ཕར་ཕྱིན་མདོ་ལུགས་མ།

དེ་ལ་དང་པོ་ནི། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པས་མཚན་ཉིད་སྟོན་ཏེ་ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་་་་དང་ལྡན་པའི་འདོད་པ་ནི་མཚན་ཉིད་དོ། །ཐེག་པ་ཆེན་པོའི་སེམས་བསྐྱེད་ནི་མཚོན་བྱའོ། །བྱང་སེམས་སོ་སོའི་རྒྱུད་ལ་ཡོད་པ་ནི་མཚན་གཞིའོ། མདོ་སྡེ་རྒྱན་རྩ་འགྲེལ་ལས་སེམས་བསྐྱེད་པའི་མཚན་ཉིད་དུ་ཚིགས་སུ་བཅད་པ། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །སྤྲོས་བ་ཆེན་པོ་ནི་གོ་ཆའོ་བརྩོན་འགྲུས་ཀྱིས་དེ་ཟབ་མོ་དང༌། ཡུན་རིང་པོར་དཀའ་བ་སྤྱད་པ་བསྒྲུབས་པ་ལ་སྤྲོ་བའི་ཕྱིར་རོ། །རྩོམ་པ་ཆེན་པོ་ནི་གོ་ཆ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་བརྩོན་འགྲུས་ཀྱིས་སོ། །དོན་ཆེན་པོ་ནི་བདག་དང་གཞན་ལ་ཕན་པའི་ཆེད་ཀྱི་ཕྱིར་རོ། །འབྱུང་བ་ཆེན་པོ་ནི་བྱང་ཆུབ་ཆེན་པོ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །འདིས་ནི་ཡོན་ཏན་རྣམ་པ་གསུམ་ཡོངས་སུ་བསྟན་ཏེ། སྐྱེས་བུ་བྱེད་པའི་ཡོན་ཏན་ནི་དོན་གཉིས་ཀྱིས་སོ། །དོན་བྱེད་པའི་ཡོན་ཏན་དང༌། འབྲས་བུ་འཛིན་པའི་ཡོན་ཏན་ནི་ཚིག་གཉིས་ཀྱིས་སོ། །དོན་གཉིས་དང་ལྡན་པ་ནི་བྱང་ཆུབ་ཆེན་པོ་དང༌། སེམས་ཅན་གྱི་དོན་བྱ་བ་ལ་དམིགས་པའི་ཕྱིར་རོ། །ཡོན་ཏན་གསུམ་དང་དོན་གཉིས་ལ་དམིགས་པ་དང་ལྡན་པའི་སེམས་པ་ནི་སེམས་བསྐྱེད་པ་ཞེས་བྱའོ། །སེམས་བསྐྱེད་པ་རབ་ཏུ་དབྱེ་བར་ཚིགས་སུ་བཅད་པ་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་རྣམ་པ་བཞི་སྟེ། མོས་པས་སྦྱོད་པའི་ས་ལ་ནི་མོས་པ་ལས་བྱུང་བའོ། །ས་བདུན་པ་ལ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའོ། ། སངས་རྒྱས་པ་ལ་སོགས་པ་ནི་རྣམ་པར་སྨིན་པའོ། །སངས་རྒྱས་ཀྱིས་ལ་ནི་སྒྲིབ་པ་མེད་པའོ། ། སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པར་ཚིགས་སུ་བཅད་པ་བཞི་པ་སྟེ། དེའི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཆོས་ལ་མོས་དང་དེ་བཞིན་དེའི། །ཡེ་ཤེས་ཚོལ་བར་དམིགས་པའོ། །གོང་དུ་འདུན་པ་འགྲོ་བ་སྟེ། །སྡོམ་པ་རྒྱ་ཆེན་དེ་རྟེན། །ལམ་འགོག་པ་ནི་མི་མཐུན་ཕྱོགས། །སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་ཡེ་ཤེས་རང་བཞིན་གྱི། ། དགེ་བ་འཕེལ་བ་དེའི་ཕན་ཡོན། །ཕ་རོལ་ཕྱིན་ལ་རྟག་སྦྱོར་བ། །དེ་ནི་ངེས་པར་འབྱུང་བར་བརྗོད། །འདི་ཡི་མཐའ་ཐུག་ས་ཡིན་ཏེ། །སོ་སོ་རང་གི་དེ་སྦྱོར་བས། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ། ། རྣམ་པར་ངེས་པར་ཤེས་པར་བྱ། །དེ་ལ་རྣམ་པར་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཞི་པོ་འདིའི་རྩ་བ་ནི་གང་བསམ་པ་ནི་གང༌། མོས་པ་ནི་གང་དམིགས་པ་ནི་གང་འགྲོ་བ་ནི་གང་རྟེན་ནི་གང༌། ཉེས་དམིགས་ནི་གང༌། ཕན་ཡོན་ནི་གང༌། ངེས་པར་འབྱུང་བ་ནི་གང༌། མཐར་ཐུག་པ་ནི་གང་ཞེ་ན། སྨས་པ་སྙིང་རྗེ་ཆེན་པོ་ནི་རྩ་བའོ། །རྟག་ཏུ་སེམས་ཅན་ལ་ཕན་པར་སེམས་པའོ། །ཐེག་པ་ཆེན་པོའི་ཆོས་ལ་མོས་པའོ། །དེའི་ཡེ་ཤེས་ཚོལ་བར་དམིགས་པ་སྟེ། དེའི་ཡེ་ཤེས་ལ་ཚོལ་བའི་རྣམ་པར་དམིགས་པའི་ཕྱིར་རོ། །གོང་ནས་གོང་དུ་འདུན་པ་ནི་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ནི་རྟེན་ནོ། ། ལམ་གཅོད་པ་ནི་ཉེས་དམིགས་ཏེ། ལམ་གཅོད་པ་དེ་ཡང་གང་ཞེ་ན། མི་མཐུན་པའི་ཕྱོགས་ཐེག་པ་གཞན་གྱི་སེམས་སློང་ཞིང་དང་དུ་ལེན་པའོ། །བསོད་ནམས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་དགེ་བའི་རྩ་བ་འཕེལ་བ་ནི་ཕན་ཡོན་ནོ། །རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པ་ནི་ངེས་པར་འབྱུང་བའོ། །ས་ནི་མཐར་ཐུག་པ་ཡིན་ཏེ། སོ་སོ་རང་གི་ས་ལ་སྦྱོར་བས་གང་ཞིག་གང་ལ་ཞུགས་པའི་ས་དེ་ནི་དེའི་མཐར་ཐུག་པ་ཡིན་ནོ། །ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས།། མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །གཞན་གྱིས་བསྟན་ཅིང་གཞན་གྱིས་རྣམ་པར་རིག་བྱེད་ལས་སེམས་བསྐྱེད་པ་གང་ཡིན་པ་དེ་ནི་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞེས་བྱའོ། །དེ་ཡང་གྲོགས་ཀྱིས་སྟོབས་ལས་ཏེ། དགེ་བའི་བཤེས་གཉེན་གྱི་ངོར་སྐྱེ་བ་ཡང་ཡོད་དོ། །རྒྱུའི་སྟོབས་ལས་ཏེ། རིགས་མཐུས་སྐྱེ་བ་ཡང་ཡོད་དོ། །དགེ་བའི་རྩ་བ་སྟོབས་ལས་དེ་དེའི་རིགས་རྒྱས་པའི་སྒོ་ནས་སྐྱེ་བ་ཡང་ཡོད་དོ། །ཐོས་པའི་སྟོབས་ལས་སྐྱེ་བ་ཡང་ཡོད་དོ། ཆོས་ཀྱི་རྣམ་གྲངས་དེ་དང་དེ་བཤད་པ་ན་མང་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར། དགེ་བ་གོམས་ལས་ཏེ། ཚེ་འདི་ཉིད་ལ་རྟག་ཏུ་ཉན་པ་དང་འཛིན་པ་དང་འཆད་པ་ལ་སོགས་པ་ལས་སྐྱེ་བ་ཡང་ཡོད་དོ། །དེ་ཡང་གྲོགས་ཀྱི་སྟོབས་ལས་ནི་མི་བརྟན་པ་འབྱུང་བ་རིགས་པར་བྱའོ། །རྒྱུ་ལ་སོགས་པའི་སྟོབས་ལས་ནི་བརྟན་པ་བྱུང་ངོ༌། །དོན་དམ་པའི་སེམས་བསྐྱེད་པར་ཚིགས་སུ་བཅད་པ་བདུན་ཏེ། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། ། བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་ཕྱིར། །དེ་ཡི་རབ་དགའ་ཁྱད་པར་འཕགས། །སྐྱེ་བ་རྒྱ་ཆེ་དེ་ལ་སྤྲོ། །བསམ་པ་ཡང་ནི་དག་པ་དང༌། །ལྷག་མ་དག་ལ་མཁས་པ་དང༌། །ངེས་པར་འབྱུང་བ་ཤེས་པར་བྱ། །ཆོས་ལ་མོས་པ་ས་བོན་དང༌། །ཕ་རོལ་ཕྱིན་མཆོག་མ་ལས་སྐྱེས། །བསམ་གཏན་ལས་བྱུང་བདེ་བ་མངའ། །སྙིང་རྗེ་སྐྱེ་བའི་མ་མའོ། །སྨོན་ལམ་ཆེན་པོ་བཅུ་བསྒྲུབ་ཕྱིར། །རྒྱ་ཆེ་བར་ནི་ཤེས་པར་བྱ། །དཀའ་བ་ཡིན་རིང་མི་སྐྱོའི་ཕྱིར། །སྤྲོ་བ་ཁོང་དུ་ཆུད་པར་བྱ། །བྱང་ཆུབ་ཉེ་བར་རྟོགས་པ་དང༌། །དེ་ཡི་ཐབས་ཤེས་རྙེད་པའི་ཕྱིར། ། བསམ་པ་དག་པར་ཤེས་པར་བྱ། །ས་གཞན་ཚུལ་ལ་མཁས་པ་ཉིད། །ཇི་ལྟར་རྣམ་བཞག་ཡིད་བྱེད་པས། །དེ་རྟོག་ཉིད་དུ་ཤེས་ཕྱིར་དང༌། །དེ་ཉིད་ལ་ཡང་མི་རྟོག་ཕྱིར། །ངེས་པར་འབྱུང་བར་ཤེས་པར་བྱ། །ཚིགས་སུ་བཅད་པ་དང་པོ་ནི། ལུང་དང་བསྒྲུབ་པ་དང་རྟོགས་པའི་ཁྱད་པར་དག་གིས་སེམས་བསྐྱེད་པ་དོན་དམ་པ་ཉིད་དུ་སྟོན་པར་བྱེད་དོ། །དོན་དམ་མེད་པའི་སེམས་བསྐྱེད་པ་དེ་ཡང་ས་རབ་ཏུ་དགའ་བ་ལ་ཡིན་པས། དེའི་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པའི་རྒྱུ་སྟོན་ཏེ། དེ་ལ་ཆོས་རྣམས་ལ་སེམས་མཉམ་པ་ཉིད་ནི་ཆོས་ལ་བདག་མེད་པར་རྟོག་པའི་ཕྱིར་རོ། །སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་ནི་བདག་དང་གཞན་མཉམ་པ་ཉིད་ཏུ་རྟོག་པའི་ཕྱིར་རོ། །སེམས་ཅན་གྱི་བྱ་བ་དག་ལ་སེམས་མཉམ་པ་ཉིད་ནི། བདག་ཉིད་ཀྱི་སྡུག་བསྔལ་དང་འདྲ་བར་དེ་དག་གིས་སྡུག་བསྔལ་ཟད་པར་འདོད་པའི་ཕྱིར་རོ། །སངས་རྒྱས་ཉིད་ལ་སེམས་མཉམ་པ་ཉིད་ནི་དེའི་ཆོས་ཀྱི་དབྱིངས་དང་བདག་དབྱེར་མེད་པར་རྟོགས་པའི་ཕྱིར་རོ། ། དོན་དམ་པའི་སེམས་བསྐྱེད་པ་དེ་ཉིད་ལ་དོན་རྣམ་པ་དྲུག་ཏུ་རིག་པར་བྱ་སྟེ། སྐྱེ་བ་དང་རྒྱ་ཆེ་བ་དང༌། སྤྲོ་བ་དང༌། བསམ་པ་དག་པ་དང༌། ལྷག་མ་ལ་མཁས་པ་དང་ངེས་པར་འབྱུང་བའོ། །དེ་ལ་སྐྱེ་བ་ནི་ས་བོན་དང༌། མ་དང༌། མངལ་དང༌། མ་མའི་བྱེ་བྲག་ལས་རིག་པར་བྱའོ། །རྒྱ་ཆེན་པོའི་སྨོན་ལམ་ཆེན་པོ་བཅུ་མངོན་པར་བསྒྲུབ་པའི་ཕྱིར་རོ། །སྤྲོ་བ་ནི་དཀའ་བ་ཡུན་རིང་པོས་མི་སྐྱོ་བའི་ཕྱིར་རོ། །བསམ་པ་དག་པ་ནི་བྱང་ཆུབ་དང་ཉེ་བར་ཤེས་པའི་ཕྱིར་དང༌། དེའི་ཐབས་ཤེས་པའི་ཕྱིར་རོ། །ལྷག་མ་ལ་མཁས་པ་ནི་ས་གཞན་དག་ལ་མཁས་པའོ། །ངེས་པར་འབྱུང་བ་ནི་ས་ཇི་ལྟར་རྣམ་པར་བཞག་བཞིན་ཡིད་ལ་བྱེད་པས་སོ། །ཇི་ལྟར་ཡིད་ལ་བྱེད་པས་ཞེ་ན། འདི་ནི་རྟོག་པ་ཙམ་མོ་ཞེས་པ་རྣམ་པར་བཞག་པ་དེ་རྟོག་པ་ཉིད་དུ་ཤེས་པའི་ཕྱིར་རྟོག་པ་ཉིད་དུ་ཤེས་པ་དེ་ཉིད་ལ་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞེས་གསུངས་སོ། །སྨོན་ལམ་ཆེན་པོ་བཅུ་ནི། རྒྱལ་བ་ཀུན་ལ་མཆོད་ཅིང་རིམ་གྲོ་བྱ་བར་སྨོན་པ་དང༌། རྒྱལ་བ་ཀུན་གྱི་དམ་ཆོས་འཛིན་པར་སྨོན་པ་དང༌། རྒྱལ་བ་ཀུན་གྱི་དྲུང་དུ་འགྲོ་བར་སྨོན་པ་དང༌། རྒྱལ་སྲས་སྦྱོད་པ་རྒྱ་ཆེན་སྒྲུབ་པར་སྨོན་པ་དང༌། འགྲོ་ཀུན་ཡོངས་སུ་སྨིན་པར་སྨོན་པ་དང༌། ཞིང་ཁམས་ཀུན་ཏུ་འཇུག་པར་སྨོན་པ་དང༌། རྒྱལ་བའི་ཞིང་ཀུན་སྦྱོང་པར་སྨོན་པ་དང༌། འགྲོ་ཀུན་ཐེག་པ་ལ་འཇུག་པར་སྨོན་པ་དང༌། སྤྱོད་པ་ཐམས་ཅད་དོན་ཡོད་པར་སྨོན་པ་དང༌། མངོན་པར་བྱང་ཆུབ་ནས་ཐེག་ཆེན་སྒྲུབ་པར་སྨོན་པ་སྟེ། བཅུའི་དོན་འདི་ནི་ས་བཅུ་པའི་མདོ་ལས་བྱུང་ངོ༌། །སེམས་བསྐྱེད་འདི་སྤངས་པས་བདེ་བ་རྣམ་པ་བཞི་མི་འཐོབ་པ་ཡང་མདོ་སྡེའི་རྒྱན་ལས། ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་དག །གཞན་དོན་སེམས་དང་དེ་ཡི་ཐབས་རྙེད་དང༌། །དགོས་ཆེན་དོན་དང་དེ་ཉིད་མཆོག་མཐོང་བས། །བདེ་བ་དེ་སྦངས་ཞི་བར་འགྲོ་བར་འགྱུར། ཞེས་དང༌། སེམས་འདི་སྐྱེས་མ་ཐག་ཏུ་སེམས་ཅན་མཐའ་ཡས་པའི་རྟེན་ཅན་གྱི་ཉེས་པ་བྱེད་པ་ལས་སེམས་བསྡམས་པས་ངན་འགྲོས་མི་འཇིག་པ་དེ་ནི་དགེ་བའི་ལས་དང་སྙིང་རྗེ་གཉིས་འཕེལ་པས་གཞན་དོན་དུ་སྡུག་བསྔལ་གྱིས་དགའ་བ་དེ་ཉིད་ལས། བློ་ལྡན་སེམས་མཆོག་སྐྱེས་མ་ཐག་ཏུ་ཡང༌། །མཐའ་ཡས་ཉེས་པ་བྱེད་ལས་སེམས་རབ་སྡམས། །གཉིས་འཕེལ་བྱེད་པས་རྟག་ཏུ་དགེ་བ་དང༌། །བརྩེ་ལྡན་བདེ་དང་སྡུག་བསྔལ་དག་གིས་དགའ། །ཞེས་དང༌། སེམས་བསྐྱེད་པ་སྟེ། ཉེས་པ་ལ་མི་འཇུག་པའི་སྡོམ་པ་ཐོབ་པ་ཡང་དེ་ཉིད་ལས། །གང་ཚེ་གཞན་གྱི་དོན་ཕྱིར་ལུས་དང་ནི། །སྲོག་ལ་མི་ལྟ་རབ་ངལ་ཁས་ལེན་པ། །དེ་ལྟ་བུ་དེ་གཞན་ཕྱི་གནོད་པ་ཡིས། ། ཇི་ལྟར་ངན་པར་བྱེད་པའི་ལས་ལ་འཇུག །ཅེས་དང༌། སེམས་མི་རྟོག་པའི་རྒྱུ་ཡང་དེ་ཉིད་ལས། ། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང༌། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་བའི་དུས་དང་རྒུད་པའི་དུས་ན་འང༌། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །རང་གི་ཡོན་ཏན་སེམས་ཅན་ཕན་འདོགས་དགའ། །བསམ་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ། །རྒྱན་དང་སྟོན་མོ་ས་མཆོག་རྩེ་དགའ་བ། །སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད། ། ཅེས་དང༌། རང་གི་ཡོན་ཏན་གྱི་རྒྱན་དང༌། གཞན་ལ་ཕན་འདོགས་པས་དགའ་བའི་སྟོན་མོ་དང༌། བསམ་བཞིན་སྐྱེ་བའི་སྐྱེད་མོས་ཚལ་གྱིས་དང༌། རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་རྩེད་མོས་དགའ་བའོ། །སེམས་བསྐྱེད་པ་སྡུག་བསྔལ་གྱིས་མི་འཇིགས་པ་ཡང༌། གཞན་དོན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་འདི། ། གང་ཚེ་མནར་མེད་པ་ལའང་དགར་འཛིན་པ། །དེ་འདྲ་བ་དག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་དང་དེ་འདྲ་བས་སེམས་ཅན་མི་འདོད་ཞིང་གཞན་དོན་དུ་གནས་པ་ལ་དགེ་བའི་བཤེས་གཉེན་གཞན་གྱིས་བསྐུལ་བ་ངོ་ཚ་བ་ཡང༌། སློབ་དཔོན་བརྩེ་ཆེན་རྟག་ཏུ་བསྟེན་པའི་བདག །ཕ་རོལ་སྡུག་བསྔལ་དག་གིས་སེམས་གདུང་བ། །གཞན་གྱི་བྱ་བ་ཉེ་བར་གནས་པ་ལ། །གཞན་གྱིས་བསྐུལ་བ་ཤིན་ཏུ་ངོ་ཡང་ཚ། ། ཞེས་པ་དང༌། ལེ་ལོ་སྨད་ཅིང་ཉན་ཐོས་པས་བརྩོན་པ་བརྒྱ་འགྱུར་དུ་བྱ་བར་རིགས་པ་ཡང༌། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་པ་ཡི། །སེམས་ཅན་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་པ། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །ཞེས་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལས། སེམས་བསྐྱེད་ཀྱི་མཚན་ཉིད་དང༌། དབྱེ་བ་དང༌། གཏན་ལ་དབབ་པ་དང༌། ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་དང༌། དོན་དམ་པའི་དང༌། དཔེའི་ཆེ་བ་ཉིད་དང༌། སེམས་མ་སྐྱེས་པ་སྨད་པ་དང༌། ངན་འགྲོ་དང༌། སྐྱོ་བས་མི་འཇིགས་པས་སེམས་བསྐྱེད་བསྔགས་པ་དང༌། ཉེས་པ་མི་བྱེད་པའི་སྡོམ་པ་ཐོབ་པ་དང༌། སེམས་མི་ལྡོག་པའི་རྒྱུ་དང༌། སྡུག་བསྔལ་གྱིས་མི་འཇིགས་པ་དང༌། སེམས་ཅན་མི་འདོར་བ་དང༌། ལེ་ལོ་སྨད་པ་སྟེ། ཆོས་བཅུ་གསུམ་པོ་འདིའི་སྒོ་ནས་ཐེག་པ་ཆེན་པོའི་སེམས་བསྐྱེད་རྒྱས་པར་གསུངས་པ་ཇི་ལྟ་བ་བཞིན་དུ་འདིར་ཡང་རྟོགས་པར་བྱའོ། །སྨོན་པ་དང་འཇུག་པའི་ཁྱད་པར་ཡང་རང་གཞན་གྱི་དབྱེ་བ་ལས་གཞན་དོན་འདོད་པ་སྨོན་པའི་སེམས་དང༌། བྱང་ཆུབ་འདོད་པ་འཇུག་པའི་སེམས་ཡིན་ཏེ། འཇིག་རྟེན་མགོན་པོ་སྦྱན་རས་གཟིགས་ཀྱི་ཞལ་སྔ་ནས། འཇུག་པའི་སེམས་དང་སྨོན་པ་ཡི་ནི་སེམས་ཉིད་དེ། །དེ་གཉིས་དག་ལ་དབྱེ་བ་དེ་ནི་ཅུང་ཟད་ཡོད། །འགྲོ་བར་འདོད་པ་དང་ནི་འགྲོ་བ་ཉིད་ཡིན་ཏེ། །གང་ཡང་བྱེ་བྲག་དེ་ནི་སེམས་ཀྱི་དབང་ཉིད་དོ། །འཁོར་བའི་བདེ་བ་སྨོན་པ་ཡི་ནི་སེམས་ཡིན་ཏེ། །དཔག་མེད་སྐལ་པ་རུ་ནི་གཞན་གྱི་དོན་ཕྱིར་རོ། །མ་ཉམས་བདེ་བ་འཇུག་པ་ཡི་ནི་སེམས་ཡིན་ལ། །མྱ་ངན་འདས་པའི་མཐར་ཐུག་དེ་བཞིན་བདག་གི་དོན། །ཞེས་གསུངས་པའི་ཕྱིར། འདིར་ཡང་དེ་དང་དགོངས་པ་གཅིག་ཏུ་གོ་དགོས་སོ། །དེ་ལྟར་དེས་ནི་སེམས་བསྐྱེད་ཀྱི་མཚན་ཉིད་བསྟན་ཟིན་ཏོ། ། བསྡུས་དང་རྒྱས་པའི་སྒོ་ནས་ཡུམ་གྱི་མདོ་བཞིན་བརྗོད་པ། དེ་ནི་ཡུམ་གྱི་མདོ་བཞིན་དུ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་པ་ནི། གལ་ཏེ་ཁྱོད་སེམས་བསྐྱེད་ཀྱི་ངོ་བོ་འདོད་པ་ཡིན་པར་སྟོན་ན། དེ་ནི་ཉི་ཁྲི་སྣང་བ་རྗེས་འབྲང་དང་བཅས་པས་བཀག་གོ་ཞེ་ན། རྒྱལ་བས་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ནས་མི་འཆད་ཅིང༌། རྒྱལ་བའི་རྒྱལ་ཚ་བ་རྗེས་འབྲང་གི་ལུགས་ལྟར་མི་སྟོན་ན། དེ་ལྟར་ཡིན་མོད་ཀྱང་འདིར་ནི་རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས་གོང་མ་གོང་མ་རྣམས་ཀྱིས་གནོད་པའི་ཚུལ་དུ་སྟོན་དགོས་པས། རྒྱལ་བ་དང་རྒྱལ་ཚབ་དག་གིས་གསུངས་པ་དེ་ཁོ་ན་ལྟར་བཤད་པར་བྱའོ།