ཕར་ཕྱིན་མདོ་ལུགས་མ།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ།

ཀུན་མཁྱེན་དོལ་པོ་སངས་རྒྱས།

དཔལ་ཡོངས་གྲུབ་ཐམས་ཅད་ལ་ཕྱག་འཚལ་ལོ། །གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ལ་ཕྱག་འཚལ་ལོ། །ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ཐབས་སྦྱོར་བ་བཞིའི་མཁྱེན་པ་གསུམ་ལ་ཕྱག་འཚལ་ལོ། །འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲལ་འབྲས་ཆོས་སྐུའི་མཁྱེན་པ་གསུམ་ལ་ཕྱག་འཚལ་ལོ། །

ཤེས་རབ་བདག་ཉིད་ཕ་རོལ་ཕྱིན་པའི་གཙོ། །དུས་གསུམ་འཕགས་ཀུན་བསྐྱེད་མ་ཆོས་ཀྱི་དབྱིངས། ། གཞི་འབྲས་དབྱེར་མེད་གཉིས་མེད་ཡེ་ཤེས་མཆོག །རྒྱལ་བའི་ཡུམ་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་ལས་ཆེས་མཁས་འགའ་ཡང་ཡོད་མིན་ཕྱིར། །རྒྱལ་ལས་ལྷག་པའི་དབང་པོ་གཞན་མེད་ཕྱིར། །རྒྱལ་དང་འགལ་བའི་བཤད་སྲོལ་རྣམས་དོར་ནས། །རྒྱན་གྱི་དགོངས་པ་མདོ་བཞིན་བྲི་བར་བྱ། དེ་ལ་རྒྱལ་ཚབ་བྱམས་པ་མགོན་པོའི་ཞལ་སྔ་ནས་གསུངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་དོན་ཆོས་སྤྱོད་བཅུ་ཡི་བདག་ཉིད་བདེ་བླག་ཏུ་རྟོགས་པར་བྱེད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་འདི་འཆད་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་དང༌། དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱིས་ཤེར་ཕྱིན་བཤད་པ་དང༌། དོན་བསྡུས་གཞན་དང་གཞན་གྱིས་མཇུག་བསྡུས་དེ་བསྟན་པའོ། ། དེ་དག་གི་ཡང་ཐོག་མར། རྒྱ་གར་གྱི་སྐད་དུ་བཞུགས་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་ཞིང༌། སྡུད་པར་བྱེད་པ་པོ་ལོ་ཙཱ་བ་རྣམས་ཀྱིས་བསྡུ་བར་བྱ་བའི་བསྟན་ཆོས་སྡུད་བྱེད་བོད་ཀྱིས་བསྡུས་པའི་ཚུལ་ནི་འདི་ལྟ་སྟེ། རྒྱ་སྐད་དང་བོད་སྐད་རིམ་པ་ལྟར་པྲཛྙཱ་པཱ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཨུ་པ་ད་ཤ་ནི་མན་ངག་དང༌། ཤཱསྟྲ་ནི་བསྟན་བཅོས་དང༌། ཨ་བྷི་ས་མ་ཡ་ནི་མངོན་པར་རྟོགས་པ་དང༌། ཨ་ལང་ཀ་ར་ནི་རྒྱན་དང༌། ན་མ་ནི་ཞེས་བྱ་བ་དང༌། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། ། མཚན་དོན་གྱི་སྤྲོས་པ་གཞན་རྣམས་ནི་ཡོངས་སུ་གྲགས་ཤིང་ཐམས་ཅད་ན་གསལ་བའི་ཕྱིར་འདིར་མ་བྲིས་སོ། །

༼༡༽བསྟན་བཅོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ།

དེ་ལ་བསྟན་ཆོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་ནི་འདི་ལྟ་སྟེ། །ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང༌། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུང་བ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་གསུངས་སོ། །དེ་ལ་མཁྱེན་པ་གསུམ་གྱི་ངོས་འཛིན་ནི། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །གསུམ་གྱི་སྒྲིབ་པ་རྣམ་གསུམ་དང༌། །ཞེས་པའི་སྐབས་ཀྱི་མདོ་ཉིད་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིའོ། ཞེས་པ་ལ་སོགས་པ་གསུངས་ཤིང༌། རྒྱལ་བ་བྱམས་པའི་དངོས་སློབ་ཤིང་རྟ་ཆེན་པོ་སློབ་དཔོན་དབུ་མ་པ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འབུམ་པ་དང་ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པ་སྟེ། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་སུ། དེ་ལ་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། ཐམས་ཅད་ཤེས་པ་ཉིད་དོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པས་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱིས་བསྡུས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་འབྱུང་བས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་བྱ་བ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་བསྒོམ་པའི་རྒྱུ་ལས་བྱུང་བ་འཇིག་རྟེན་ལས་འདས་པའི་ལམ་གྱི་ཡེ་ཤེས་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཞེས་སེམས་བསྐྱེད་ཀྱི་སྐབས་སུ་གསུངས་པ་ནི། གང་ཟག་སོ་སོའི་རྒྱུད་ལ་ཡོད་པའི་མཁྱེན་གསུམ་ངོ་བོ་ཐ་དད་པ་རྣམས་བསྟན་ཏོ། །མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་ཀྱི་ཤེར་ཕྱིན་དེ་བཞིན་ཉིད་ནི་རྟེན་དང༌། གཞི་དེ་ལ་སློབ་ཅིང་འཇུག་པ་གང་ཟག་སོ་སོའི་རྒྱུད་ཀྱི་མཁྱེན་གསུམ་ངོ་བོ་ཐ་དད་པ་ནི་དེ་ལ་བརྟེན་པར་འགྱུར་ཚུལ་ཡང་སེམས་བསྐྱེད་ཀྱི་སྐབས་སུ་གནོད་འཇོམས་དེ་ཉིད་ལས། ཐམས་ཅད་དུ་དེ་བཞིན་ཉིད་ནི་གཅིག་མོད་ཀྱི་འོན་ཀྱང་དེའི་གཞི་ལ་འཇུག་པ་ཐ་དད་པས་རྣམ་པ་གསུམ་དུ་བཞག་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་པ་དང༌། ཐམས་ཅད་ཤེས་པ་ཉིད་ཀྱི་ས་པའོ། ། དང་པོ་ནི། ཕྱི་དང་ནང་གི་ཆོས་གང་ཡིན་པ་དེ་དག་ཡོངས་གྲུབ་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་དང༌། སྒྲའི་དེ་བཞིན་ཉིད་དང༌། དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་གནས་གྱུར་པ་ཆོས་ཀྱི་སྐུ་ནི་གཉིས་པ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་གསུམ་པ་ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་སྟེ། འདིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ། །ཞེས་བྱ་བ་དང༌། འཁོར་བ་ཡང་མི་ལེན་ཏོ། །ཞེས་བྱ་བ་དང༌། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་དེ་དང་དེ་ལས་བཤད་པ་གང་ཡིན་པའོ། །ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་སྔ་མ་ནི་ས་བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པས་རྟོགས་པ་བརྟན་པའི་ཕྱིར་གསུངས་སོ། །འདིར་ནི་མཐར་ཕྱིན་པའི་བསྟན་པའི་ཕྱིར་གསུངས་པར་རིག་པར་བྱའོ། །ཞེས་དང༌། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། ཞེས་པའི་སྐབས་ཀྱི་མདོའི་བཤད་པ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་ལམ་གྱི་རྣམ་པར་ཤེས་པའི་ཕྱོགས་དང་མཐུན་པ་གཉིས་ཀ་ཡང་འདིར། བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་བསྟན་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་གཞི་ཤེར་ཕྱིན་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ངོ་བོ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་དང༌། གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་ངོ་བོ་ཐ་དད་པའི་མཁྱེན་པ་གསུམ་གང་ཡིན་པ་དེ་གཉིས་རྟེན་དང་བརྟེན་པ་དང༌། སྔ་མ་ནི་གང་ལ་བསླབ་པར་བྱ་བའི་གཞི་འམ་ཡུམ་མཁྱེན་པ་གསུམ་ཡིན་ལ། ཕྱི་མ་ནི་དེ་ལ་འཇུག་པའམ། སློབ་པར་བྱེད་པའི་ཐབས་མཁྱེན་པ་གསུམ་ཡིན་ནོ། ། དེ་ལྟ་བས་ན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་ཀྱང་མཁྱེན་གསུམ་ངོ་བོ་ཐ་དད་པ་སོ་སོའི་རྒྱུད་ལ་ཡོད་པ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་དང༌། ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་ཞེས་པས་མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་པའི་ཡེ་ཤེས་དེ་གཉིས་ཀ་བསྟན་ཏོ། །དོན་དམ་པའི་ཤེར་ཕྱིན་རང་བྱུང་གི་ཡེ་ཤེས་དེ་ཉིད་ཉན་རང་ལ་སོགས་གང་དང་གང་གི་གང་ལ་དེ་དང་དེའི་མངོན་པར་རྫོགས་པའི་ཕྱོགས་དང་མཐུན་པ་དང༌། ཆོས་ཀྱི་དབྱིངས་གཅིག་པུ་དེ་ཉིད་ལ་འཇུག་པ་ཐ་དད་པ་དང༌། སློབ་ཚུལ་མི་འདྲ་བའི་རྒྱུས་གནས་སྐབས་སུ་དེ་དག་གི་མངོན་པར་རྟོགས་པའི་རིམ་པ་ཡང་མི་འདྲ་བར་བསྟན་ཏོ། །དངོས་པོ་གཅིག་ཉིད་ལ་ཡང་བློའི་འཕེན་པ་དང་འཇུག་ཚུལ་དང་མོས་པ་མི་འདྲ་བའི་དབང་གིས་སྡུག་པ་དང་མི་སྡུག་པ་ལ་སོགས་པར་མཐོང་བ་བཞིན་ནོ། །ཉན་ཐོས་རྣམས་ནི་བདེན་གཉིས་མ་ཕྱེ་བར་ཕྱོགས་གཅིག་ཏུ་ཐམས་ཅད་མི་རྟག་པ་དང༌། མི་སྡུག་པ་ལ་སོགས་པར་ཡིད་ལ་བྱེད་ཅིང་བསྒོམ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་ལེགས་པར་རྣམ་པར་ཕྱེ་ནས་ཀུན་རྫོབ་ཀྱི་མ་དག་པའི་ཆོས་རྣམས་དེ་ལྟར་ཡིན་ཡང་དོན་དམ་པའི་ཆོས་རྣམས་ནི་རྟག་པ་དང་བདེ་བ་དང་གཙང་བ་ལ་སོགས་སུ་ཡིད་ལ་བྱེད་ཅིང་འདྲིས་པར་བྱེད་པའི་ཕྱིར་གནས་སྐབས་སུ་ཆོས་ཉིད་རྟོགས་པ་ལ་ཡང་མི་འདྲ་བའི་ཁྱད་པར་གསུངས་སོ།