ཕར་ཕྱིན་མདོ་ལུགས་མ།

གསུམ་པ་དེ་ནས་ཏིང་ངེ་འཛིན་གཉིས་བཤད་པ་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང༌། །ལུགས་མི་མཐུན་ལ་རྟོག་པར་བྱེད། །ཅེས་པས་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལའོ། ། དེ་ལས་ལངས་ནས་བསམ་གཏན་གསུམ་པ་ལའོ། །དེ་ནས་ལངས་ནས་བསམ་གཏན་བཞི་པ་ལའོ། །དེ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །ཡང་དེ་ལས་ལངས་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་བཟུངས་ཏེ་དེ་ལུགས་ལས་བཟློག་པའི་རིམ་པ་ལྟར་བསམ་གཏན་དང་པོའི་བར་དུ་སྙོམས་པར་འཇུག་པ་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟིགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ་སྲིད་པའི་རྐྱེན་གྱིས་སྐྱེ་བ་སྐྱེ་བའི་རྐྱེན་གྱིས་རྒ་ཤི། ཞེས་རྟེན་ཅིང་འབྲེལ་འབྱུང་ལུགས་དང་མཐུན་པ་དང༌། མ་རིག་པ་འགག་ན་འདུ་བྱེད་འགག་ཅེས་པ་ནས། སྐྱེ་བ་འགག་ན་རྒ་ཤི་འགག་ཅེས་པའི་བར་དུ་ལུགས་དང་མི་མཐུན་པ་ལ་སོ་སོར་རྟོག་པར་བྱེད་དོ།། ཉི་ཁྲིའི་ལེ་མངས་རྣམས་སུ་རྟེན་འབྲེལ་འདི་དག་སྟོན་པའི་མདོ་མ་བྱུང་ལ། བསྡུས་དོན་འགྲེལ་པ་ལ་སོགས་ན་མདོ་སྣང་ངོ༌། །དེ་ལྟར་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་སྨིན་པར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི། འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོང་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པའི་འཚམས་བཟུངས་ཏེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་རྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ །ཞེས་པ་བསམ་གཏན་དང་པོ་ལ་སྙོམས་འཇུག་ནས། རིམ་གྱིས་བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་ཡང་བསམ་གཏན་དང་པོ་ལའོ། །དེ་ལས་ལངས་ནས་འགོག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པའོ། །ཞེས་པའི་ཚུལ་གྱིས་འགོག་པ་དང་སྤེལ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་གོ །སྲིད་རྩེ་ལས་ལངས་ནས་འགོག་པའོ། ། འགོག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ལས་འགོག་པ་ལའོ། ། དེ་ལས་ལངས་ནས་མཉམ་པར་མ་བཞག་པར་ལའོ། །དེ་ལས་སྲིད་རྩེ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ཅུང་ཟད་མེད་པའི་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་བཞི་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་གསུམ་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་གཉིས་པ་ལའོ། །དེ་ལས་ལངས་ནས་མཉམ་པར་མ་བཞག་པ་ལའོ། །དེ་ལས་བསམ་གཏན་དང་པོ་ལ་སྙོམ་པར་འཇུག་གོ །དེ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་པའོ། །ཞེས་པ་ཐོད་རྒལ་གྱི་ཏིང་ངེ་འཛིན་གྱི་སྙོམས་པར་འཇུག་ལུགས་འདི་ནི་མདོ་ཇི་ལྟ་བ་བཞིན་དུ་བྲིས་པའོ། །སྙོམས་པར་འཇུག་ལུགས་མདོ་ནས་གསུངས་པ་འདི་དང༌། འགོག་པའི་བར་དུ་མི་འདྲར་འགྲོ། ཞེས་པའི་འདི་གཉིས་ཅུང་མ་འགྲིག་པས། མདོ་དང་བསྟན་བཅོས་འདི་དང༌། འདི་དག་གི་འགྲེལ་པ་འགྱུར་མི་འདྲ་བ་གང་རྙེད་ལ་བལྟ་བར་བྱའོ། །ཏིང་ངེ་འཛིན་གཉིས་པོ་འདི་དག་ཤེས་རབ་གྱི་ཕར་ཕྱིན་དུ་གཞན་ལྔ་པོ་བསྡུས་པའི་ནང་ནས་བསམ་གཏན་གྱི་ཕར་ཕྱིན་ཉིད་ཡིན་པར་གསུངས་པའི་ཕྱིར། འདི་གཉིས་ལ་སྒོམ་ལམ་ཡིན་མིན་གྱི་ཁྱད་པར་འབྱེད་པ་མདོ་དང་མི་འགྲིག་གོ ། ༢ སྒོམ་སྤང་གི་རྣམ་རྟོག་བཞི་རྒྱས་པར་བཤད་པ། གཉིས་པ་སྒོམ་སྤང་གི་རྣམ་རྟོག་བཞི་ལ། དང་པོ་འཇུག་པའི་གཟུངས་རྟོག་ནི། མདོ་ལས། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཞེས་སོགས་ཀྱི་དོན་མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱིས་བཏང་བས་ཡོངས་སུ་མ་བཟུང་དང༌། དུས་གསུམ་ཡོན་ཏན་མེད་པ་དང༌། ལེགས་པའི་ལམ་ནི་རྣམ་གསུམ་ལ། །གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བའི་རྣམ་པ་སྤྱོད་ཡུལ་ཅན། །ཞེས་པའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ཙམ་དུ་ཤེས་པ་ནི་མདོར་བསྡུས་པ་ཤེས་པ་དང༌། གཟུགས་ཀྱི་དེ་བཞིན་ཉིད་དང༌། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་ཆོས་ཅན་སོ་སོའི་དེ་བཞིན་ཉིད་ཤེས་པ་ནི་རྒྱས་པ་ཤེས་པ་དང༌། དེ་བཞིན་ཉིད་ཀྱི་ངོ་བོ་ནི། མདོ་ལས། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམིགས། འཇིག་པ་མི་དམིགས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་གཟུགས་ནས་རྣམ་མཁྱེན་བར་གྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སམེས་དཔའ་བསླབ་པར་བྱའོ། །ཞེས་སོགས། ཐབས་མཁས་ཀྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ཇི་སྐད་བསྟན་པའི་ཤེར་ཕྱིན་ལ་ཚུལ་བཞིན་དུ་སློབ་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་གོམས་ཤིང་དགེ་བའི་བཤེས་གཉེན་གྱིས་ཟིན་པ་ཡིན་ལ། དེ་ལས་བཟློག་པའི་སྤྱོད་པ་ཅན་ནི་སངས་རྒྱས་ཀྱི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་བཟུང་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དུས་གསུམ་གྱི་སངས་རྒྱས་འབྱུང་བའི་ཡོན་ཏན་མེད་པ་ལས་བཟློག་པ་དང༌། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མཁས་པའི་ལེགས་པ་དང་ལྡན་པའི་ལམ་རྣམ་པ་གསུམ་ནི་ཤེར་ཕྱིན་ལ་སྦྱོད་པ་མོས་སྦྱོད་ཀྱི་ལམ་དང་ཤེར་ཕྱིན་སྒྲུབ་པ་མཚན་མ་མེད་ཅིང་རྩོལ་བ་དང་བཅས་པ་ས་བདུན་པའི་བར་དང༌། ཤེར་ཕྱིན་བསྒོམ་པ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་ས་བརྒྱད་པ་ཡན་ཆད་ཀྱི་ལམ་ཏེ་གསུམ་པོ་དེ་རྣམས་སོགས་པ། ཡུལ་དགུ་པོ་དེ་རྣམས་ལ་ཡོན་ཏན་ཅན་དུ་མཐོང་བས་གཟུང་བའི་རྣམ་པར་རྟོག་པར་བྱེད་པ་འདི་གཟུང་རྟོག་གཉིས་ཀྱི་དང་པོ་འཇུག་པའི་གཟུང་རྟོག་གཅིག་སྟེ་ཤེར་ཕྱིན་ལ་སྦྱོར་བའི་རྣམ་པ་དེའི་སྤྱོད་པ་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་ནོ། ། གཉིས་པ་ལྡོག་པའི་གཟུང་རྟོག་ནི། མདོ་ལས། ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་ཤེར་ཕྱིན་ལ་སྤྱོད་སྒྲུབ་བསྒོམ་པར་བྱའོ། །ཞེས་སོགས་ཀྱི་དོན། གཉིས་པ་སེམས་དང་སེམས་འབྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །སེམས་མི་བསྐྱེད་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང༌། ཐེག་པ་དམན་པ་ཡིད་བྱེད་དང༌། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། །སྐོམ་དང་སྒོམ་པ་མེད་པ་དང༌། །དེ་དག་ལས་ནི་བཟློག་ཉིད་དང༌། །ཇི་བཞིན་དོན་མིན་རྣམ་རྟོག་པ། །སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པ་རྟོག་པ་གཉིས་པ་ལྡོག་པའི་གཟུང་རྟོག་ནི་སེམས་ཀུན་གཞི་རྣམ་ཤེས་དང་སེམས་འབྱུང་འཇུག་པའི་རྣམ་ཤེས་རྣམས་ཡུལ་ལ་འཕྲོ་ཞྀང་འཇུག་པ་ཡུལ་དུ་བྱེད་པའི་ཡུལ་ཅན་ཡིན་པར་བཅོམ་ལྡན་འདས་བཞེད་དེ། ཡུལ་དགུ་པོ་ནི་བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་དང༌། བླ་མེད་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་སེམས་སེམས་བྱུང་རྒྱུ་བ་དང༌། ཐེག་པ་དམན་པ་ཡིད་ལ་མ་བྱེད་པའི་སེམས་སེམས་བྱུང་རྒྱུ་བ་དང༌། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་སེམས་སེམས་བྱུང་དང༌། ཤེར་ཕྱིན་བསྒོམ་པས་རྣམ་མཁྱེན་ཐོབ་བམ་སྙམ་པའི་སེམས་སེམས་བྱུང་རྒྱུ་བ་དང༌། སྒོམ་པ་མེད་པས་ཐོབ་བམ་སྙམ་པ་དང༌། དེ་དག་ལས་ནི་བཟློག་པ་སྒོམ་ཀྱང་བསྒོམ་ལ་བསྒོམས་ཀྱང་མ་བསྒོམས་པས་ཐོབ་བམ་སྙམ་པ་དང༌། བསྒོམས་པ་ཡང་མ་ཡིན་ལ་མ་བསྒོམས་པ་ཡང་མ་ཡིན་པས་ཐོབ་བམ་སྙམ་པའི་སེམས་བྱུང་ཉིད་དང༌། དེ་བཞིན་ཉིད་ལ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པར་འཇུག་པའི་སེམས་སེམས་བྱུང་རྣམས་ལ་སྐྱོན་ཅན་དུ་མཐོང་བས་ལྡོག་པའི་རྣམ་པར་རྟོག་པར་བྱེད་པ་ནི། བསྒོམ་པའི་ལམ་གྱི་གནས་སྐབས་ལ་སྤང་བྱར་ཤེས་པར་བྱའོ། ། གསུམ་པ་འཛིན་པའི་རྣམ་རྟོག་དང་པོ་བཤད་པ་ནི། མདོ་ལས། བདག་གམ། སེམས་ཅན་ནམ། གང་ཟག་གམ། སྲོག་གམ། གང་ཟག་མི་དམིགས་ན། ཇི་ལྟར་བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་ཁམས་སུ་གདགས་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་དུ་མ་བཏགས་པས་རྣམ་མཁྱེན་ཐོབ་པར་འགྱུར་རོ། །ཞེས་སོགས་ཀྱི་དོན། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང༌། ། ཆོས་བཏགས་པ་དང་སྟོང་ཉིད་མིན། །ཆགས་དང་རབ་འབྱེད་བདག་ཉིད་དང༌། །དངོས་པོར་བྱེད་དང་ཐེག་གསུམ་དང༌། །ཡོད་ནི་དག་པ་མ་ཡིན་དང༌། །སྤྱོད་པ་རྣམ་པར་འཁྲུགས་པ་ལ། །འཛིན་པར་བྱེད་པ་དང་པོར་དེ། །ཤེས་རབ་བྱ་བར་བསྒྲགས་པ་ཡིན། །ཞེས་པ་སེམས་ཅན་བཏགས་པའི་དངོས་པོར་འཛིན་ཅིང་སྤྱོད་པའི་ཡུལ་ཅན་དང༌། ཆོས་ཐམས་ཅད་བཏགས་པའི་དངོས་པོ་དང་སེམས་ཅན་དམྱལ་བ་ལ་སོགས་པ་བཏགས་པའི་དངོས་པོ་སྟོང་པ་མ་ཡིན་པ་ཉིད་དང༌། ཅི་ཙམ་དུ་དམིགས་པའི་ཚུལ་གྱིས་སྤྱོད་པ་དེ་ཙམ་དུ་གཟུང་འཛིན་གཉིས་ལ་ཆགས་པ་དང༌། གཟུགས་སོགས་ཆོས་རྣམས་སོ་སོར་རབ་ཏུ་འབྱེད་པའི་བདག་ཉིད་དང༌། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་མ་མཐོང་བས་དངོས་པོར་འདུ་བྱེད་པ་དང༌། ཐེག་པ་གསུམ་པོ་རྣམ་པར་དགོད་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བ་ནི་དག་པ་མ་ཡིན་པ་དང། ཆོས་ཅན་སོ་སོའི་ཆོས་ཉིད་གུད་དུ་ཕྱེ་བའི་སྤྱོད་པ་ཆོས་ཉིད་རྣམ་པར་འཁྲུགས་པ་སྟེ། དེ་རྣམས་ལ་དངོས་པོར་འཛིན་པར་བྱེད་པ་ནི་འཛིན་རྟོག་དང་པོར་དེ་ཤེས་པར་བྱའོ། །ཞེས་བྱ་བར་བསྒྲགས་པ་སྟེ་བསྟན་ཏོ། ། བཞི་པ་འཛིན་རྟོག་གཉིས་པ་བཤད་པ་ནི། སེམས་ཅན་་བཏགས་དང་དེ་རྒྱུ་ཡིས། །ཡུལ་ཅན་དེ་ཡིས་རྣམ་འཇོམས་པས །སྒོམ་པའི་ལམ་དང་འབྲེལ་པ་ཡི། །མི་མཐུན་ཕྱོགས་གཞན་རྣམ་པ་དགུ། །ཞེས་པ་སེམས་ཅན་བཏགས་པའི་དངོས་པོ་དང༌། དངོས་པོ་དེའི་རྒྱུའི་ཡུལ་ཅན་གྱི་འཛིན་རྟོག་ནི། སྒོམ་ལམ་དེ་ཡིས་རྣམ་པར་འཇོམས་པས་ན། གཉེན་པོ་སྒོམ་པའི་ལམ་དང༌། དེའི་སྤང་བྱར་འབྲེལ་པ་ལམ་དེའི་མི་མཐུན་ཕྱོགས་འཛིན་རྟོགས་སྔ་མ་ལས་གཞན་རྣམ་པ་དགུ་སྟོན་པ་འདི་ལྟ་སྟེ། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞི་ལམ་དེ་བཞིན་ཉིད་སོགས་དང༌། །མཚུངས་པར་ལྡན་དང་མི་ལྡན་དང༌། །མི་མཉམ་སྡུག་བསྔལ་ལ་སོགས་དང༌། །ཉོན་མོངས་རྣམས་ཀྱི་རང་བཞིན་དང༌། །གཉིས་སུ་མེད་ལ་ཀུན་རྨོངས་ལ། །རྣམ་པར་རྟོག་པ་ཐ་མར་བཞེད། །ཅེས་པ་མཁྱེན་གསུམ་གྱི་སྤངས་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་ནི་གསུམ་གྱི་རང་རང་གི་སྤང་བྱའི་སྒྲིབ་པ་རྣམ་པ་གསུམ་སྤངས། བྱེ་བྲག་དང༌། ཆོས་ཐམས་ཅད་ཞི་བའི་རྣམ་པ་རྣམ་མཁྱེན་གྱི་ལམ་དང༌། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་དང་ཤེར་ཕྱིན་མཚུངས་པར་ལྡན་པ་མི་ལྡན་པ་དང༌། ཤེར་ཕྱིན་ཉན་རང་བདུད་ཀྱི་རིས་གང་གིས་ཀྱང་མི་ཐུབ་པས་སུ་དང་ཡང་མི་མཉམ་པ་དང༌། སྡུག་བསྔལ་སོགས་བདེན་པ་བཞི་དང༌། ཉོན་མོངས་རྣམས་ཀྱི་རང་བཞིན་ཆགས་སོགས་ཀྱི་དེ་བཞིན་ཉིད་དང་གཟུང་འཛིན་དང༌། གཉིས་སུ་མེད་པའི་དོན་ཏེ་དེ་རྣམས་ལ་ཀུན་ཏུ་རྨོངས་པ་རྣམས་ལ་རྣམ་པར་རྟོག་ཅིང་འཛིན་པར་བྱེད་པ་ནི་བསྒོམ་སྤང་གི་འཛིན་རྟོག་གཉིས་ཀྱི་ནང་ནས་ཐ་མ་ཡིན་པར་མདོ་ལས་བཞེད་དོ། ། ༦༽གཉེན་པོ་མཐོང་སྒོམ་དག་གིས་སྤང་བྱ་རྣམ་རྟོག་ཟད་པའི་འབྲས་བུ་བཤད་པ། ད་ནི་གཉེན་པོ་མཐོང་སྒོམ་དག་གིས་སྤང་བྱ་རྣམ་རྟོག་དེ་རྣམས་ཟད་པའི་འབྲས་བུ་བཤད་པ་ནི། ཉི་ཁྲིའི་ལེའུུ་ང་བཞི་པར། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་ཕྱིར་བླ་མེད་བྱང་ཆུབ་ཏུ་ཞུགས་ནས་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་རྣམ་མཁྱེན་ཐོབ་པར་བྱེད་པ་དེ་ལ་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་ལྟར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་རོ། །དེ་ལ་ལོ་མ་ནི་བྱང་ཆུབ་སེམས་དཔའ་ལ་རྟེན་ནས་སེམས་ཅན་ངན་སོང་ལས་གྲོལ་བའོ། ། མེ་ཏོག་ནི་བྱང་ཆུབ་སེམས་དཔའ་རྟེན་ནས་རྒྱལ་རིགས་བྲམ་ཟེའི་རིགས་ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང༌། འདོད་ལྷ་དང༌། གཟུགས་ཁམས་གཟུགས་མེད་ཁམས་ཀྱི་ལྷར་སྐྱེ་བ་དང༌། འབྲས་བུ་ནི་བྱང་ཆུབ་སེམས་དཔའ་ཉིད་རྣམ་མཁྱེན་ཐོབ་ནས་སེམས་ཅན་དེ་དག་ཐེག་པ་གསུམ་གྱི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་འགོད་ཅིང་ཐོབ་པར་བྱེད། ཅེས་སོགས་ཀྱི་དོན། ཡམས་ནད་འདི་རྣམས་ཟད་ནས་ནི། །ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གི་སྦ་བ་ཡིས། །སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་ཏུ་བརྟེན་པར་བྱེད། །ཅེས་པ་དཔེར་ན་ཡམས་ནད་དང་འདྲ་བའི་རྣམ་རྟོག་འདི་རྣམས་སྨན་དང་འདྲ་བའི་ལམ་གྱིས་ཟད་པར་བྱས་ནས་ནི། སྔར་ཐོག་མ་མེད་པ་ནས་འཁོར་བའི་ནད་ཀྱིས་ངལ་ཞིང་དུབ་པ་ལས། ཡུན་རིང་ཞིག་ལོན་ནས། ནད་པ་ཡམས་ནད་ལས་གྲོལ་ཞིང་དབུགས་ཕྱིན་པ་བདེ་བའི་གནས་ཐོབ་པ་ལྟར་གྱུར་པ་དེའི་ཚེ། དུས་དང་རྣམ་པ་ཀུན་ཏུ་འགྲོ་བའི་བདེ་བ་མཐའ་དག་སྒྲུབ་པར་བྱེད་པའི་ཡོན་ཏན་ཕན་སུམ་ཚོགས་པ་ཟད་མི་ཤེས་པ་ཀུན་དཔེར་ན་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཆེན་པོ་ཚད་མེད་པ་བརྟེན་པ་བཞིན་དུ་འབྲས་བུ་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་རྐང་གཉིས་རྣམས་ཀྱི་མཆོག་ཐོབ་པ་དག་གིས་མཛེས་ཤིང་སྤང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་ནི་དུས་རྣམ་པ་ཀུན་ཏུ་བརྟེན་པར་བྱེད་པ་ཡིན་ནོ། །དེ་རྣམས་ཀྱིས་མཐོང་ཞེས་བྱ་དང་སྒོམ་པ་ཞེས་བྱ་བའི་ལམ་ནི་སོ་སོ་ལ། རྣམ་པར་རྟོག་པ་རྣམ་བཞི་ཡིས། ། གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་པ་དེ་དག་བཤད་ཟིན་ཏོ། ། ༧༽བར་ཆད་མེད་པའི་ཏིང་ངེ་འཛིན་ལོག་པར་རྟོག་པ་བསལ་བ་དང་བཅས་པ་བཤད་པ། ད་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་ལོག་པར་རྟོག་པ་བསལ་བ་དང་བཅས་པ་བཤད་པར་བྱ་སྟེ། མདོ་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་ཉན་ཐོས་ཀྱི་ས་བདུན། རང་སངས་རྒྱས་ཀྱི་ས་ལ་གནས་པ་དང༌། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་གྱུར་ཀྱང༌། དེ་དག་བསོད་ནམས་དེས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཞུགས་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་ཀྱི་དོན། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང༌། །བསེ་རུའི་རྟོག་པ་ཕུན་ཚོགས་དང༌། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་རྣམས་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་འཛིན་ནི། །དེ་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པ་སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་ཉན་ཐོས་ཀྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཀོད་པའི་དགེ་བ་དང༌། སྐྱེ་བོ་དེ་རྣམས་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཕུན་སུམ་ཚོགས་པ་ལ་བཀོད་པའི་དགེ་བ་དང༌། དེ་བས་ཀྱང་སྐྱེ་བོ་དེ་རྣམས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་བཀོད་པའི་དགེ་བ་རྣམས་ཀྱིས་ཏིང་ངེ་འཛིན་ནི་འདིའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་དཔེར་མཛད་ནས། བསོད་ནམས་མང་པོ་གསུངས་པ་ཉིད་ཀྱིས་བསྟན་པའི་ཏིང་ངེ་འཛིན་འདི་དང༌། སངས་རྒྱས་ཉིད་ཀྱི་བར་ན་སྒྲིབ་པས་ཆོད་པ་མེད་དོ། །དེ་བས་ན་སངས་རྒྱས་དང་བར་ཆད་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྣམ་པ་ཀུན་མཁྱེནཔའི་ཡེ་ཤེས་ཉིད་ཡིན་ནོ། །རྣམ་མཁྱེན་འདིའི་དམིགས་པ་ནི་གང༌། བདག་པོ་གང༌། རྣམ་པ་ནི་གང་ཞེ་ན། ཁྲི་བརྒྱད་སྟོང་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །དབང་བྱེད་པ་ནི་དྲན་པའོ། །རྣམ་པ་ནི་ཞི་བའོ། །ཞེས་གསུང་པའི་དོན། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པ་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། ཞེས་པ་ཐམས་ཅད་ཀྱི་ཡིན་ལུགས་དངོས་པོ་མེད་པ་ནས་བརྩམས་ནས་སངས་རྒྱས་ཀྱི་མཁྱེན་པ་འཇུག་པའི་ཕྱིར། རྣམ་མཁྱེན་འདིའི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ཏེ། རྣམ་མཁྱེན་འདི་བསྒྲུབ་བར་བྱེད་པའི་རྒྱུ་ལ་དབང་བྱེད་པའི་བདགཔོ་ནི་དྲན་པའི་དབང་པོ་ཡིན་པར་མདོ་ལས་བཞེད་དོ། །རྣམ་མཁྱེན་འདིའི་རྣམ་པ་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཡིན་ནོ། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་མེད་པའོ། །ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བརྩམས་ནས་འཇུག་ཅེས་བྱ་བའི་དོན་ཏེ། དམིགས་པའི་རྐྱེན་ནི་མ་ཡིན་ནོ། །དབང་བྱེད་པ་ནི་དྲན་པའོ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་དབང་གིས་བརྗོད་ཀྱི། དེའི་ཚེ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་དངོས་པོ་མེད་པར་མཁྱེན་པ་འདི་ལ་ནི། དངོས་པོར་ཞེན་པའི་གྲུབ་མཐའ་སོ་སོར་རབ་ཏུ་འཛིན་པ་དངོས་སྨྲ་རྣམས། ཆོས་ཐམས་ཅད་དངོས་པོ་མེད་ན། རྣམ་མཁྱེན་ལ་བརྟེན་པའི་ཆོས་བཅུ་དྲུག་པོ་འདི་རྣམས་མི་འཐད་ཅེས་རྒྱུད་མར་རྒོལ་པར་བྱེད་པའི་རྩོད་གཞི་བཅུ་དྲུག་པོ་རྒྱུད་མར་བྱུང་བ་འདི་ལྟ་སྟེ། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང༌། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང༌། དམ་པའི་དོན་དང་ཀུན་རྫོབ་དང༌། སྤྱོད་དང་དཀོན་མཆོག་གསུམ་པོ་དང༌། ཐབས་བཅས་ཐུབ་པའི་རྟོག་པ་དང༌། ཕྱིན་ཅི་ལོག་ནི་ལམ་བཅས་དང༌། གཉེན་པོ་མི་མཐུན་ཕྱོགས་དག་དང༌། མཚན་ཉིད་དང་ནི་སྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོག་པ། །རྣམ་པ་ཀུན་མཁྱེན་རྟེན་ཅན། །རྣན་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་པ་ལ་གང་གིས་ཕྱིར་རྣམ་མཁྱེན་གྱིས་དམིགས་པའི་ཆོས་ཐམས་ཅད་དངོས་པོ་མེད་ན་རྣམ་མཁྱེན་ལ་རྟེན་པ་ཅན་འདི་རྣམས་མི་འཐད་ཞེས་རྒོལ་བ་དངོས་པོ་སྨྲ་བ་རྣམས་ཀྱི་ལོག་རྟོག་སེལ་དགོས་པའི་ཕྱིར། ལོག་པར་བསྒྲུབ་པ་དེ་དག་གིས་ལན་རྣམས་རིམ་པ་ལྟར་གདབ་པ་ནི། གཟུགས་སོགས་ཆོས་ཐམས་ཅད་ལ་འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར། རྣམ་མཁྱེན་གྱི་དམིགས་པ་དངོས་པོ་མེད་པར་འཐད་པ་དང༌། ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དམིགས་པ་དེའི་ནི་ངོ་བོ་དངོས་པོ་མེད་པ་ཉིད་དུ་ངེས་པར་གཟུང་བ་འཐད་པ་དང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་འདྲེས་པར་བྱེད་པའི་སྦྱིན་སོགས་ལ་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་ལམ་དེས་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འཐད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ལ་བདེན་གཉིས་གཞན་དང་གཞན་དུ་གྲུབ་པ་མེད་ཀྱང་དངོས་པོའི་འདུ་ཤེས་ཅན་གི་གིས་དོན་དམ་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་བྱ་བའི་དོན་དུ་དངོས་པོ་ཡོད་མེད་ཀྱི་ཐ་སྙད་དགོས་པ་ནི་ཀུན་རྫོབ་ལ་རྟེན་པའི་ཕྱིར་དམ་པའི་དོན་དང་ཀུན་རྫོབ་ཀྱི་དབྱེ་བ་འཐད་པ་དང༌། འདི་ནི། ཉི་ཁྲིའི་ལེའུ་ང་ལྔ་པས་སྟོན་ནོ། །ཅི་ནས་ཀྱང་བློ་རྣམ་པ་གཉིས་སུ་མི་འགྱུར་བར་གཟུགས་སོགས་དངོས་པོས་སྟོང་ཞེས་བྱ་བར་སྤྱོད་པ་ནི་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པའི་འཐད་པ་དང༌། དངོས་པོ་མེད་པའི་ཡང་དག་པའི་དོན་རབ་ཏུ་རྟོགས་པའི་ཕྱིར་སངས་རྒྱས་དཀོན་མཆོག་འཐད་པ་དང༌། དངོས་པོ་མེད་པ་དེ་བཞིན་ཉིད་ཀྱི་ངོ་བོ་བྱང་ཆུབ་ཡིན་པའི་ཕྱིར་ཆོས་དཀོན་མཆོག་འཐད་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་དེ་ལ་སློབ་པའི་ཕྱིར་དགེ་འདུན་དཀོན་མཆོག་འཐད་པ་དང༌། འདི་ནི་ཉི་ཁྲིའི་ལེའུ་ང་དྲུག་པ་དང༌། །ང་བདུན་པས་ཐབས་ལ་མཁས་པ་སྟོན་ནོ། །ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པའི་ཐབས་མཁས་དང་བྲལ་ནས་རྣམ་མཁྱེན་མི་ཐོབ་པའི་ཕྱིར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་ཤིང་འཇུག་པའི་ཐབས་མཁས་དང་བཅས་པ་འཐད་པ་དང༌། བདེ་ནས་སྐབས་འདི་རྫོགས་ཀྱི་བར་ཉི་ཁྲིའི་ལེའུ་ང་བརྒྱད་པས་སྟོན་ཏོ། །དངོས་པོ་མེད་པའི་ངོ་བོ་ཉིད་ལས་མི་གཡོ་བའི་ཡེ་ཤེས་ལ་དངོས་པོ་ཡོད་མེད་ཀྱི་སྦྲོས་པ་མེད་པའི་ཕྱིར་ཐུབ་པའི་མངོན་རྟོགས་པ་འཐད་པ་དང༌། དངོས་པོ་ངོ་བོ་ཉིད་མེད་པའི་གཟུགས་རྟག་མི་རྟག་སོགས་སུ་ཞེན་པ་ནི་ཕྱིན་ཅི་ལོག་ཏུ་སྦྲོས་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་འཐད་པ་དང༌། བྱང་ཆུབ་སེམས་དཔའ་ནི་ངོ་བོ་ཉིད་མེད་པའི་ལམ་ཐམས་ཅད་སློབ་པའི་ཕྱིར་རྣམ་མཁྱེན་ཐོབ་བྱེད་ཀྱི་ལམ་དང་བཅས་པ་འཐད་པ་དང༌། ལམ་ཐམས་ཅད་ལ་སློབ་ཀྱང་ཤེས་པར་དང་མཐོང་བས་དམན་པའི་ས་བརྒྱད་ལས་འདའ་བའི་ཕྱིར་གཉེན་པོ་ལམ་ཤེས་འཐད་པ་དང་བྱང་ཆུབ་སེམས་དཔའ་རྒྱུན་ཞུགས་ལ་སོགས་ཉན་རང་གི་འབྲས་བུ་མངོན་དུ་བྱེད་པ་སྤོང་བའི་ཕྱིར་ལམ་ཤེས་ཀྱི་མི་མཐུན་ཕྱོགས་ཉན་རང་གི་ས་དག་འཐད་པ་དང༌། དངོས་པོའི་མཚན་ཉིད་མེད་པའི་དབྱིངས་ཀྱང་གློ་བུར་དུ་གནས་པར་མ་བྱས་ཤིང་ཡེ་ནས་དེ་བཞིན་དུ་གནས་པའི་ཕྱིར་ཆོས་ཐམས་ཅད་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་འཐད་པ་དང༌། དངོས་པོར་རྟོགས་པའི་སྒོམ་པ་རྣམ་པར་བཤིག་ནས་མཚན་ཉིད་མེད་པར་བསྒོམ་པ་ཉིད་ཤེར་ཕྱིན་བསྒོམ་པ་ཡིན་པའི་ཕྱིར་ཤེར་ཕྱིན་བསྒོམ་པ་འཐད་པ་སྟེ། དེ་རྣམས་ཀྱིས་དེ་དག་ལ་དངོས་པོར་སྨྲ་བ་རྣམས་ཀྱི་མི་འཐད་སྙམ་པའི་ལོག་པར་རྟོགས་པས་ཀུན་ནས་བསླང་བའི་རྩོད་པ་རྣམ་པ་ཀུན་མཁྱེན་པ་ཉིད་ལ་རྟེན་པ་ཅན་གྱི་ཆོས་ལ་རྒོལ་བའི་རྣམ་པ་བཅུ་དྲུག་དག་ཏུ་བྱུང་བ་རྣམས་བསལ་བར་བཞེད་པ་ཡིན་ནོ། །དེ་རྣམས་ཀྱིས་བར་ཆད་མེད་པའི་ཏིང་ངེ་འཛིན། ལོག་པར་སྒྲུབ་དང་བཅས་པ་ནི། རྩེ་མོའི་མངོན་རྟོགས་ཞེས་པ་དེ་དག་བཤད་ཟིན་ཏོ། །དངོས་པོ་བརྒྱད་ལ་རྩེ་མོར་ཕྱིན་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོནཔར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས་སྐབས་ལྔ་པའི་འགྲེལ་པའོ། ། དྲུག་པ། མཐར་གྱིས་སྦྱོར་བ་རྒྱས་པར་བཤད་པ། ད་ནི་མཐར་གྱིས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་སྟེ། མཐར་གྱིས་པའི་དོན་ནི་ཆོས་ཐམས་ཅད་དངོས་པོ་མེད་པ་རྨི་ལམ་ལྟ་བུའི་ངོ་བོར་མཐོང་བའི་རྩེ་སྦྱོར་ཐོབ་ནས་ཆོས་ཀྱི་སྐུ་རིམ་གྱིས་རྫོགས་ཤིང་རིམ་གྱིས་རྟོགས་པའི་དོན་ཡིན་ནོ། །མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཇི་ལྟར་ཚེས་པའི་ཟླ་བ་ནི། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་ཤིང་གསལ་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་པའི་དོན་དང༌། དེ་བཞིན་གཤེགས་པ་ཉིད་ཀྱི་གསུང་རབ་གཞན་དུ། །ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པར་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་ཤར་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། ། ཞེས་པའི་དོན་དང༌། མདོ་འདི་ཉིད་དུ་ཡང༌། ཉི་ཁྲིའི་ལེའུ་དེ་དགུ་པ། རྣམ་མཁྱེན་ཐོབ་པར་བྱེད་པའི་སྦྱིན་སོགས་ལ་མཐར་གྱིས་སྤྱོད་པ་ཡོད་ཅེས་དང༌། དེ་ལྟར་སངས་རྒྱས་སོགས་རྗེས་སུ་དྲན་པ་ལ་བསླབས་ཤིང་སྦྱིན་སོགས་རྣམ་མཁྱེན་གྱི་བར་རྫོགས་པར་བྱེད་དོ། །ཞེས་པ་དང༌། སེམས་དང་པོ་བསྐྱེད་པ་ནས་བཟུངས་ཏེ། མཐར་གྱིས་འཇུག་པའི་ལམ་རྫོགས་པར་འདོད་པས་དངོས་པོ་མེད་པའི་ཚུལ་གྱིས་ཕར་ཕྱིན་རྣམས་ལ་བསླབ་པར་བྱའོ། །ཞེས་སོགས་ཀྱི་དོན་ཏོ། །འདི་ཉིད་དུ་ཡང༌། དེ་རབ་དེ་ཡི་གོ་རིམ་དང༌། །དེ་མཐའ་དེའི་རྣམ་སྨིན་ཞེས་གསུངས་སོ། །དེས་ན་སྐད་ཅིག་མའི་གནས་སྐབས་སུ་ནི། ཆོས་ཀྱི་རྟོགས་པ་ལ་རིམ་པ་གསུངས་པ་མེད་དེ། དེ་མཐའ་ཞེས་པས་རིམ་པ་དེ་མཐར་ཐུག་པ་དང༌། ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཟག་མེད་ཀྱི་ཆོས་ཐམས་ཅད་ཅིག་ཆར་དུ་རྟོགས་པར་གསུངས་པ་དང། ཉི་ཁྲིའི་ལེའུ་ང་ལྔ་པ་ལ་སོགས་པར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་མ་གཅིག་དང་ལྡན་པའི་ཡེ་ཤེས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །ཞེས་ཡང་དང་ཡང་དུ་གསུངས་པ་དང༌། །ནམ་ཞིག་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ། ཞེས་གསུངས་པ་རྣམས་ཀྱི་དོན་ཏོ། །མདོ་ལས། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཐར་གྱིས་སྤྱོད་པ་དང༌། མཐར་གྱི་སློབ་པ་དང༌། ནན་ཏན་ཏུ་བྱེད་པ་གང་གིས་འཚང་རྒྱ་བར་འགྱུར་བའི་མཐར་གྱིས་སྤྱོད་པ་དང༌། སློབ་པ་ལ་ནན་ཏན་ཏུ་བྱེད་པ་ཇི་ལྟར་ཡོད་པར་འགྱུར་ཞེས་ཞུས་པ་ལན་དང་བཅས་པའི་དོན། སྦྱིན་པ་ཤེས་རབ་བར་དག་དང༌། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་པོ་མེད་ངོ་བོ་ཉིད་ཀྱིས་ཏེ། །མཐར་གྱིས་པ་ཡི་བྱ་བར་བཞེད། ཅེས་པ་ལ། སྦྱིན་པ་ལ་སོགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ལ་དངོས་པོ་མེད་པའི་ཚུལ་གྱིས་རིམ་པ་ཡོད་ཚུལ་ནི། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་མེད་པའི་ངོ་བོར་ཤེས་པས་མི་དམིགས་པའི་ཚུལ་གྱིས་བཞིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་ནི། དངོས་པོ་མེད་ཀྱང་རིམ་ཀྱིས་ཉན་རང་གི་ས་ལས་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་གོ །དེར་ཞུགས་ནས་མཐར་གྱིས་སངས་རྒྱས་ཀྱི་ཞིང་དག་པ་དང༌། སེམས་ཅན་སྨིན་པར་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་དངོས་པོའི་ངོ་བོ་ཉིད་མེད་ཀྱང་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ནོ།