ཕར་ཕྱིན་མདོ་ལུགས་མ།

ད་ནི་ཐེག་པ་ལ་གསར་དུ་ཞུགས་པ་ཆོས་ཀྱི་རོ་མ་མྱོང་བས་ཡུམ་གྱི་ཆོས་སྤྱོད་ལ་བར་ཆད་ཀྱི་སྐྱོན་འབྱུང་བ་བཤད་པར་བྱ་སྟེ། སྡུད་པ་ལས། ཐེག་པ་གསར་དུ་ཞུགས་པའི་སེམས་ཅན་བློ་ཆུང་བ། །གང་ཞིག་དཀོན་པའི་རིན་ཆེན་འདི་ནི་མ་རྙེད་པ། །དེ་ལ་བར་ཆད་བྱ་ཕྱིར་བདུད་ནི་སྦྲོ་བར་འགྱུར། །ཞེས་དང༌། ཉི་ཁྲིའི་ལེའུ་སོ་གཅིག་པ་དང་སོ་གཉིས་པའི་སྐབས་ན་རིགས་ཀྱི་བུ་དང་བུ་མོ་བླ་མེད་བྱང་ཆུབ་ཏུ་སྦྱོད་པ་ལ་བར་ཆད་ཇི་ལྟ་བུ་མཆིས་ཞེས་སོགས་ཀྱི་དོན་སྐྱོན་ནི་བཅུ་ཚན་བཞིར་བཅས་པ། དྲུག་ཏུུ་ངེས་པ་རྟོགས་པར་བྱ། ཞེས་པའི་སྐྱོན་འདི་དག་སྦྱོར་བའི་སྐྱོན་ཏུ་འཆད་པ་ནི་མདོ་དང་མི་མཐུན་ཏེ། མདོ་ལས། ཆོས་སྤྱོད་ཐམས་ཅད་ཀྱི་བར་ཆད་དུ་གསུངས་ཤིང་ཁྱད་པར་དཔོན་སློབ་མི་འགྲིག་པ་ཇི་སྙེད་འབྱུང་བ་ཐམས་ཅད་འཆད་ཉན་གྱི་སྐྱོན་དུ་གསུངས་བའི་ཕྱིར་རོ། ། དེས་ན་སྤོབས་པ་ཧ་ཅང་འཕྱིས་པ་དང༌། ཧ་ཅང་མྱུར་བ་དང༌། གླལ་བ་དང༌། རྒོད་པ་དང༌། ཕན་ཚུན་སྡིགས་པ་དང༌། གཡོ་བ་དང་ཡི་གེ་གཞན་ལ་ཆགས་པ་དང༌། འདིའི་རོ་མ་མྱོང་ནས། སྟན་ལས་ལངས་ཏེ། འགྲོ་བ་དང༌། གླལ་ཞིང་ལུང་འབོག་པ་ལ་སོགས་པ་ཆོས་སྦྱོད་པའི་བར་ཆད་གྱི་སྐྱོན་ནི་བཅུ་ཚན་བཞི་སྟེ། བཞི་བཅུར་བཅས་པའི་སྟེང་དུ་དྲུག་དང་བཞི་བཅུ་རྩ་དྲུག་དུ་ངེས་པར་རྟོགས་པར་བྱ་ཞིང་སྤངས་པར་བྱའོ། །བདུད་ལས་འདི་རྣམས་མ་སྤྲན་ན་སྐྱོན་གྱི་དབང་དུ་འགྲོ་ཞིང་སྤྲན་ན་མི་འགྲོ་བའི་གདུལ་བྱ་ལ། སངས་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱི་བྱ་བ་བདུད་ལས་སྤྲན་པར་མཛད་པ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། སྤང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱིས་སྐྱོན་ནི་ཞེས་པ་དེ་བཤད་ཟིན་ཏོ། ། ༦༽མཚན་ཉིད་བཤད་པ། ༡ མདོར་བསྟན་པ། ད་ནི་མཚན་ཉིད་བཤད་པར་བྱ་སྟེ། བསྡུས་ཏེ་མདོར་བསྟན་པ་དང༌། ཕྱེ་སྟེ་རྒྱས་པར་བཤད་པ་གཉིས་ལས། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་དེ་ཡང་རྣམ་པ་གསུམ། །ཤེས་པ་ཁྱད་པར་བྱེད་པ་སྟེ། །ངོ་བོ་ཉིད་གང་དང༌། ཞེས་པ་ལ་ཆོས་གང་གིས་མཚན་གཞི་གང་མཚོན་པར་བྱེད་པ་དེ་མཚོན་བྱ་དེའི་མཚན་ཉིད་དུ་ཤེས་པར་བྱའོ། །འདིར་མཚོན་བྱ་དེ་ཡང་རྣམ་པ་གསུམ་ཡོད་པ་ནི་ཤེས་པ་དང༌། ཁྱད་པར་དང་བྱེད་པ་སྟེ། མཚོན་བྱའོ། །མཚན་ཉིད་བཞི། གང་གིས་ངོ་བོ་ཉིད་དུ་མཚོན་པ་གང་ཡིན་པ་དེ་ཡང་མཚོན་བྱ་བཞི་པར་བཞེད་པ་ཡིན་ནོ། །མཚན་ཉིད་འདི་དག་སྦྱོར་བའི་མཚན་ཉིད་དུ་འཆད་པ་ནི་བྱམས་མགོན་དང་དངོས་སུ་འགལ་ཞིང་མདོ་དང་མི་མཐུན་ལ། རྟོག་དཔྱོད་མི་ལྡན་རྣམས་རྨོངས་པར་བྱེད་པས་བཤད་པར་བས་སོ། །བྱམས་པ་མགོན་པོས་ནི་མཚན་ཉིད་བཞི་པོ་འདི། མཚོན་བྱ་བཞི་པོ་ཤེས་པ་དང༌། ཁྱད་པར་དང༌། བྱེད་པ་དང༌། ངོ་བོ་ཉིད་ཡིན་པར་ཤིན་ཏུ་གསལ་བར་གསུངས་པ་དེ་བོར་ནས། འདི་དག་སྦྱོར་བའི་མཚན་ཉིད་ཏུ་སྟོན་པ་དེ་རིགས་སམ་ཤེས་ལྡན་དག རྒྱལ་བ་རྒྱལ་ཚབ་དག་ལ་ཡིད་ཆེས་པར་གྱིས་ལ་རྟོག་དཔྱོད་མཛོད་ཅིག ཁོ་བོ་ནི་སངས་རྒྱས་དང་ས་བཅུ་པ་རྣམས་དང༌། མི་མཐུན་ན་སུ་ལ་ཡང་ཡིད་རྟོན་པ་མ་ཡིན་ནོ། ། ༢ མཚན་ཉིད་རྒྱས་པར་བཤད་པ། ༡ ཤེས་མཚན་རྒྱས་པར་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ཤེས་པའི་མཚན་ཉིད་རྒྱས་པར་བཤད་པ་ནི། འབྲས་བུའི་མཁྱེན་པ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པའི་མཚན་ཉིད་སྟོན་པ་ལ། དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་ཤེས་པ་འམ་མཁྱེན་པའི་མཚན་ཉིད། མདོ་ལས། སངས་རྒྱས་རྣམས་ལ་ལྷག་པར་བྱ་ཞེས་སོགས་ཀྱིས་བསྟན་པའི་སྣོད་ལྡན་གྱིས་ཤེར་ཕྱིན་ལ་སློབ་པའི་ཚེ། བདུད་ལས་ཀྱིས་མི་ཚུགས་པའི་རྒྱུ་བྱང་ཆུབ་སེམས་དཔའ་དང་ཤེར་ཕྱིན་ལ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་ཤིང་གཅེས་སྤྲས་ཀྱི་སྒོ་ནས་བསྲུང་བ་དང༌། སངས་རྒྱས་ཐམས་ཅད་ཤེར་ཕྱིན་ལ་གཅེས་སྤྲས་མཛད་པའི་རྒྱུ་མཚན་ཤེར་ཕྱིན་གྱིས་དེ་བཞིན་གཤེགས་པའི་ངོ་བོར་གྱུར་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པ་དང་འཇིག་རྟེན་སྟོན་པ་དང༌། ཤེར་ཕྱིན་ལ་བརྟེན་ནས་སེམས་ཅན་ཀྱི་སེམས་དང་སྤྱོད་པ་མཁྱེན་པ་ཞེས་སོགས་ཀྱི་དོན། དེ་བཞིན་གཤེགས་པ་འབྱུང་བ་དང༌། །འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། ། དེ་བསྡུས་པ་དང་ཕྱིར་བལྟས་དང༌། །མི་ཟད་པ་ཡི་རྣམ་པ་དང༌། །ཆགས་བཅས་སོགས་དང་རྒྱ་ཆེན་དང༌། ཆེན་པོར་གྱུར་པ་ཚད་མེད་དང༌། །རྣམ་ཤེས་བསྟན་དུ་མེད་པ་དང༌། །སེམས་ལྟར་མེད་དང་ཤེས་པ་དེ། །གཡོ་བ་ལ་སོགས་ཞེས་བྱ་དང༌། དེ་ལས་གཞན་ཡང་དེ་དག་ནི། །དེ་བཞིན་ཉིད་ཀྱི་རྣམ་པར་ཤེས། །ཐུབ་པས་དེ་བཞིན་ཉིད་རྟོགས་ཏེ། །གཞན་ལ་བསྟན་པ་ཞེས་བྱ་འདི། །ཐམས་ཅད་ཤེས་པ་ཉིད་སྐབས་ཀྱི། །ཤེས་པའི་མཚན་ཉིད་བསྡུས་པ་ཡིན། །ཞེས་པ་ལ། དེ་བཞིན་གཤེཊ་པ་འབྱུང་བ་དང༌། །ཞེས་པ་ནས་འཇིག་རྟེན་འདུ་ཤེས་འགོག་པ་ལ། །ཞེས་པའི་བར་གྱི་མདོ་དང་བསྟན་བཅོས་སུ་བསྐྱེད་པ་དང༌། སྟོན་པ་དང་རྟོགས་པ་དང༌། བརྗོད་པར་མཛད་པ་དང༌། སངས་རྒྱས་པ་དང༌། ཐུགས་སུ་ཆུད་པ་དང༌། བྱས་པ་གཟོ་བ་དང་དགོངས་པ་དང་ཤེར་ཕྱིན་ལ་བརྟེན་པ་དང་ཤེས་པ་ཞེས་པ་རྣམས་འབྱུང་བ་ཐམས་ཅད་ནི་མཁྱེན་པའི་རྣམ་གྲངས་སོ། །འདིར་ཤེར་ཕྱིན་ནི་ཆོས་ཀྱི་དབྱིངས་ཡིན་ལ་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་ལ་དེ་བཞིན་གཤེགས་པ་བསྐྱེད་ཅེས་པའི་ཐ་སྙད་མཛད་དོ། །ངེས་ན་ཤེར་ཕྱིན་དང་ཆོས་ཀྱི་དབྱིངས་དང་དེ་བཞིན་གཤེགས་པ་གསུམ་གཅིག་གོ །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་བཞིན་གཤེགས། །ཞེས་དང༌། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དང་ཤེར་ཕྱིན་བདུན་བརྒྱ་པར་ཡང་འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་སོ་ཞེས་སོགས་ཤེས་བྱེད་མང་པོས་སོ། །དེས་ན་ཤེར་ཕྱིན་ཟབ་མོའི་ཆོས་ཀྱི་དབྱིངས་ནི་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར། དུས་གསུམ་གྱི་རྒྱལ་བས་དེ་ལ་བསླབས་ནས་འབྲས་བུའི་མཁྱེན་པ་གསུམ་གྱི་ངོ་བོ་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་ཤིང་མཁྱེན་པ་འདི་བརྙེས་སོ། །བརྙེས་པར་འགྱུར་རོ། ། དེ་ལ་ཚིག་གི་དོན་ནི་རྒྱལ་པ་ཀུན་གྱི་ལམ་དེ་ལ་བསླབས་པས་ཆོས་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་དེ་བཞིན་གཤེགས་པ་བྲལ་བའི་འབྲས་བུ་འབྱུང་ཞིང་ཆོས་ཐམས་ཅད་མཁྱེན་པ་ཉིད་དང༌། བཏགས་པའི་དངོས་པོ་ཐམས་ཅད་དེ་བཞིན་གཤེགས་པ་ལ་མི་སྣང་བས་ཕུང་པོ་ལྔའི་འཇིག་རྟེན་གྱི་ཡིན་ལུགས་འཇིག་པ་མེད་པའི་བདག་ཉིད་དུ་མཁྱེན་པ་དང༌། སོ་སོ་སྐྱེ་བོས་ཇི་ལྟར་ཞེན་པའི་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་དེ་བཞིན་གཤེགས་པ་ལ་སྣང་མི་སྲིད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པའི་གཤིས་ལུགས་ཡང་དག་པ་ཆོས་ཤིན་ཏུ་གནས་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་དང༌། དངོས་པོ་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སེམས་ཅན་གྱི་སེམས་དེ་ནང་དུ་བསྡུས་པའི་གནས་ལུགས་དང༌། ཕྱིར་བལྟ་སྟེ་སྤྲོས་པའི་གཤིས་ཀྱི་ངོ་བོ་དང༌། སྡུས་སྤྲོས་དེ་དག་གི་གཤིས་ལུགས་རྣམ་པར་མི་རྟོགས་པའི་དབྱིངས་མི་ཟད་པའི་རྣམ་པ་དང༌། འདོད་ཆགས་དང་བཅས་པ་དང་ལ་སོགས་པ་ཞེ་སྡང་དང་གཏི་མུག་དང་བཅས་པ་དང༌། དེ་དག་དང་བྲལ་བའི་སེམས་ཀྱི་ཡིན་ལུགས་དང༌། ཕ་རོལ་གྱི་སེམས་རྒྱ་ཆེན་པོ་དང་སེམས་ཆེན་པོར་གྱུར་པ་དང༌། སེམས་ཚད་མེད་པ་དང༌། རྣམ་ཤེས་ཀྱི་སེམས་བསྟན་དུ་མེད་པ་དང༌། སེམས་དེ་དག་གི་དངོས་པོ་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ་མི་སྣང་བའི་ཕྱིར། སེམས་བལྟར་མེད་པ་སྟེ། དངོས་པོར་ཞེན་པའི་བློས་བཏགས་པ་ཙམ་མ་གཏོགས་པ་གཤིས་ལ། དངོས་པོ་མེད་པའི་སེམས་དེ་དག་གི་ཡང་དག་པ་ཉིད་ཇི་ལྟ་བ་བཞིན་དུ་དངོས་པོ་མེད་པར་མཁྱེན་པ་དང༌། ཤེས་པ་དེ་གཡོ་བ་ལ་སོགས་ཞེས་བྱ་དང༌། ཞེས་པ་འདིས་མི་སྟེགས་ཅན་གྱི་རྟག་ཆད་ཀྱི་ལྟ་བ་སྟོན་ཏེ། དེ་ཡང་སྒྲོ་སྐུར་གཉིས་སོ། །ཁྲི་བརྒྱད་སྟོང་པར་འགྱུར་འདི་དང་མཐུན་པར་བྱུང་ལ། ཉི་ཁྲི་ལ་སོགས་སུ་འཕྲོ་བ། འདུུ་བ་བཀྲམ་པ་བཅུམ་པ་ཞེས་བྱ་བ་བཞི་བྱུང་ངོ༌།། དེ་ལ་ལྷག་པར་གཡོ་བ་རྟག་ལྟ་དང༌། བྲལ་བར་གཡོ་བ་ཆད་ལྟ་སྟེ་སྒྲོ་སྐུར་གཉིས་སོ། །བདག་དང་འཇིག་རྟེན་རྟག་ཅེས་ལྟ་བ་ནི་འཕྲོ་བ་དང༌། མི་རྟག་ཅེས་ལྟ་བ་ནི་འདུ་བ་དང༌། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ལ་ལྟ་བ་ནི་བཀྲམ་པ་དང༌། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་ལྟ་བ་ནི་བཅུམ་པའོ། །དེ་བཞིན་དུ་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་མི་ལྡན་པ་དང་ལྡན་ཡང་མི་ལྡན་ཡང་མི་ལྡན་པ་དང༌། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དང༌། དེ་བཞིན་དུ་དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པ་དང༌། མེད་པ་དང༌། ཡོད་ཀྱང་ཡོད་མེད་ཀྱང་མེད་པ་དང༌། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང༌། ལུས་སྲོག་དང་ལྡན་པ་དང༌། ལུས་གཞན་ལ་སྲོག་ཀྱང་གཞན་ཞེས་པ་སྟེ། སྔོན་གྱི་མཐའ་ལ་བརྟེན་པ་ཅན་དང༌། ཕྱི་མའི་མཐའ་ལ་བརྟེན་པ་བཞི་དང༌། དེ་བཞིན་གཤེགས་པ་ལ་རྟེན་པ་བཞི་དང༌། ལུས་སྲོག་ལ་རྟེན་པ་གཉིས་ཏེ། རྟག་ཆད་ཀྱི་ལྟ་བ་དེ་དག་ཕུང་པོ་ལྔ་ལ་བདག་ཏུ་ཞེན་ཅིང་གནས་པའོ། །ཞེས་རབ་དུ་མཁྱེན་པ་དང༌། དེ་ལྟར་མཁྱེན་པ་དེ་ལས་གཞན་ཡང་གཡོ་བའམ་འཕྲོ་བ་ལ་སོགས་དེ་དག་གི་གནས་ལུགས་ནི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་གྱི་རྣམ་པར་མཁྱེན་ཅིང་ཤེས་སོ། །མདོར་ན་ཐུབ་པའི་སྣོད་བཅུད་ཐམས་ཅད་གྱི་གཤིས་ལུགས་དེ་བཞིན་ཉིད་ཇི་ལྟ་བ་བཞིན་མཁྱེན་ཅིང་རྟོག་པ་དེ་སེམས་ཅན་གཞན་ལ་བསྟན་པ་ཞེས་བྱ་བ་འདི། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཀྱི་མཁྱེན་པ་འམ་ཤེས་པའི་མཚན་ཉིད་དེ་དོན་ཐམས་ཅད་བསྡུས་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཐོང་བ་རྣམ་པར་དག་པས་དངོས་པོའི་འཇིག་རྟེན་གང་ཡང་མི་གཟིགས་ལ། དངོས་པོ་མེད་པའི་སྣོད་བཅུད་སྒྱུ་མ་ལྟ་བུ་ནི་འཇིག་རྟེན་གྱི་གནས་ལུགས་ཆོས་ཉིད་ཡིན་པས། དེ་ཐུགས་སུ་ཆུད་ཅིང་མཁྱེན་པ་ལ་འཇིག་རྟེན་མཁྱེན་པ་ཞེས་གསུངས་སོ། །དེ་རྣམས་ཉི་ཁྲིའི་ལེའུ་སོ་གཉིས་པའི་སྐབས་ནས་སྟོན་ནོ། །གཉིས་པ་སངས་རྒྱས་ཀྱི་སའི་ལམ་ཤེས་ཀྱི་སྐབས་ཀྱི་མཁྱེན་པའི་མཚན་ཉིད་ནི། མདོ་ལས། ཤེར་ཕྱིན་ཟབ་མོ་འདི་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུ་བྱ་བ་མེད་པ་དང༌། སྐྱེ་འགག་མེད་པ་དང༌། ཉོན་མོངས་རྣམ་བྱང་མེད་པའི་མཚན་ཉིད་དོ། །ཞེས་སོགས་ཀྱི་དོན་སྟོང་ཉིད་མཚན་མ་མེད་པ་དང༌། སྨོན་པ་རྣམ་པར་སྤངས་པ་དང༌། །སྐྱེ་མེད་འགག་པ་མེད་སོགས་དང༌། །ཆོས་ཉིད་རྣམ་པར་འཁྲུལ་མེད་དང༌། །འདུ་མི་བྱེད་དང་རྣམ་མི་རྟོག །རབ་དབྱེ་མཚན་ཉིད་མེད་ཉིད་ལ། །ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི། །ཤེས་པའི་མཚན་ཉིད་ཡིན་པར་བཞེད། །ཅེས་པ་འདི་རྣམས་ཉི་ཁྲིའི་ལེའུ་སོ་གསུམ་པའི་སྐབས་ན་སྟོན། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་ནི་ཡུལ་ཅན་ཐུབ་པའི་ཡེ་ཤེས་ཀྱི་ཡུལ་བདེན་གཉིས་ཀྱི་གནས་ལུགས་ཇི་ལྟར་མཁྱེན་པའི་ཚུལ་བསྟན་ཅིང༌། འདིར་མཁྱེན་པའི་ཡེ་ཤེས་དེ་ཆོས་གང་གི་རང་བཞིན་ནམ་བདག་ཉིད་ཡིན་ཚུལ་སྟོན་ནོ། །དེས་ན་མཁྱེན་པའི་ཡེ་ཤེས་དེའི་ངོ་བོ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། མཚན་མ་མེད་པའི་ཡེ་ཤེས་དང༌། སྨོན་པ་རྣམ་པར་སྤངས་པའི་ཡེ་ཤེས་དང༌། འདུ་བྱ་བ་མེད་པའི་ཡེ་ཤེས་དང༌། །སྐྱེ་བ་མེད་པའི་ཡེ་ཤེས་དང༌། འགག་པ་མེད་པའི་ཡེ་ཤེས་དང༌། ལ་སོགས་པ་ཉོན་མོངས་རྣམ་བྱང་དང༌། དངོས་པོ་མེད་པའི་ཡེ་ཤེས་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཡེ་ཤེས་དང༌། མི་གནས་པ་དང་ནམ་མཁའི་མཚན་ཉིད་ཀྱི་ཡེ་ཤེས་ཏེ། སྐྱེ་འགག་མེད་པའི་ཡེ་ཤེས་འདི་ནི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ཡིན་ནོ། །ཆོས་ཉིད་ཀྱི་ཡེ་ཤེས་འདི་སྟོང་ཉིད་དང་མཚན་མེད་ལ་སོགས་པའི་མཚན་ཉིད་དམ་ངོ་བོ་ལས་གཞན་དུ། ལྷ་མིར་བཅས་པའི་འཇིག་རྟེན་གྱིས་བསྒྱུར་ཅིང་རྣམ་པར་འཁྲུགས་པར་བྱར་མེད་པ་དང༌། ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་དམ། ངོ་བོ་དེ་དག་གཟུགས་སོགས་ཀྱིས་འདུས་བྱས་པ་མ་ཡིན་པས་ཆོས་གང་གིས་ཀྱང་ཡེ་ཤེས་འདུ་མི་བྱེད་པ་དང༌། མཁྱེན་པའི་ཡེ་ཤེས་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པར་འཇུག་ཅིང༌། སངས་རྒྱས་ནས་དེ་བཞིན་གཤེགས་པས་ངེས་བདེན་གཉིས་ཀྱིས་བསྡུས་པའི་མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་པ་དང༌། ཀུན་རྫོབ་ཀྱི་མཚན་ཉིད་ཐམས་ཅད་ཡིན་ལུགས་ལ་མེད་པར་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་པ་གང་ཡིན་པ་དེ་ཉིད་ལ། ལམ་ཤེས་ཉིད་ཀྱི་སྐབས་ཀྱི་ནི་ཤེས་པ་འམ། མཁྱེན་པའི་མཚན་ཉིད་དེ་ངོ་བོ་ཡིན་པར་བཞེད་པ་ཡིན་ནོ། ། གསུམ་པ་སངས་རྒྱས་ཀྱི་སའི་རྣམ་མཁྱེན་གྱི་ཚུལ་མཁྱེན་པའི་མཚན་ཉིད་ནི། མདོ་ལས། སངས་རྒྱས་ཀྱི་ཤེར་ཕྱིན་འདི་ལ་རྟེན་ཅིང་སྤྱོད་དོ། །ཞེས་སོགས་ཀྱི་དོན། དེ་ནི་ཉིད་ཀྱི་ཆོས་བརྟེན་ནས། །གནས་དང་གུས་པར་བྱ་བ་དང༌། །བླ་མ་ཉིད་དང་མཉེས་པ་དང༌། །དེ་ལ་མཆོད་དང་བྱེད་མེད་དང༌། །ཀུན་ཏུ་འཇུག་མཁྱེན་གང་ཡིན་དང༌། །མ་མཐོང་སྟོན་པར་མཛད་པ་དང༌། །འཇིག་རྟེན་སྟོང་ཉིད་རྣམ་པ་དང༌། །བརྗོད་དང་ཤེས་མཛད་མངོན་སུམ་མཛད། བསམ་མི་ཁྱབ་དང་ཞི་ཉིད་སྟོན། །འཇིག་རྟེན་འདུ་ཤེས་འགོག་པ་ལ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །ཤེས་པའི་མཉམ་ཉིད་ཅེས་བཤད་དོ། །ཞེས་པ་ལ་སངས་རྒྱས་དེ་ནི་རང་ཉིད་ཀྱི་ཆོས་ཤེར་ཕྱིན་ལ་བརྟེན་ནས་བྱས་པ་མཁྱེན་པར་གནས་པ་དང༌། ཤེར་ཕྱིན་ལ་གུས་པར་བྱ་བ་རིམ་གྲོ་དང༌། བླ་མ་ཉིད་བཀུར་སྟི་དང༌། མཉེས་པ་སྟི་སྟང་དང༌། ཤེར་ཕྱིན་དེ་ལ་མཆོད་པ་མཛད་པ་ནི་བྱས་པ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཐམས་ཅད་བྱེད་པ་མེད་པར་མཁྱེན་པ་དང་མཁྱེན་པའི་ཡེ་ཤེས་བྱས་པ་མེད་པར་ཆོས་ཀུན་ཏུ་འཇུག་ཅིང་ཞུགས་པའི་མཁྱེན་པ་གང་ཡིན་པ་དང༌། གཟུགས་སོགས་དངོས་པོའི་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར་གཤེས་ལུགས་ཐམས་ཅད་སྟོན་ཅིང་མཁྱེན་པར་མཛད་པ་དང༌། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་མཁྱེན་པ་དང༌། འཇིག་རྟེན་སྟོང་པར་བརྗོད་པ་མཛད་པའི་མཁྱེན་པ་དང༌། འཇིག་རྟེན་སྟོང་བར་ཤེས་པ་མཛད་པའི་མཁྱེན་པ་དང༌། འཇིག་རྟེན་ན་དངོས་པོ་ཐམས་ཅད་ཀྱིས་སྟོང་པར་མངོན་སུམ་དུ་མཛད་པའི་མཁྱེན་པ་དང༌། འཇིག་རྟེན་བསམ་གྱིས་མི་ཁྱབ་པར་སྟོན་པ་སྟེ་མཁྱེན་པ་དང༌། འཇིག་རྟེན་ཞི་བ་ཉིད་དུ་སྟོན་པ་དང་མཁྱེན་པ་དང༌། འཇིག་རྟེན་འདི་དང་ཕ་རོལ་གྱི་འདུ་ཤེས་འགོག་པའི་ཡེ་ཤེས་དེ་ཉིད་ལ། སངས་རྒྱས་ཀྱི་རྣམ་པ་ཀུན་མཁྱེན་པའི་ཚུལ་ལ། ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་དམ་ངོ་བོ་ཡིན་ཞེས་བཤད་པ་ཉིད་དོ། །དེ་རྣམས་ཀྱིས་ནི་གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་སྤངས་པའི་དེ་བཞིན་ཉིད་སངས་རྒྱས་ཀྱིས་ས་སྡུད་པའི་མཁྱེན་པ་གསུམ་གྱི་ངོ་བོ་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པའི་མཚན་ཉིད་དམ་རང་བཞིན་བཤད་ཟིན་ཏོ། ། ༢ ཁྱད་མཚན་རྒྱས་པར་བཤད་པ། ད་ནི་གཉིས་པ་འབྲས་བུའི་མཁྱེན་པ་གསུམ་དེ་ཐོབ་བྱེད་ཀྱི་ལམ་ཁྱད་པར་ཅན་གྱི་ཁྱད་པར་གྱི་མཚན་ཉིད་བཤད་པ་ལ་བསྟན་པ་དང་བཤད་པ་གཉིས་ལས་དང་པོ། །བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཁྱད་ཞུགས་བདེན་པའི་སྦྱོད་ཡུལ་ཅན། །སྐད་ཅིག་མ་ནི་བཅུ་དྲུག་གིས། །ཁྱད་པར་མཚན་ཉིད་བཤད་པ་ཡིན། །ཞེས་པ་ལ་སངས་རྒྱས་ཀྱི་དོན་བསམ་གྱིས་མི་ཁྱབ་པའི་དོན་དུ་ཉེ་བར་གནས་པ་ལ་སོགས་པ་ཁྱད་པར་དུ་བྱེད་པའི་ཆོས་རྣམས་ཀྱིས་ཁྱད་བཞུགས་པའི་ཐེག་ཆེན་གྱི་ལམ། བདེན་པ་བཞིའི་ཡུལ་ལ་སྤྱོད་པའི་ཡུལ་ཅན་གྱི་སྐད་ཅིག་མ་ནི་བཅུ་དྲུག་མདོ་ལས་བཤད་པ་དག་གིས་ཐེག་དམན་ཀྱིས་ལམ་ལས་ཁྱད་པར་དུ་བྱེད་པའི་ཆོས་ཀྱི་མཚན་ཉིད་དམ་རང་བཞིན་བཤད་པ་ཡིན་ནོ། ། གཉིས་པ་སྐད་ཅིག་མ་བཅུ་དྲུག་རྒྱས་པར་བཤད་པ་ནི། མདོ་ལས་ཤེར་ཕྱིན་འདི་སངས་རྒྱས་ཀྱི་དོན་བསམ་གྱིས་མི་ཁྱབ་པ་དང་མི་མཉམ་པ་དང་མཉམ་པ་དང་གཞལ་དུ་མེད་པ་དང༌། བགྲང་དུ་མེད་པའི་དོན་དུ་ཉེ་བར་གནས་ཞེས་སོགས་ཀྱི་དོན། བསམ་མི་ཁྱབ་དང་མི་མཉམ་དང༌། གཞལ་དང་བགྲང་ལས་ཡང་དག་འདས། །འཕགས་པ་ཀུན་སྡུད་མཁས་པ་ཡིས། །རིག་བྱ་ཐུན་མོང་མིན་ཤེས་ཉིད། །མྱུར་ཤེས་བྲི་དང་གང་མེད་དང༌། །སྒྲུབ་དང་ཡང་དག་འགྲུབ་པ་དང༌། །དམིགས་པ་རྟེན་དང་བཅས་པ་དང། །མཐའ་དག་པ་དང་ཡོངས་འཛིན་དང༌། །རོ་མྱང་མེད་དང་ཁྱད་པར་ནི། ། བཅུ་དྲུག་བདག་ཉིད་ཤེས་བྱ་སྟེ། །གང་གིས་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་འཕགས་ལམ། །ཞེས་པ་ལ་ཐེག་ཆེན་གྱི་མཐོང་ལམ་འདི་ནི་སངས་རྒྱས་ཀྱི་དོན་བསམ་གྱིས་མི་ཁྱབ་པ་དང༌། མི་མཉམ་དང་མཉམ་པ་དང་གཞལ་བ་ལ་འདས་པ་དང༌། བགྲང་བ་ལ་འདས་པའི་དོན་དུ་ཉེ་བར་གནས་པ་སྟེ། དེ་ལྟར་ཉེ་བར་གནས་པའི་ཁྱད་པར་བཞི་ནི་སྡུག་བསྔལ་གྱི་བདེན་པའི་ཡུལ་ཅན་གྱི་སྐད་ཅིག་མ་བཞིའོ། །འདི་ནི་ཉི་ཁྲིའི་ལེའུ་སོ་བཞི་པ་ལས་སྟོན་ནོ། །ཤེར་ཕྱིན་ཟབ་མོ་ནི་ཕར་ཕྱིན་ལྔ་ནས་རྣམ་མཁྱེན་གྱི་བར་ཁྱད་པར་དུ་འཕགས་པའི་ཆོས་ཀུན་སྡུད་པའི་དང༌། མཁས་ཤིང་འཛངས་པ་ཡིས་རིག་པར་བྱ་བའི་དང༌། ཐེག་ཆེན་ལམ་འདིའི་སྤང་རྟོགས་ནི། ཉན་རང་གི་སྤང་རྟོགས་ཐུན་མོང་མ་ཡིན་པར་ཤེས་པའི་དང༌། ལམ་འདི་ལ་སློབ་པ་དེ་མྱུར་དུ་ངེས་པར་འབྱུང་བར་ཤེས་པར་བྱ་བའི་ཁྱད་པར་དེ་བཞི་ནི། ཀུན་འབྱུང་གི་བདེན་པའི་ཡུལ་ཅན་གྱི་སྐད་ཅིག་མ་བཞིའོ། །འདི་ལ་བསླབས་ཤིང་དུས་གསུམ་གྱི་འཕགས་པ་ཀུན་འབྱུང་ཡང་ཤེར་ཕྱིན་གྱི་ལམ་འདི་ལ་བྲི་བ་མེད་བ་དང་གང་བ་མེད་པའི་དང༌། སྔོན་ལམ་འདི་ལ་གོམས་པའི་བག་ཆགས་ཀྱིས་འདིར་ཡང་འགྲོ་འོང་ལ་སོགས་པའི་གནས་སྐབས་ཐམས་ཅད་དུ་རྒྱུན་མ་འཆད་པར་རྩེ་གཅིག་པའི་ཡིད་ཀྱིས་ལམ་འདི་སྒྲུབ་པའི་དང༌། བླ་མེད་པའི་བྱང་ཆུབ་ཡང་དག་པར་འགྲུབ་པའི་དང༌། གྲུ་ཞིག་པ་ཤིང་དུམ་ལ་བརྟེན་པ་དང༌། བུམ་པ་སོ་བཏང་པའི་དཔེ་གཉིས་ཀྱིས་ཉན་རང་གི་ས་གཉིས་ལས་འདའ་བའི་སླད་དུ་ཤེར་ཕྱིན་ལ་ལྷག་པའི་དམིགས་པའི་ཁྱད་པར་དེ་བཞི་ནི་འགོག་པའི་བདེན་པའི་ཡུལ་ཅན་གྱི་སྐད་ཅིག་མ་བཞིའོ། །གྲུ་ལེགས་པར་བཅོས་པ་དང༌། མི་རྒད་པོ་སྐྱེས་བུ་གཉིས་ལ་རྟེན་པའི་གཉིས་ཀྱིས་ཤེར་ཕྱིན་དང་ཐབས་མཁས་པ་གཉིས་ཀྱིས་རྟེན་དང་བཅས་པས་ས་གཉིས་ལས་འདའ་བའི་དང༌། ཤེར་ཕྱིན་ནི་ཕ་རོལ་གྱི་མཐར་ཕྱིན་པས་མཚན་འཛིན་གྱིས་ཕ་རོལ་གྱི་མཐའ་རྣམ་པར་དག་པའི་དང༌། ཤེར་ཕྱིན་ཟབ་མོ་སྟོན་པའི་ཡོངས་སུ་འཛིན་བསྟེན་པའི་དང༌། ཐམས་ཅད་ལ་འདོད་པ་མེད་པས་ཆོས་ཐམས་ཅད་ལ་རོ་མྱང་བ་མེད་པའི་ཁྱད་པར་དེ་བཞི་ནི་ལམ་གྱི་བདེན་པའི་ཡུལ་ཅན་གྱི་སྐད་ཅིག་མ་བཞིའོ། །དེ་ལྟར་ཐེག་ཆེན་མཐོང་བའི་ལམ་ལ་ཁྱད་པར་གྱི་ཆོས་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་སྟེ། ཁྱད་པར་གྱི་ཆོས་གང་གིས་བྱང་ཆུབ་སེམས་དཔའི་ལམ་ནི་གཞན་ཉན་རང་དག་གི་ལམ་ལས་ཆོས་བཅུ་དྲུག་གིས་ཁྱད་པར་དུ་འཕགས་པས་ཉན་རང་ལས་ཁྱད་པར་ཆེ་བའི་ལམ་ཡིན་ནོ། །འདིར་ཐེག་ཆེན་གྱི་མཐོང་ལམ་ཁྱད་འཕགས་སུ་བསྟན་པས་སྒོམ་ལམ་ཁྱད་འཕགས་སུ་དོན་གྱིས་གོ་བ་ཡིན་ནོ། །དེ་རྣམས་ཉི་ཁྲིའི་ལེའུ་སོ་བཞི་པ་དང༌། སོ་ལྔའི་སྐབས་ནས་ཀྱང་སྟོན་ནོ། །དེ་རྣམས་ཀྱིས་ལམ་གྱི་ཁྱད་པར་དུ་བྱེད་ཆོས་ཀྱི་ངོ་བོ་འམ་མཚན་ཉིད་བཤད་ཟིན་ཏོ། ། ༣ བྱེད་མཚན་རྒྱས་པར་བཤད་པ། ད་ནི་ཐེག་ཆེན་གྱི་ལམ་དེའི་བྱེད་པའི་མཚན་ཉིད་དམ་རང་བཞིན་བཤད་པར་བྱ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་ལས་ཕན་པ་དང་བདེ་བ་དང་མགོན་དང་སྐྱབས་སུ་འགྱུར་བར་བྱའོ་ཞེས་བླ་མེད་བྱང་ཆུབ་ཏུ་ཞུགས་སོ་ཞེས་སོགས་ཀྱི་དོན། ཕན་དང་བདེ་དང་སྐྱོབ་པ་དང༌། །མི་རྣམས་ཀྱིས་ནི་སྐྱབས་དག་དང༌། །གནས་དང་དཔུང་གཉེན་གླིང་དང་ནི། །ཡོངས་འདྲེན་པ་ཞེས་བྱ་བ་དང༌། །ལྷུན་གྱིས་གྲུབ་དང་ཐེག་གསུམ་གྱི། །འབྲས་བུ་མངོན་སུམ་མི་བྱེད་བདག །ཐ་མ་རྟེན་གྱི་མཛད་པ་སྟེ། །འདི་ནི་བྱེད་པའི་མཚན་ཉིད་ཡིན། །ཞེས་པ་ལ་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་ཞེས་པའི་དོན་ལམ་ཤེས་ཀྱི་བྱེད་པ་དགུ་འདི་ནས་གསུངས་སོ། །དེ་ལ་སེམས་ཅན་འགྲོ་བ་རྒྱུད་ལྔ་ནས་བཏོན་ཅིང་མྱང་འདས་ལ་འགོད་པའི་བསམ་པ་ཕན་པ་དང༌། སྡུག་བསྔལ་ལས་གྲོལ་ཞིང་མྱ་ངན་འདས་ལ་འགོད་པའི་བསམ་པ་ནི་བདེ་བ་དང་སྡུག་བསྔལ་ཐམས་ཅད་སྤངས་པའི་ཕྱིར་ཆོས་སྟོན་པའི་བསམ་པ་ནི་མགོན་ནམ་སྐྱོབས་པ་དང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་བཀྲོལ་ཞིང་ཕུང་པོ་མ་ལུས་པའི་མྱང་འདས་ལས་འགོད་པའི་བསམ་པ་ནི་སྐྱབས་དང༌། ཆོས་ཐམས་ཅད་ལ་འདྲེ་བ་མེད་པར་བྱ་བའི་ཕྱིར་ཆོས་སྟོན་པའི་བསམ་པ་ནི་གནས་དང༌། གཟུགས་སོགས་ཀྱི་ཕ་རོལ་གང་ཡིན་པ་དེ་གཟུགས་སོགས་མ་ཡིན་པར་ཆོས་སྟོན་པའི་བསམ་པ་ནི་དཔུང་གཉེན་དང༌། གླིང་བཞིན་དུ་ཐོག་མཐའ་ཡོངས་སུ་ཆད་པ་ཞི་བ་དང་བཟང་པོའི་ཆོས་སྟོན་པའི་བསམ་པ་ནི་གླིང་དང༌། གཟུགས་སོགས་སྐྱེ་འགག་ཉོན་མོངས་རྣམ་བྱང་མེད་པ་ཡོངས་སུ་གྲུབ་ཀྱི་ཆོས་སྟོན་པའི་བསམ་པ་ནི་ཡོངས་སུ་འདྲེན་པ་ཞེས་བྱ་བ་དང༌། གཞན་དོན་དུ་གཟུགས་སོགས་ཆོས་ཐམས་ཅད་ནམ་མཁའི་ངང་ཚུལ་ཅན་དུ་ལྷུན་གྱིས་གྲུབ་པ་ཞེས་བྱ་བར་ཆོས་སྟོན་པ་དང༌། ཞེན་པའི་སྒོ་ནས་ཐེག་པ་གསུམ་གྱི་འབྲས་བུ་མངོན་སུམ་དུ་མི་བྱེད་པ་དེ་གཉིས་ཀའི་བདག་ནི་བྱེད་པ་དགུའི་ཐ་མ་རྟེན་གྱི་མཛད་པའམ་བྱེད་པ་སྟེ། དེ་ལྟར་བསྟན་པ་དགུ་པ་འདི་ནི་ལམ་གྱི་བྱེད་པའི་ངོ་བོ་འམ་མཚན་ཉིད་ཡིན་ནོ། །འདིར་གཞན་དག་བྱེད་པ་བཅུ་གཅིག་ཏུ་འཆད་པ་ནི་མདོ་དང་མི་མཐུན་ནོ། ། མདོ་ལས། བྱེད་པ་དགུ་གསུངས་པ་ནི། ཁྲི་བརྒྱད་སྟོང་པ་ལས་རབ་ཏུ་གསལ་ལོ། །དབུ་མ་པ་དབྱིག་གཉེན་གྱིས་ཀྱང༌། མདོ་དང༌། མཐུན་པ་བྱེད་པ་དགུ་གསུངས་སོ། །མཁྱེན་གསུམ་སོ་སོ་ལ་བྱེད་པ་བགོས་ནས་སྦྱོར་བ་དང༌། ཐ་མ་རྣམ་མཁྱེན་གྱི་མཛད་པ་ཡིན་ཟེར་བ་ལ་ཡང་ཡིད་ཆེས་པའི་ཤེས་བྱེད་མེད་ཀྱི་སྟེང་དུ། མདོ་དང་འགལ་ནས་སྣང་ངོ༌། །མདོ་ལས་བྱང་ཆུབ་སེམས་དཔའི་འཇིག་རྟེན་གྱི་རྟེན་དུ་འགྱུར་བར་བྱའོ། །ཞེས་བླ་མེད་པའི་བྱང་ཆུབ་ཏུ་ཞུགས་སོ། །ཞེས། ཁྲི་བརྒྱད་སྟོང་པར་འབྱུང་ངོ༌། །རྟེན་ཞེས་པའི་འདི་ཉིད་ཉི་ཁྲི་ལ་སོགས་སུ་ལམ་དང་བསྡུས་དོན་འགྲེལ་པར་བགྲོད་པ་ཞེས་པར་འབྱུང་ངོ༌། །ཉི་ཁྲིའི་ལོགས་སུ་གནས་ཞེས་པ་སྟེ་རྟེན་ཞེས་པར་བསྒྱུར་ནས་ཡོད་དེ། མཐའི་མཛད་པ་ཞེས་པ་ནི། ཕན་དང་བདེ་དང་ཞེས་པ་ལ་སོགས་ཐམས་ཅད་ལ་སྦྱར་རྒྱུར་སྣང་ངོ༌། ། བྱེད་པ་འདི་རྣམས་ཁྲི་བརྒྱད་སྟོང་པའི་ལེའུ་ཞེ་དྲུག་པ་ན་ཡོད་ཅིང་ཉི་ཁྲི་སོ་དྲུག་པས་སྟོན་དེ། དེ་རྣམས་ཀྱིས་ལམ་ཤེས་ཀྱིས་འཇིག་རྟེན་གྱི་དོན་བྱེད་པའི་མཚན་ཉིད་བཤད་ཟིན་ཏོ། ། ༤ ངོ་བོ་ཉིད་མཚན་རྒྱས་པར་བཤད་པ། ད་ནི་མཚན་ཉིད་བཞི་པ་ལམ་ཤེས་དེའི་ངོ་བོ་ཉིད་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་སོ་བདུན་པར་བྱང་ཆུབ་སེམས་དཔའ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། དེ་དག་གི་མཚན་མ་དང༌། དེ་དག་གི་རྣམ་པས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་སོགས་ཀྱི་དོན། ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་དཀའ་དང་ངེས་པ་དང༌། །ཆེད་དུ་བྱ་དང་མི་དམིགས་དང༌། །མངོན་པར་ཞེན་པ་བཀག་པ་དང༌། ། དམིགས་པ་ཞེས་བྱ་གང་ཡིན་དང༌། །མི་མཐུན་ཐོགས་པ་མེད་དང་དེ། །གཞི་མེད་འགྲོ་མེད་སྐྱེ་མེད་དང༌། །དེ་བཞིན་ཉིད་ནི་མི་དམིགས་དང༌། །ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚན་གཞི་ལྟ་བུར་མཚོན་པས་ན། །མཚན་ཉིད་བཞི་པར་བཞེད་པ་ཡིན། ཞེས་པ་ལ་ཆགས་སོགས་ཉོན་མོངས་ཀྱིས་དབེན་པ་དང༌། ཆགས་སོགས་ལ་སྤྱོད་པའི་རྟགས་ཀྱིས་དབེན་པ་དང༌། མཚན་མ་སྟེ་ཆགས་སོགས་ཀྱི་དམིགས་པས་དབེན་པ་དང༌། མི་མཐུན་ཕྱོགས་དག་གཉེན་པོའི་སྤྲོས་པ་དག་གིས་དབེན་པ་རྣམ་མཁྱེན་གྱི་ངང་ཚུལ་དང༌། སེམས་ཅན་གྱི་དོན་དུ་གོ་ཆ་བགོས་ཀྱང་སེམས་ཅན་མི་དམིགས་པ་ནི། ངལ་བ་དང་དུ་ལེན་པས་དཀའ་བ་བགྱིད་པ་དང༌། སེམས་ཅན་ཐམས་ཅད་མྱ་ངན་འདས་པ་ལ་འགོད་པའི་གོ་ཆ་བགོས་པ་དེ་ཉན་རང་གི་སར་མི་ལྟུང་བར་ངེས་པ་དང༌། ཉི་ཚེ་བ་མ་ཡིན་པ་སེམས་ཅན་ཐམས་ཅད་དང་རྣམ་མཁྱེན་གྱི་ཡེ་ཤེས་ཀྱི་ཆེད་དུ་གོ་ཆ་བྱ་བ་དང༌། ཤེར་ཕྱིན་བསྒོམ་པ་ནི་ནམ་མཁའ་བསྒོམ་པའི་ཕྱིར་ཤེར་ཕྱིན་ལ་བསྒོམ་པ་དང་བསྒོམ་བྱ་དང༌། བསྒོམ་པ་པོ་མི་དམིགས་པ་དང༌། སྦྱིན་སོགས་རྣམ་བྱང་གི་ཆོས་ཐམས་ཅད་ལ་མངོན་པར་ཆགས་ཅིང་ཞེན་པ་བཀག་པ་དང༌། འདི་ནས་ཉི་ཁྲིའི་ལེའུ་སོ་བརྒྱད་པས་སྟོན་ནོ།