད་པ་དང་པོ་གང་གི་ཕྱིར་བརྩོན་པར་བྱ་བ་ནི། གཞན་དོན་འདོད་པ་དང་བྱང་ཆུབ་འདོད་པ་དེ་དང་དེ་ནི་ཡུམ་གསུམ་ཆར་ལས་རྒྱས་པའི་སྒོ་ནས་བརྗོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་དང༌། ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་རྣམ་པར་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་པ་ནས་ཤཱ་རའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པའི་བར་དུ་སེམས་བསྐྱེད་རྒྱས་བཤད་ཀྱི་སྐབས་སུ་འདོད་པ་ཞེས་པའི་ཚིག་འདི་དགུ་བཅུ་རྩ་ལྔ་དང་མདོར་བསྟན་གྱི་སྐབས་སུ་གཅིག་སྟེ། ཁྲི་བརྒྱད་སྟོང་པར་འདོད་པ་ཞེས་པའི་ཚིག་འདི་དགུ་བཅུ་རྩ་དྲུག་འགྱུར་ཞིང༌། བར་མ་དང་རྒྱས་པ་གཉིས་སུ་ཡང་སྐབས་དེ་དང་དེར་འདོད་པ་ཞེས་པའི་ཚིག་འདི་ཉིད་ཡང་དང་ཡང་དུ་བྱུང་བའི་ཕྱིར་རོ། །དེས་ན་རྒྱལ་བས་སེམས་བསྐྱེད་འདོད་པ་ཡིན་པར་གསུངས་ཤིང༌། གསུངས་པ་དེ་ཉིད་ཡིན་ལུགས་ལྟར་སྡུད་པར་མཛད་པ་པོ་རྒྱལ་ཚབ་གྱིས། ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པའི་ཕྱིར་རྒྱལ་བའི་དགོངས་པ་སྟོན་པ་ལ་རྒྱལ་ཚབ་ལས་མཁས་པ་ནི་སུ་ཡང་མེད་དོ། །འཕགས་པ་ཐོགས་མེད་ཀྱིས་ཀྱང༌། སེམས་བསྐྱེད་འདོད་པ་ཡིན་པར་གསུངས་ཏེ། བྱང་ས་ལས། དེ་ལ་རང་གི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་སྐྱེ་པའི་ནང་གི་སྟོབས་ཞེས་བྱའོ། །གཞན་གྱི་མཐུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་བསྐྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་བའི་ནང་གི་སྟོབས་ཞེས་སོ། །དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་ཀྱིས་ཀྱང༌། སེམས་ཞེས་བྱ་བ་ནི་འདིར། མངོན་པར་འདོད་པ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་འདོད་པ་སྐྱེས་པ་བསྟན་པ་ལ་སེམས་པའི་ལེའུ་ཞེས་བྱའོ། །ཞེས་གསུངས་སོ། །གཞན་ཡང་སློབ་དཔོན་ཤན་ཏི་བ་སོགས་དང༌། ཀ་མ་ལ་ཤི་ལ་དང༌། བཙུན་པ་ངོ་བོ་ཉིད་མེད་པ་རྣམས་ཀྱིས་ཀྱང་བཀའ་འགྲེལ་སྙིང་པོ་མཆོག་ལ་སོགས་པ་དང་བསྒོམ་རིམ་དང་མདོ་སྡེ་རྒྱན་གྱི་འགྲེལ་བཤད་རྣམས་སུ་སེམས་བསྐྱེད་ཀྱི་ངོ་བོ་འདོད་པ་ཡིན་པར་གསུངས་སོ། །པཎ་ཆེན་ཤཱཀྱ་ཤྲིའི་ཞལ་སྔ་ནས་ཀྱང༌། སེམས་ནི་རྟག་པར་བྱང་ཆུབ་འདོད་ཅེས་གསུངས་སོ། །དེས་ན་རྒྱལ་བ་རྒྱལ་ཚབ་སྲས་དང་བཅས་པ་དེ་སྙེད་དང་འགལ་པའི་བཤད་པ་ནི་གང་ན་འདུག་ཀྱང་མཁས་པ་རྣམས་ཀྱིས་དེ་ལ་ཡིད་རྟོན་པར་མི་རིགས་སོ། །ཉི་ཁྲི་སྣང་བ་རྩོམ་པ་པོ་དེ་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་བཞི་ཡོད་པའི་ནང་ནས་ཕར་ཕྱིན་རང་ལས་མཁས་པ་ཡིན་ཞེས་ཟེར་བ་ཡང་གྲགས་པ་ཙམ་དུ་བས་གྱིས། དོན་ལ་དེ་ལྟར་མི་གནས་པར་སྣང་སྟེ། ཉི་ཁྲི་སྣང་བའི་འཆད་ལུགས་དེ་ལ་སློབ་དཔོན་དབྱིག་གཉེན་གྱི་དྲི་ཙམ་ཡང་མི་བྲོ་བར་བཤད་པ་ཤ་སྟག་ཏུ་བྱུང་བའི་ཕྱིར་རོ། །གལ་ཏེ་དངོས་སློབ་ཡིན་ཡང༌། དབུ་སེམས་ཀྱི་ཁྱད་པར་ལས་དེ་ལྟར་གྱུར་ཏོ། ། ཞེ་ན། ངེས་དོན་ལ་དེ་ལྟ་ཡིན་པར་འདོད་དུ་ཆུག་ན་ཡང་དྲང་དོན་ལ་ཉི་ཁྲི་སྣང་པ་རྩོམ་པ་པོ་དེ་སློབ་དཔོན་དབྱིག་གཉེན་ལས་མཁས་པ་མི་སྲིད་པའི་ཕྱིར་རོ། །དེ་དང་མཐུན་པར་འཆད་འཐད་དོ། ། དེས་ན་ཉི་ཁྲི་སྣང་བ་རྩོམ་པ་པོ་ནི་དངོས་སློབ་མ་ཡིན་པ་ཙམ་དུ་མ་ཟད་ཀྱི། སློབ་དཔོན་དབྱེག་གཉེན་དང་དེ་གཉིས་ཀྱི་བར་དུ་ཡུམ་གྱི་མདོ་སྡེའི་བླ་མ་བརྒྱུད་པའི་རིམ་པ་ཡང་འཆད་པར་གསལ་ལོ། །སློབ་དཔོན་གསེར་གླིང་བ་ཆོས་གྲགས་ཀྱིས། མདོ་སྡེའི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནུབ་པས། ཞེས་གསུངས་པའི་ཤེས་པར་བྱེད་པ་ལས་སོ། །དེས་ན་སློབ་དཔོན་དབྱིག་གཉེན་དང་ཕྱོགས་ཀྱིས་གླང་པོའི་བར་དུ་ནི་བླ་མ་བརྒྱུད་པའི་རིམ་པ་མ་ནུབ་པ་སྟེ། དེའི་བར་ལ་མདོ་ཇི་ལྟ་བ་བཞིན་དུ་ཆོས་སྐད་དང་འཆད་ལུགས་གཅིག་ཏུ་བྱུང་ལ། དེའི་རྗེས་ལ་ཉི་ཁྲི་སྣང་བ་ནས་བརྩམས་དེ་སྔར་གྱི་བཤད་སྲོལ་དེ་མེད་པར་ཕྱིས་ཀྱི་འཆད་པ་པོ་རྣམས་གཞུང་གཅིག་ལ་ཡང་བཤད་པ་ཕན་ཚུན་འགལ་བ་སྣ་ཚོགས་དང༌། གྲུབ་མཐའ་རྐང་ཚུགས་པ་མེད་པས། ཡུམ་གྱི་དོན་ལ་འདོད་ལུགས་དང་ཆོས་སྐད་མི་གཅིག་པའི་གྲུབ་མཐའ་འགལ་བ་དུ་མར་སོང་ཞིང་ཐགས་འཁྲུགས་པ་བཞིན་དུ་གྱུར་པའི་ཕྱིར་རོ། །ཉི་ཁྲི་སྣང་པའི་རྗེས་སུ་འབྲང་བར་འདོད་པའི་སློབ་དཔོན་སེང་བཟང་ལ་སོགས་པ་ཡང་འཇུག་བསྒྲུབ་དང༌། ས་ཡོངས་སུ་སྦྱོར་བ་དང༌། ངེས་འབྱུང་སྒྲུབ་པ་དང༌། བསྔོ་བ་ལ་སོགས་པའི་སྐབས་དུ་མར་དེ་དང་མི་མཐུན་ཞིང་དེ་དང་འགལ་བ་དུུ་མ་སྨྲ་ལ་མཁས་པའི་དྲེགས་པ་ས་སྔ་མ་སྔ་མ་བཞིན་སུན་ཕྱུང་ཞིང་རང་འདོད་འབའ་ཞིག་ལ་རྗེས་འཇུག་རྣམས་བཀྲི་བར་འདོད་པའི་བཤད་ལུགས་ཁོ་ན་བྱེད་ན། རྩོམ་པ་པོ་ཕོ་མཉམ་རང་སྐད་སོ་སོར་འདོན་པ་དེ་རྣམས་ལས། རྟོག་པ་ལྡན་པ་སུ་ཞིག་གང་ཟག་རྗེས་སུ་འཇུག་པར་བགྱི། ཐམས་ཅད་དང་དུ་ལེན་པར་ནི་མི་རིགས་དེ་དོན་གཅིག་ལ་འགལ་པ་སྣ་ཚོགས་མི་སྲིད་པའི་ཕྱིར་རོ། །གལ་ཏེ་དོན་ལ་དེ་ལྟ་ཡིན་ཡང་ཁོ་བོ་ཅག་ནི་སློབ་དཔོན་ཐ་དད་ཀྱི་དགོངས་པ་ཐ་དད་དང་འདི་བཤད་དང་འདི་ཟེར་འབའ་ཞིག་ལྷུར་བྱེད་པས་ཐམས་ཅད་དང་དུ་ལེན་ཏོ། །ཞེ་ན། ཚིག་འབྲུ་ཙམ་ལ་ཆགས་པ་ཁྱེད་ལ་དེ་རིགས་མོད་ཀྱི་དོན་ལ་རྟོན་པ་རྣམས་ཀྱི་བཞད་གད་ཀྱི་གནས་སུུ་མ་གྱུར་རམ། དེས་ན་ཉི་ཁྲི་སྣང་བ་ནས་ཆོས་སྐད་དེ་འཁྱོར་བའི་ཕྱིར་དེ་ནི་སློབ་དཔོན་གྱི་དངོས་སློབ་ཕར་ཕྱིན་རང་ལས་མཁས་པ་མ་ཡིན་ནོ། །གལ་ཏེ་ཉི་ཁྲི་སྣང་བ་རྩོམ་པ་པོ་འདི་ལ་ནོར་པ་གཏན་ནས་མེད་ཅིང༌། འདི་འཕགས་པ་ཡང་ཡིན་ན། ཞེས་འཇུག་པར་འདོད་པའི་སློབ་དཔོན་སེང་བཟང་སོགས་དེ་དང་འགལ་བ་དུ་མ་ཅིའི་ཕྱིར་སྨྲ། ནོར་པ་དུ་མ་ཡོད་ན་འདི་འཕགས་པ་ཇི་ལྟར་ཡིན། ཚོགས་ལམ་ཆེན་པོ་ཐོབ་ནས་ཀྱང༌། དེ་བཞིན་གཤེགས་པས་དངོས་སུ་འདོམས་པར་བྱེད་ནས་དང་པོ་ཕན་ཆད་ཆོས་དང་ཆོས་ཉིད་ཀྱི་ལུགས་མངོན་སུམ་དུ་གྱུར་ཅིང་ཡང་དག་པའི་ལྟ་བ་ཐོབ་པ་ཟག་པ་མེད་པའི་ཤེས་རབ་མངའ་བ་སངས་རྒྱས་ལ་དངོས་སུ་ཆོས་གསན་པ་དེ་ཇི་ལྟར་ནོར་པ་སྨྲ་པ་འགྱུར། མདོ་རྒྱུད་ཡང་དག་གི་ཤེས་བྱེད་ངེས་པ་ཅན་མ་མཐོང་བར་སློབ་དཔོན་སེང་བཟང་གིས་འཕགས་པར་ལུང་བསྟན་པ་ཙམ་ལ་ཡང་རྟོག་དཔྱོད་ལྡན་པ་སུ་ཞིག་ཡིད་ཆེས། སློབ་དཔོན་སེང་བཟང་གིས་ནི་སློབ་དཔོན་དབྱིག་གཉེན་དངོས་སྨྲ་ཡིན་པར་ལུང་བསྟན། བཙུན་པ་གྲོལ་སྡེ་དད་པའི་ས་ལ་གནས་པར་ལུང་བསྟན། བྱང་ཆུབ་སེམས་དཔའ་རྟག་ཏུ་སྔོན་ཤེར་ཕྱིན་ཚོལ་བ་དེའི་ཚེ་ཚོགས་ལམ་བར་ལུང་བསྟན་ཏེ། སངས་རྒྱས་དང་འགལ་ལོ། །ང་འམ་ང་ལྟ་བུས་གང་ཟག་གི་ཚོད་བཟུང་གིས་གང་ཟག་གི་ཚོད་བཟུང་བར་མི་བྱ་སྟེ་གང་ཟག་གིས་གང་ཟག་གི་ཚོད་བཟུང་ན་ཉམས་པར་འགྱུར་རོ། །ཞེས་ཡང་དང་ཡང་དུ་གསུང་བཞིན་དུ་དེ་ལྟར་བྱེད་པ་དེ་སངས་རྒྱས་ཀྱི་བཀའ་བཞིན་བྱེད་པ་ཇི་ལྟར་ཡིན། སློབ་དཔོན་དབྱིག་གཉེན་ནི་དངོས་སྨྲ་མ་ཡིན་པར་ཁོ་རང་གི་གསུང་རབ་མཐོང་པས་ཤེས་སོ། ། དེས་ན་ཉི་ཁྲི་སྣང་བ་རྗེས་འབྲང་དང་བཅས་པའི་ཐོག་མཐའ་བར་གསུམ་ན་རྒྱལ་བ་རྒྱལ་ཚབ་དང་མི་མཐུན་པའི་བཤད་་་པ་མང་དུ་འདུག་པ་རྣམས་ལ་མཁས་པ་ལུང་རིགས་ལ་སྦྱངས་པ་རྣམས་ཀྱིས་བསྲེགས་བཅད་བདར་བས་གསེར་བཞིན་དུ་བརྟག་དགོས་སོ། །འདིར་ཡང་སེམས་བསྐྱེད་མདོར་བསྟན་དང་རྒྱས་བཤད་གཉིས་ཀྱི་བར་དུ་སྦྱིན་པར་བྱ་བ་དང༌། གཏོང་པ་པོ་དང༌། ལེན་པ་པོ་མི་དམིགས་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །ཞེས་པ་ནས། བཏང་སྙོམས་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་པའི་པར་གྱི་མདོ་རྣམས་བྱུང་བ་སེམས་བསྐྱེད་ཀྱི་མདོར་སྦྱར་རྒྱུ་མ་ཡིན་ཡང༌། ཉི་ཁྲི་སྣང་བ་ལ་སོགས་ཀྱིས་སྦྱར་བ་ནི་མདོ་དང་མི་འགྲིག་ཅིང༌། སྐབས་གང་དང་སྦྱར་བའི་སེམས་བསྐྱེད་དེ་དང་ཡང་མི་འགྲོགས་པར་སྣང་ངོ༌། །ཤེར་ཕྱིན་སོགས་པའི་ཆོས་ཀྱི་མངའ་བདག་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་མདོ་དེ་རྣམས་སེམས་བསྐྱེད་སྟོན་པའི་མདོར་མ་གསུངས་ཤིང༌། མདོ་དེ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྦྱོད་པ་རྣམ་པ་བཞི་སྟོན་བར་བཀྲལ་དེ། ཇི་སྐད་དུ། གནོད་འཇོམས་ལས། འདིས་ནི་སྤྱོད་པ་བཞི་བསྟན་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང༌། ཉེ་བའི་ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང༌། གནོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང༌། གོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པའོ། །ཞེས་དང༌། སྤྱོད་པ་བཞི་སྟོན་པའི་མདོ་དེ་རྣམས་ཀྱི་བཤད་པ་ཚར་ནས་སེམས་བསྐྱེད་རྒྱས་བཤད་ལ་འཇུག་པའི་ཚེ་ཡང་དེ་ཉིད་ལས། གང་སྔར་ཆོས་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་རྨོད་པས་ནི་བྱང་ཆུབ་སེམས་དཔའི་བསམ་པ་བསྟན་ཏོ། །དེ་ནི་བསམ་པ་དེ་ཉིད་ཀྱི་བསམ་པའི་རྒྱུ་དང་འབྲས་བུ་དང་བཅས་པ་ལ་སོགས་པས་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་བཞེད་ནས། ཞེས་གསུངས་པ་ལྟར་མདོ་དང་འགྲིག་ཅིང་ལེགས་པར་སྣང་ངོ༌། །དེས་ན་སེམས་བསྐྱེད་འདོད་པ་ཡིན་པ་ལ་གནོད་བྱེད་ཡང་དག་མེད་ཅིང་ཤེས་བྱེད་རྣམ་དག་ནི་ཤིན་ཏུ་མང་ངོ༌། ། དེ་རྣམས་ཀྱིས་ནི་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡུམ་གྱི་མདོ་བཞིན་དུ་བརྗོད་པ་བཤད་ཟིན་ཏོ། ། སེམས་བསྐྱེད་ཀྱི་དབྱེ་བ་མདོ་གཞན་དང་སྦྱར་ནས་བསྟན་པ། ད་ནི་དཔེའི་ཆེ་བ་ཉིད་བསྟན་པའི་ཕྱིར། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་ཀྱི་དབྱེ་བ་མདོ་གཞན་དང་སྦྱར་ནས་བསྟན་པ་ནི་འདི་ལྟ་སྟེ། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། ། རྒྱལ་པོ་མཛོད་དང་ལམ་བོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། ། རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་ཉིད་འབྱུང་བར་སྦྱར་བར་ཁུང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །དེས་ན་དེ་ཉིད་དང་སྦྱོར་བ་ནི་མདོ་དེ་ལས། དང་པོ་བྱང་ཆུབ་ཀྱི་སེམས་མི་ཟད་དང༌། གཉིས་པ་བསམ་པ་དང༌། གསུམ་པ་སྦྱོར་བ་དང༌། བཞི་པ་ལྷག་པའི་བསམ་པ་དང༌། ལྔ་པ་ནས་བཅུ་པའི་བར་དུ་སྦྱིན་སོགས་ཕར་ཕྱིན་དྲུག་མི་ཟད་པ་དང༌། བཅུ་གཅིག་པ་ཚད་མེད་པ་བཞི་དང༌། བཅུ་གཉིས་པ་མངོན་ཤེས་ལྔ་དང༌། བཅུ་གསུམ་པ་བསྡུ་བའི་དངོས་པོ་བཞི་དང༌། བཅུ་བཞི་པ་སོ་སོ་ཡང་དག་པར་རིག་པ་བཞི་དང༌། བཅོ་ལྔ་པ་རྟོན་པ་བཞི་དང༌། བཅུ་དྲུག་པ་ཚོགས་གཉིས་དང༌། བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང༌། བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང༌། བཅུ་དགུ་པ་གཟུངས་དང་སྤོབ་པ་དང༌། ཉི་ཤུ་པ་ཆོས་ཀྱི་མདོ་བཞི་དང༌། ཉེར་གཅིག་པ་བགྲོད་པ་གཅིག་པའི་ལམ་དང༌། ཉེར་གཉིས་པ་ཐབས་མི་ཟད་པ་ཞེས་རེ་རེ་ལ་ཡང་མི་ཟད་པ་རེ་རེ་སྟེ་མི་ཟད་པ་བརྒྱད་ཅུ་འབྱུང་ངོ༌། །མི་ཟད་པ་བརྒྱད་ཅུ་པོ་དེ་ཉེར་གཉིས་སུ་བསྡུས་ནས་དཔེ་ཉེར་གཉིས་དང་ལྡན་པའི་སེམས་བསྐྱེད་དང་སྦྱར་བ་འདི་ལྟ་སྟེ། གཞན་དོན་གྱི་ཕྱིར་བྱང་ཆུབ་འདོད་པ་དེ་ཡང་གི་སྒྲས་ཡུམ་ལས། གཞན་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་ཡང༌། དང་བོ་བྱང་ཆུབ་ཀྱི་སེམས་ནི་ས་དང་འདྲ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་བསམ་པ་དང་ལྡན་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕན་དང་བདེ་བའི་བསམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་སྦྱོར་བ་ལྡན་པ་ནི། ཡར་ངོ་ཚེས་པའི་ཟླ་་བ་དང་འདྲ་སྟེ། དགེ་བའི་ཆོས་འཕེལ་བར་འགྱུར་བའི་ཕྱིར་རོ། །བཞི་བ་ལྷག་པའི་བསམ་པ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཤིང་བསྣན་པའི་མེ་བཞིན་དུ་རྟོགས་པ་གོང་ནས་གོང་དུ་ཁྱད་པར་དུ་རྟོགས་ཤིང་འགྲོ་བས་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །ལྔ་པ་སྦྱིན་པའི་ཕར་ཕྱྀན་དང་ལྡན་པ་ནི། གཏེར་ཆེན་པོ་དང་འདྲ་སྟེ། ཟང་ཟིང་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང༌། མི་ཟད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རིན་ཆེན་གྱི་འབྱུང་གནས་དང་འདྲ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་ཐམས་ཅད་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕར་ཕྱིན་དང་ལྡན་པ་ནི་རྒྱ་མཚོ་དང་འདྲ་སྟེ། ཉམ་ང་བ་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པ་ནི། རྡོ་རྗེ་དང་འདྲ་སྟེ། མི་ཤིག་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ། །དགུ་པ་བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པ་ནི་རིའི་རྒྱལ་པོ་དང་འདྲ་སྟེ། གཡེང་བས་མི་གཡོ་བའི་ཕྱིར་རོ། །བཅུ་པ་ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པ་ནི་སྨན་གྱི་རྒྱལ་པོ་དང་འདྲ་སྟེ། སྒྲིབ་པ་གཉིས་གྱི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། ། བཅུ་གཅིག་པ་ཚད་མེད་བཞི་དང་ལྡན་པ་ནི་དགེ་བའི་བཤེས་གཉེན་དང་འདྲ་སྟེ་གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བའི་ཕྱིར་རོ། །བཅུ་གཉིས་པ་མངོན་ཤེས་ལྔ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་ཕྱིར་འབྲས་བུ་འབྱོར་བའི་ཕྱིར་རོ། །བཅུ་གསུམ་པ་བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ནི་ཉི་མ་དང་འདྲ་སྟེ། གདུལ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པ་ནི་དྲི་ཟའི་གླུ་དབྱངས་སྙན་པ་དང་འདྲ་སྟེ། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །བཅོ་ལྔ་པ་རྟོན་པ་བཞི་དང་ལྡན་པ་ནི་རྒྱལ་པོ་དང་འདྲ་སྟེ་ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཅུ་དྲུག་པ་ཚོགས་གཉིས་དང་ལྡན་པ་ནི་མཛོད་དང་འདྲ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལྡན་པ་ནི་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་བཞོན་པ་དང་འདྲ་སྟེ། བདེ་བླག་ཏུ་ཁྱེར་བའི་ཕྱིར་རོ། །བཅུ་དགུ་པ་གཟུངས་དང་སྦོབས་པ་དང་ལྡན་པ་ནི་བཀོད་མའི་ཆུ་དང་འདྲ་སྟེ། ཆུ་འཛིན་ཅིང་མི་ཟད་པར་འབྱིན་པ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་ཀྱི་ཚིག་དང་དོན་འཛིན་ཅིང་མི་ཟད་པར་འབྱིན་པའི་ཕྱིར་རོ། །ཉི་ཤུ་པ་ཆོས་ཀྱི་སྡོམ་བཞི་དང་ལྡན་པ་ནི་ཀུན་དགའི་སྒྲ་སྙན་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙམ་པ་ཐོབ་པར་བྱེད་པའི་ཕྱིར་རོ། །ཉེར་གཅིག་པ་བགྲོད་པ་གཅིག་པའི་ལམ་དང་ལྡན་པ་ནི་ཆུ་བོའི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བགྲོད་པ་གཅིག་པ་ཉིད་པ་ནི་ས་དེར་གཏོགས་བའི་བྱང་ཆུབ་སེམས་དཔའི་རྣམས་ཀྱི་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ། །ཉེར་གཉིས་པ་ཐབས་མཁས་པ་མི་ཟད་པ་དང་ལྡན་པ་ནི་སྤྲིན་དང་འདྲ་སྟེ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་འབྱོར་བ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར་དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ། །རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །དེ་ཕྱིར་དེ་ལྟར་ཡོན་ཏན་ཕྱུག །སེམས་ནི་དགའ་བས་ཡང་དག་བསྐྱེད། །ཅེས་གསུངས་པ་ལྟར། ས་གསེར་ལ་སོགས་་པ་ནས་སྒྲ་སྙན་ཆུ་བོ་སྤྲིན་གྱི་དཔེ་རྣམས་ཀྱིས་སེམས་བསྐྱེད་པ་རྣམས་པ་ཉི་ཤུ་རྩ་གཉིས་བསྟན་པས་སོ། །སྔར་བཤད་པའི་ཆོས་བརྒྱད་ལས་གང་གི་ཕྱིར་བརྩོན་པར་བྱ་བ་ཞེས་པ་དེ་སོང་ངོ༌། ། དེ་རྣམས་ཀྱིས་རྣམ་མཁྱེན་གྱི་སྐབས་ཀྱི་ཆོས་བཅུ་ལས་དང་པོ་སེམས་བསྐྱེད་དཔེ་དང་ཞེས་པ་བཤད་ཟིན་ཏོ། ། ༢༽གདམས་ངག་སྤྱིར་བསྟན་པ།