ཕར་ཕྱིན་མདོ་ལུགས་མ།

དེ་ཡང་བསྟོད་པའི་ཚོགས་སྔོན་ལ་གསུངས་ཤིང༌། རིགས་པའི་ཚོགས་དེའི་ཕྱི་ནས་གསུངས་པར་རིགས་པ་དྲུག་བཅུ་པ་ལས་གསལ་ཏེ། དེ་ཉིད་ལས་ཇི་སྐད་དུ། རེ་ཞིག་གཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང༌། །བཟློག་པར་འགྱུར་བ་མཉན་པར་གྱིས། །ཞེས་ཉེས་པ་ཐམས་ཅད་འབྱུང་བའི་གནས་སམ། རྒྱུ་ཆོས་ཉིད་ཀྱི་དབུ་མ་གཤིས་ལ་མེད་པ་ཉིད་དུ་འདོད་པ་དེ་བསྟོད་པའི་ཚོགས་ཀྱིས་བཀག་ཟིན་གྱིས། ད་ནི་རིགས་པའི་ཚོགས་ཀྱིས་ཀུན་རྫོབ་ཀྱི་ཆོས་གཤིས་ལ་ཡོད་པ་ཉིད་དུ་འདོད་པ་ཡང་བཟློག་པར་འགྱུར་བ་མཉན་པར་གྱིས་ཞེས་གདམས་པའོ། །འཇམ་དཔལ་རྩ་བའི་རྒྱུད་དུ་ཡང་འཕགས་པ་འདི་ལུང་བསྟན་པར། ཁམས་དོན་བསྟན་ཆོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་རིག། ཅེས་བདེ་གཤེགས་སྙིང་པོ་ཆོས་ཁམས་དགེ་བ་གང་ཡིན་པ་དེ་གཤིས་ལ་ཡོད་པར་སྟོན་པའི་བསྟན་ཆོས་བསྟོད་པའི་ཚོགས་དུ་མ་དང༌། ཐ་སྙད་པའི་ཆོས་གཤིས་ལ་དངོས་མེད་དུ་བསྟན་པའི་གཞི་ལ་ཡང་དག་དོན་གྱི་དེ་ཉིད་རིག་པར་བྱེད་པའི་བསྟན་ཆོས་རིགས་པའི་ཚོགས་དག་ཀྱང་ལུང་བསྟན་ཏོ། །དེས་ན་དབུ་མ་སྟོན་པ་ལ་ཡོད་པ་བཀག་ཙམ་གྱིས་མི་ཆོག་གི ཡོད་མེད་གཉིས་ཀའི་མཐའ་སེལ་དགོས་སོ། །སྒྲོ་འདོགས་བསལ་ཙམ་གྱིས་མི་ཆོག་གི སྐུར་འདེབས་ཡང་སེལ་དགོས་སོ། འཕགས་པ་ཀླུ་སྒྲུབ་འདིས་ནི་རྒྱལ་བའི་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ། ཡོད་མེད་སྒྲོ་སྐུར་གཉིས་ཀའི་མཐའ་བསལ་ནས་དེ་གཉིས་ཀྱི་དབུ་མ་བླ་ན་མེད་པའི་ཐེག་པ་ཆེན་པོ་ཡོད་པར་གསུངས་པ་ཡིན་ནོ། ། རིགས་པའི་ཚོགས་ཀྱིས་ཡོད་པ་བཀག་ཙམ་ལ་ཚོད་འཛིན་པ་ནི་དབུ་མ་མ་ཡིན་གྱི། བསྟོད་པའི་ཚོགས་ཀྱིས་བཀག་པ་དེའི་གཞི་ལ་ཆོས་དབྱིངས་ཡོད་པར་བསྟན་པས་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དབུ་མ་ཇི་ལྟ་བ་བཞིན་བསྟན་པ་ཡིན་ནོ། །དེ་ཡང་དབུ་མ་པར་ཁས་འཆེ་བ་ཕལ་ཆེ་བ་ནི་ཡོད་པ་བཀག་ཙམ་གྱི་ཕྱོགས་ལ་འཆོལ་བ་འབའ་ཞིག་ཏུ་སྣང་སྟེ། ཡང་དག་པའི་དོན་ལ་སྐུར་བ་བཏབ་ཉེན་ཡོད་ལགས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས་ཡོད་མེད་གཉིས་ཀ་བཤིག་པ་དེ་བཞིན་དུ། རྒྱལ་བས་གསུང་རབས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་འབྱེད་པར་ལུང་བསྟན་པའི་འཕགས་པ་ཐོགས་མེད་ཞབས་ཀྱིས་ཀྱང༌། ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་ཆོས་ཐ་སྙད་པའི་རང་བཞིན་རྣམས་དོན་དམ་དུ་ཡོད་པ་བཀག་ཅིང་མེད་པར་བསྟན་པས། ཀུན་རྫོབ་ཀྱི་ཆོས་དོན་དམ་དུ་ཡོད་པར་འདོད་པའི་ཕྱོགས་བཤིག་ལ། ཡོངས་སུ་གྲུབ་པ་ཆོས་ཐ་སྙད་པའི་རང་བཞིན་རྣམས་དོན་དམ་དུ་ཡོད་པ་བཀག་ཅིང་ཡོད་པར་བསྟན་པས་དོན་དམ་དུ་ཅི་ཡང་མེད་པར་འདོད་པ་བཤིག་གོ །དེ་ལྟར་ཕྱོགས་གཉིས་པོ་བཤིག་པའི་ལྷག་མ་དབུས་མ་བར་མ་གང་ཡིན་པ་བླ་ན་མེད་པའི་ཐེག་ཆེན་མཐར་ཐུག་དོན་གྱི་དབུ་མ་གསལ་བར་བསྟན་པ་ཡིན་ནོ། །དེས་ན་འཕགས་པ་དེ་དག་ཇི་ལྟ་བ་བཞིན་དུ་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དག་གིས་ཀྱང་མཐར་ཐུག་དོན་དམ་གྱི་དབུ་མ་དེ་ཉིད་གསལ་བར་མཛད་དོ། །དེ་ཉིད་ཀྱི་ཕྱིར། ཐོགས་མེད་སྐུ་མཆེད་ལ་སོགས་པས་ཡུམ་དངོས་སྨྲའི་གཞུང་དུ་བཀྲོལ་ཞེས་ཟེར་བ་ནི་རང་གཞན་གཉིས་ཀ་ཉམས་པར་བྱེད་པའི་ཚིག་ཏུ་སྣང་ངོ༌། ། སེམས་ཙམ་པའི་མཐར་ཐུག་གི་དོན་ནི། ཕྱི་རོལ་གྱི་གཟུང་འཛིན་དང་བྲལ་བའི་རྣམ་ཤེས་སྐད་ཅིག་མ་དེ་ཉིད་དོན་དམ་དུ་གྲུབ་པར་འདོད་པ་ཡིན་ལ། འགྱུར་བ་མེད་པའི་ཡོངས་གྲུབ་ཆོས་དབྱིངས་དེ་བཞིན་ཉིད་ནི་རྣམ་ཤེས་དང་སྐད་ཅིག་ཐམས་ཅད་ལས་འདས་པའི་གཉིས་མེད་ཡེ་ཤེས་ཡིན་པའི་ཕྱིར། དངོས་སྨྲའི་སྐྱོན་གྱིས་ནམ་ཡང་གོས་པ་མེད་དོ། །དེས་ན་རྣམ་ཤེས་ཙམ་དུ་སྨྲ་བའི་མཐར་ཐུག་གི་དོན་དམ་ནི། རྣམ་ཤེས་དང་མི་རྟག་པ་དང༌། འདུས་བྱས་དང༌། ཁམས་གསུམ་པོ་ཡི་ངོ་བོ་དང༌། མ་རིག་པའི་བདག་ཉིད་ཡིན་ལ། འགྱུར་བ་མེད་པའི་ཡོངས་གྲུབ་ནི་ཡེ་ཤེས་དང༌། རྟག་པ་དང༌། འདུས་མ་བྱས་དང༌། ཁམས་གསུམ་ལས་འདས་པ་དང་ནང་རིག་འགྱུར་བ་མེད་པ་ཡིན་པའི་ཕྱིར་དེ་དག་གཅིག་པར་ཇི་ལྟར་འགྱུར། གལ་ཏེ་དེ་དག་གཅིག་ན་སྣང་བ་དང་མུན་པ་གཅིག་པ་དང༌། དུག་དང་བདུད་རྩི་གཅིག་པ་དང༌། ཚ་རེག་དང་གྲང་རེག་གཅིག་པ་དང༌། སྡུག་བསྔལ་དང་བདེ་བ་གཅིག་གོ་ཞེས་པ་ལས་གཞན་ཅིར་འགྱུར། སེམས་ཙམ་པ་ནི་རྣམ་ཤེས་མ་ཡིན་པའི་ཡེ་ཤེས་དང་སངས་རྒྱས་ཞེས་བྱ་བ་མི་འདོད་དེ། མགོན་པོ་སྦྱན་རས་གཟིགས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས། ཇི་སྐད་དུ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་ནི་འགའ་ཡང་མེད་དོ། །འདིར་ཅིའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ན། ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་པ་འགའ་ཡང་མེད་ཅེ་ན། བརྗོད་པར་བྱ་སྟེ། འདིར་རྣམ་པར་ཤེས་པར་སྨྲ་བ་རྣམས་རྣམ་པར་ཤེས་པའི་ཆོས་ལ་གནས་པའི་ཕྱིར་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཕྱིར་རོ། །ཞེས་གསུང་སོ། ། དེས་ན་སེམས་ཙམ་པ་ནི་སངས་རྒྱས་ཀྱང་རྣམ་ཤེས་སྐུར་འདོད་ཅིང་ཡེ་ཤེས་ཀྱི་སྐུར་མི་འདོད་ན། རྣམ་ཤེས་མ་གཏོགས་པའི་ཡེ་ཤེས་གཞན་འདོད་པ་ལྟ་ཅི་སྨོས་ཀྱང་ཅི་དགོས། སེམས་ཙམ་པ་ནི་མཐར་ཐུག་དོན་དམ་བདེན་པ་རྣམ་ཤེས་ཡིན་པར་འདོད་ལ། དེ་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱང་ཡིན་པར་འདོད་པས་དེ་ལས་མི་འདའ་བའི་ཕྱིར། དེ་དག་རྣམ་པར་ཤེས་པའི་ཆོས་ལ་གནས་ཞེས་གསུངས་ལ། དབུ་མ་པ་ནི་མཐར་ཐུག་དོན་དམ་བདེན་པ་གཉིས་མེད་ཡེ་ཤེས་ཡིན་པར་འདོད་ལ། དེ་ཆོས་ཉིད་དེ་བཞིན་ཉིད་ཀྱང་ཡིན་པར་འདོད་ཅིང༌། དོན་ལའང་གནས་པ་དེ་རྣམས་ཐམས་ཅད་ལས་འདས་པའི་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་ཞེས་གསུངས་སོ། ། དེས་ན་ཆོས་དབྱིངས་དོན་དམ་པ་དེ་ཉིད་ཡེ་ཤེས་ཡིན་པ་དང༌། རྣམ་ཤེས་ཡིན་པར་འདོད་པ་ལས་དབུ་མ་དང་སེམས་ཙམ་གྱི་ཁྱད་པར་དུ་འགྱུར་གྱི། འགྱུར་མེད་ཡོངས་གྲུབ་འདོད་མི་འདོད་དང༌། དོན་དམ་དུ་གྲུབ་ཡོད་པར་འདོད་མི་འདོད་ལས། དབུ་སེམས་སུ་འཇོག་པ་ནི་མདོ་རྒྱུད་ལ་སོགས་ཡིད་ཆེས་ཀྱི་ལུང་གང་ལས་ཀྱང་མ་གསུངས་སོ། །རང་རང་གི་མཐར་ཐུག་གི་དོན་གང་དང་གང་འདོད་པ་དེ་དང་དེ་ཉིད་དེ་དང་དེའི་གྲུབ་པའི་མཐར་འགྱུར་གྱི། གནས་སྐབས་ཀྱི་ཁྱད་པར་ཅུང་ཟད་མི་འདྲ་བ་ལས། གྲུབ་མཐའ་མི་གཅིག་པར་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་ཅན་དོན་དམ་དུ་འདོད་པས་བྱེ་བྲག་ཏུ་སྨྲ་པ་དང། སྐྱེ་པའི་ཆ་ཤས་ཅན་གྱི་སེམས་ཅན་མི་འདོད་ཀྱང་ཕྱི་རོལ་དོན་དམ་དུ་འདོད་པས་མདོ་སྡེ་བ་དང༌། རྣམ་པར་ཤེས་པ་ཙམ་དོན་དམ་དུ་འདོད་པས་སེམས་ཙམ་པ་དང༌། དོན་དམ་དེ་བཞིན་ཉིད་དེ་ཁོ་ན་ཉིད་དུ་གྲུབ་པར་འདོད་པས་དབུ་མ་པར་འགྱུར་བ་ནི། ཡིན་ལུགས་ཀྱི་སྟེང་དུ་མ་ཕེབས་ཀྱི་བར་དུ་འོག་མ་འོག་མའི་ཁྱད་པར་དེ་མི་འདོད་ཀྱང༌། གོང་མ་གོང་མ་དང་མི་མཐུན་པའི་ཁྱད་པར་ཁས་ལེན་པ་ལས་གནས་སྐབས་སུ་ཐེག་པ་དང་གྲུབ་མཐའ་སོ་སོར་འབྱུང་སྟེ། ཇི་སྐད་དུ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །ཞེས་དང༌། འཇིག་རྟེན་མགོན་པོའི་ཞལ་སྔ་ནས་ཀྱང༌། བྱེ་བྲག་ཏུ་སྨྲ་བ་ནི་སྐྱེ་བའི་ཆ་ཤས་ཅན་གྱི་སེམས་ཅན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །མདོ་སྡེ་པ་ནི་དོན་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །རྣལ་འབྱོར་སྤྱོད་པ་བ་ནི་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སོ། །དབུ་མ་པ་ནི་དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་དེ་ཞེས་གསུངས་སོ། །གཞན་ཡང་འཕགས་པ་འཇམ་དཔལ་དང༌། མགོན་པོ་སྦྱན་རས་གཟིགས་དང༌། འཕགས་པ་ལྷ་དང༌། སློབ་དཔོན་ཛེ་ཏ་རི་སྒྲ་ལས་རྣམ་པར་རྒྱལ་བ་རྣམས་ཀྱི་དགོངས་པ་གཅིག་དང་དབྱངས་གཅིག་གིས་ནང་བའི་གྲུབ་མཐའ་བཞི་པོ་སོ་སོར་གསུངས་པ་འདི་ལྟ་སྟེ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དང་ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་མཁའ་མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡས་རིག། ཅེས་པ་མདོ་སྡེ་པའི་གྲུབ་མཐའ་དང༌། ཆ་ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང༌། །གཟུང་དང་འཛིན་ལས་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་པ་སེམས་ཙམ་པའི་གྲུབ་མཐའ་དང༌། རྣམ་ཤེས་དེ་ཡང་དོན་དམ་དུ་ཡོད་པར་མཁས་རྣམས་མི་འདོད་དེ། གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བ་ནམ་མཁའི་པད་མ་བཞིན། །ཡོད་མིན་མེད་མིན་ཡོད་མིན་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་པ་དབུ་མ་པའི་གྲུབ་པའི་མཐའོ། །དེ་ལྟར་གྲུབ་མཐའ་བཞི་བོ་སོ་སོའི་འདོད་ཚུལ་རང་རང་གི་མཐར་ཐུག་གི་དོན་གང་ཡིན་ངོས་འཛིན་པའི་ཚིགས་སུ་བཅད་པ་འདི་དག་འཕགས་པ་འཇམ་དཔལ་ལ་སོགས་པ་ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་རྣམས་ཀྱིས་གསུངས་པའི་ཕྱིར་གྲུབ་མཐའ་སོ་སོའི་དབྱེ་བ་དང་ཁྱད་པར་དབུ་སེམས་ཀྱི་བྱེ་བྲག་གང་ཡིན་ཡང་འདི་བཞིན་འབྱེད་པར་རིགས་སོ། ། དེས་ན་སེམས་ཙམ་པའི་མཐར་ཐུག་གི་དོན་ནི་རྣམ་པར་ཤེས་པ་ཡིན་ནོ། །རྣམ་ཤེས་དེ་ཡང་ཕྱི་རོལ་ལ་དམིགས་པའི་གཟུང་འཛིན་དང་བྲལ་བའི་ཕྱིར་ཕྱིའི་དོན་ལ་དམིགས་པ་མེད་ཀྱང་རྨི་ལམ་བཞིན་དུ་ཕྱི་ནང་སྣོད་བཅུང་སྣ་ཚོགས་ཀྱི་རྣམ་པར་སྣང་བའི་ཚུལ་གྱིས་དོན་དམ་དུ་གྲུབ་པར་འདོད་ལ། ཆོས་ཉིད་ཀྱང་དེ་ཡིན་པར་འདོད་དོ། །དེས་ན་མཐའ་ཐུག་གི་དོན་རྣམ་ཤེས་ཡིན་པས་རྣམ་པར་ཤེས་པ་སྨྲ་བ་ཡིན་ལ། རྣམ་པར་ཤེས་པའི་དངོས་པོ་ཡིན་པའི་དངོས་སྨྲ་བ་ཡིན་ནོ། །བློ་དང་སེམས་དང་རིག་པ་གང་ཡིན་ཐམས་ཅད་ཀྱང་རྣམ་ཤེས་ཡིན་པར་འདོད་ཀྱི། རྣམ་ཤེས་མ་ཡིན་པའི་ཡེ་ཤེས་ཞེས་བྱ་བ་ནི་མི་འདོད་དོ་དེས་ནས་སེམས་ཙམ་པའི་གྲུབ་མཐའ་ལས། རྣམ་པར་ཤེས་པ་དོན་དམ་ཡོད། ཅེས་གསུངས་ཀྱི། འགྱུར་མེད་ཡོངས་གྲུབ་དོན་དམ་ཞེས་མ་གསུངས་པའི་ཕྱིར་དང༌། གཉིས་མེད་ཡེ་ཤེས་དོན་དམ་ཡོད་ཅེས་ཀྱང་མ་གསུང་བའི་ཕྱིར་རོ། །དབུ་མ་པས་འགོག་པའི་ཚེ་ཡང༌། རྣམ་ཤེས་དེ་ཡང་དོན་དམ་དུ། ། ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་གསུངས་ཀྱི། འགྱུར་མེད་ཡོངས་གྲུབ་དོན་དམ་དུ། ། ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་མ་གསུངས་པའི་ཕྱིར་དང༌། གཉིས་མེད་ཡེ་ཤེས་དོན་དམ་དུ། །ཡོད་པ་མཁས་རྣམས་མི་འདོད་དེ། །ཞེས་ཀྱང་མ་གསུངས་པའི་ཕྱིར་རོ། །དེས་ན་རྣམ་ཤེས་དོན་དམ་དུ་འདོད་པ་དང༌། དོན་དམ་རྣམ་ཤེས་སུ་འདོད་པ་ལས་སེམས་ཙམ་པ་དང་དངོས་པོར་སྨྲ་བ་ཡིན་གྱི། འགྱུར་མེད་ཡོངས་གྲུབ་ནི་རྣམ་ཤེས་མ་ཡིན་ལ་རྣམ་ཤེས་ཀྱང་འགྱུར་མེད་ཡོངས་གྲུབ་མ་ཡིན་པའི་ཕྱིར། འགྱུར་མེད་ཡོངས་གྲུབ་དོན་དམ་དུ་འདོད་པས་སེམས་ཙམ་པ་མ་ཡིན་ཞིང་དངོས་པོར་སྨྲ་བ་ཡང་མ་ཡིན་ནོ། །དེས་ན་དབུ་མའི་མཐར་ཐུག་གི་དོན་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཡོངས་གྲུབ་ཤེར་ཕྱིན་ཟབ་མོ་གཉིས་སུ་མེད་པའི་ཡེ་ཤེས་ལ། དེ་སེམས་ཙམ་པ་འདོད་པའི་རྣམ་ཤེས་ཀྱང་ཡིན། ཆོས་ཉིད་ཀྱང་ཡིན་པ་དེ་ལས་འདས་པའི་ཕྱིར། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཞེས་ཡང་དང་ཡང་དུ་གསུངས་སོ། །དེས་དབུ་སེམས་ཀྱི་ཁྱད་པར་གསུངས་ཀྱི། ངོ་བོ་ཉིད་གསུམ་འདོད་མི་འདོད་དང༌། རྣམ་ཤེས་ཚོགས་བརྒྱད་འདོད་མི་འདོད་དང༌། ཀུན་གཞི་རྣམ་ཤེས་འདོད་མི་འདོད་དང༌། རིགས་ཆད་འདོད་མི་འདོད་དང༌། དོན་དམ་དུ་གྲུབ་པའི་ཆོས་འདོད་མི་འདོད་ལས། དབུ་མ་དང་སེམས་ཙམ་གྱི་ཁྱད་པར་འབྱེད་པ་ནི་རྒྱལ་བའི་བཀའ་ཡང་ཡང་དག་དང༌། ས་བཅུ་བ་རྣམས་ཀྱིས་མ་གསུངས་སོ་དེའི་ཕྱིར་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་རྒྱལ་བའི་ཡུམ་སེམས་ཙམ་དུ་བཀྲལ་ན་ངེས་དོན་མཐར་ཐུག་གི་སྐབས་ཐམས་ཅད་རྣམ་ཤེས་དོན་དམ་དུ་བསྟན་པ་འབའ་ཞིག་འོང་དགོས་པ་ལས། གནོད་འཇོམས་སུ། ཡོད་པ་མ་ཡིན་ཞེས་བྱ་བས་ནི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པར་བསྟན་ཏོ། །ཞེས་རྣམ་པར་ཤེས་པ་བཀག་པ་མ་གཏོགས་པ་གཞུང་འགྲེལ་གནོད་འཇོམས་དང་བརྒྱད་སྟོང་དོན་བསྡུས་དང་འབུམ་ཊིཀ་ལ་སོགས་ཐོག་མཐའ་བར་གསུམ་རྣམ་ཤེས་དོན་དམ་དུ་བསྟན་པ་ཡིག་འབྲུ་གཅིག་ཀྱང་མི་སྣང་ངོ༌། །ཁྱད་པར་དུ་སློབ་དཔོན་དབྱིག་གཉེན་འདི་ནི་རྣམ་ཤེས་གང་ཡིན་ཐམས་ཅད་སྦང་བྱ་ཡིན་པར་བཞེད་དོ། །སུམ་ཅུ་པའི་རབ་ཏུ་བྱེད་པར་རྣམ་ཤེས་གང་ཡིན་རྣམ་རྟོག་ཡིན་པ་དང༌། ཡུམ་གྱི་གཞུང་འགྲེལ་དང༌། མདོ་སྡེ་རྒྱན་གྱི་འགྲེལ་པ་དང༌། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ལ་སོགས་པར་རྣམ་རྟོག་གང་སྦང་བྱ་ཡིན་པར་གསུངས་པའི་ཕྱིར་རོ། །སློབ་དཔོན་དུལ་བ་ལྷ་ལ་སོགས་པས་སློབ་དཔོན་འདིའི་དགོངས་པ་ཡིན་ཟེར་ནས་དབུ་མ་པ་ཕྱོགས་སྔར་བྱས་ཀྱིན་བཀག་པ་མང་པོ་ཡོད་དེ། སློབ་དཔོན་འདི་ཉིད་ཀྱི་གསུང་རབ་གང་ལས་ཀྱང་དབུ་མ་པའི་འདོད་ལུགས་ལ་དགག་པ་བྱ་བ་ཡིག་འབྲུ་གཅིག་ཀྱང་མ་བྱུང་བའི་ཕྱིར། སློབ་དཔོན་གྱི་ཞབས་འདྲེན་དུ་འགྱུར་བ་བྱེད་པར་མི་རིགས་སོ། །དེས་ན་རྣམ་ཤེས་གང་ཡིན་སྦང་བྱར་བྱེད་པའི་རྣམ་པར་ཤེས་པར་སྨྲ་བ་པོ་དེ་ལ་ཡང་མཁས་པ་རྣམས་ཀྱིས་ལེགས་པར་ཞིབ་ཏུ་དགོངས་པ་གཏོང་བར་ཞུ་ལགས་སོ། །དེ་ལྟ་བས་ན་མཐར་ཐུག་གི་དོན་རྣམ་ཤེས་ཡིན་པར་འདོད་མི་འདོད་ལས་སེམས་ཙམ་པ་ཡིན་མིན་དུ་འཇོག་པ་འདི་ནི་ས་བཅུ་པ་རྣམས་ཀྱི་མན་ངག་འདོད་ལུགས་ཕན་ཚུན་དུ་མི་འཆུག་པའི་ཁོང་གཟེར་ལྟ་བུ་ཡ་ཡོར་མི་འགྲོ་བའི་ཚངས་ཐིག། དབུ་སེམས་ཀྱི་ཁྱད་པར་གཏན་ལ་ཕེབས་པའི་གདམ་ངག་གི་དོན་ཡིན་ནོ། ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་དང་ཆོས་ཉིད་དུ་ཕྱེ་བ་དང༌། དབུས་དང་མཐའ་མར་ཕྱེ་བ་དང༌། རང་བཞིན་དང་བཅོས་མར་ཕྱེ་བ་དང༌། གཉུག་མ་དང་གློ་བུར་བར་ཕྱེ་བ་དང༌། སྙིང་པོ་དང་ཤུན་པར་ཕྱེ་བ་དང༌། རང་སྟོང་དང་གཞན་སྟོང་དུ་ཕྱེ་བ་དང༌། གཤིས་ལུགས་དང་འཁྲུལ་ལུགས་སུ་ཕྱེ་བ་དང༌། རྣམ་ཤེས་དང་ཡེ་ཤེས་སུ་ཕྱེ་བ་དང༌། མཉམ་བཞག་དང་རྗེས་ཐོབ་ཏུ་ཕྱེ་བ་དང༌། ཀུན་གཞིའི་རྣམ་ཤེས་དང་ཀུན་གཞིའི་ཡེ་ཤེས་སུ་ཕྱེ་བ་ལ་སོགས་པ་དངོས་པོ་བརྒྱད་རང་བཞིན་གསུམ་གྱི་བར་ནས་བཏོན་དེ་སོ་སོར་ལེགས་པར་རྣམ་པར་ཕྱེ་ནས་བཤད་པ་ཉིད་ཀྱིས་མདོ་ཇི་ལྟ་བ་བཞིན་དུ་འཆད་པ་ནི། བདེན་པ་གཉིས་ཀྱི་རྣམ་དབྱེ་ལ་བརྟེན་ནས་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་བའི་ཚུལ་གྱིས་བཤད་པ་ནི་འདི་ལྟར་སྟེ། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང༌། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །རིམ་པ་བཞིན་དུ་བཤད་བར་བྱའོ། ། ༢ ཚིག་དོན་ཡན་ལག་རྒྱས་པར་བཤད་པ། དེ་ལ་སོ་སོའི་ངོ་བོ་ནི། མཁྱེན་པ་གསུམ་སྔར་བསྟན་ལ། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་གྱི་མཚན་ཉིད་ལ་སློབ་པ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་བརྒྱ་དང་བདུན་བཅུ་རྩ་གསུམ་པོ་ཀུན་མངོན་སུམ་དུ་རྫོགས་པར་རྟོགས་པར་བྱེད་པ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་དང༌། རྣལ་འབྱོར་དེ་རབ་ཏུ་གྱུར་བའི་གནས་སྐབས་ནི་རྩེ་མོར་ཕྱིན་པ་དང༌། རབ་དེའི་གོ་རིམ་ནི་མཐར་གྱིས་པ་དང་རྣལ་འབྱོར་དེ་བསྒོམ་པ་ཡོངས་སུ་རྫོགས་ཤིང་མཐར་ཐུག་གི་གནས་སྐབས་ནི་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ནམ་ཞིག་སའི་མཐར་ཐུག་ན་ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། ཞེས་གསུངས་པའོ། །རྣལ་འབྱོར་ཟབ་མོ་དེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བར་བྱས་པའི་དེ་བཞིན་ཉིད་ནི་བྲལ་འབྲས་ཆོས་ཀྱི་སྐུ་སྟེ། རྣལ་འབྱོར་ཟབ་མོའི་བསྒོམ་པ་ཡོངས་སུ་རྫོགས་ཤིང་སྨིན་པའི་འབྲས་བུ་ལྷུན་གྱིས་གྲུབ་པའོ། །རྒྱས་པར་ནི་སོ་སོའི་སྐབས་སུ་བབ་པའི་ཚེ་བརྗོད་པར་བྱའོ། །དབུ་མ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སྒོ་གསུམ་དང༌། རྣམ་གྲངས་བཅུ་གཅིག་གིས་བཤད་དེ། མགོ་སྨོས་པས་གོ་བ་དང༌། སྤྲོས་ནས་གོ་བ་དང༌། དྲང་དགོས་པའི་གདུལ་བྱ་འདུལ་བ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང༌། འབྲིང་བསྟན་པའི་སྒོ་དང་རྒྱས་པར་བསྟན་པའི་སྒོའོ། །དེ་ལ་རྣམ་གྲངས་བཅུ་གཅིག་ནི་དང་པོར་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་དང༌། དེའི་འོག་ཏུ་གནས་བརྟན་རབ་འབྱོར་གྱིས་རྒྱས་པར་བཤད་པ་དང༌། དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་བ་དང། །དེ་ནས་གནས་བརྟན་རབ་འབྱོར་དང༌། དེ་ནས་འཕགས་པ་བྱམས་པ་དང༌། །དེ་ནས་རབ་འབྱོར་དང༌། དེ་ནས་བརྒྱ་བྱིན་དང༌། དེ་ནས་རབ་འབྱོར་དང༌། དེ་ནས་བྱམས་པ་དང༌། དེ་ནས་རབ་འབྱོར་ལ་བཀའ་སྩལ་པ་དང༌། རྟག་ཏུ་དུ་དང་ཆོས་འཕགས་ཀྱི་གཏམ་གྱིས་ཡང་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ། འདི་དག་ནི་རྣམ་གྲངས་བཅུ་གཅིག་གོ །ཞེས་པའི་དོན་འདི་གསུངས་སོ། །དེས་ན་སེམས་བསྐྱེད་མདོར་བསྟན་ནི་མདོར་བསྟན་པའི་སྒོ་དང༌། སེམས་བསྐྱེད་རྒྱས་བཤད་ནས་སྐབས་དང་པོ་རིལ་པོ་ནི་འབྲིང་དུ་བསྟན་པའི་སྒོ་དང༌། སྐབས་གཉིས་ནས་ཡོངས་སུ་རྫོགས་པའི་པར་ནི། རྒྱས་པར་བསྟན་པའི་སྒོ་ཡིན་ནོ།། དང་པོ།  རྣམ་མཁྱེན་རྒྱས་པར་བཤད་པ། དེ་ལ་ཐོག་མར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཤད་པ་ནི། སེམས་བསྐྱེད་པ་ལ་སོགས་པ་དོན་བཅུའི་སྒོ་ནས་རྒྱས་བར་བསྟན་པ་ཡིན་ནོ། །དེ་ཡང་རྣམ་མཁྱེན་ཉིད་བསྒོམས་པས་ལམ་ཐམས་ཅད་བསྒོམས་པར་འགྱུར་ཞེས་མདོ་ལས་གསུངས་པའི་ཚུལ་གྱིས་སློབ་ཡུལ་དེ་བཞིན་ཉིད་ཀྱིས་རྣམ་མཁྱེན་དུ་གཅིག་མོད་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་རྣམ་པར་མི་རྟོག་པའི་ཤེར་ཕྱིན་ཉིད་གཟུང་ནས་སེམས་བསྐྱེད་པ་ལ་སོགས་པ་བཅུ་དོན་དམ་བདེན་པའི་ཚུལ་དུ་བཤད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐབས་ཡིན་དེ། གནོད་འཇོམས་ལས། འབྲིང་དུ་བསྟན་པ་འདི་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཟུང་ནས་དོན་དམ་པའི་བདེན་པའི་ཚུལ་དུ་བཤད་དོ་ཞེས་སོ། །ལམ་ཤེས་ཉིད་ལས་བརྩམས་ཏེ་རྟོགས་བཅས་དང་རྟོགས་མེད་ཀྱིས་ཤེར་ཕྱིན་ཉིད་བཟུང་ནས་དྲང་དགོས་པ་རྣམས་ཀྱིས་དོན་དུ་བདེན་པ་གཉིས་ཀའི་ཚུལ་དུ་བསྟན་པ་ནི། སྐབས་ལྷག་མ་བདུན་པོ་ཡིན་ཏེ། གནོད་འཇོམས་ལས་དེའི་འོག་ཏུ་རྒྱས་པར་བསྟན་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པར་ཤེས་པ་ཉིད་ལས་བརྩམས་ཏེ་རྣམ་པར་རྟོག་པར་བཅས་དང༌། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་དྲང་དགོངས་པ་རྣམས་ཀྱི་དོན་དུ་ཀུན་རྫོབ་དང་དོན་དམ་པའི་དབང་གིས་རྣམ་པ་གཉིས་སུ་རྒྱས་པར་བཤད་དེ། ཞེས་གསུངས་སོ། ། ༡༽སེམས་བསྐྱེད་བཤད་པ། དེ་ལ་དོན་དམ་བདེན་པའི་ཚུལ་དུ་རྣམ་མཁྱེན་བཤད་པ་ལ་སེམས་བསྐྱེད་པ་ལ་སོགས་པ་བཅུ་ལས། དང་པོ་སེམས་བསྐྱེད་བཤད་པ་ལས། སེམས་བསྐྱེད་ཀྱི་མཚན་ཉིད་བཤད། བསྡུས་དང་རྒྱས་པའི་སྒོ་ནས་ཡུམ་གྱི་མདོ་བཞིན་དུ་བརྗོད། དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་ཀྱི་དབྱེ་བ་མདོ་གཞན་དང་སྦྱར་ཏེ་བཤད་པ་དང་གསུམ་མོ། ། སེམས་བསྐྱེད་ཀྱི་མཚན་ཉིད་བཤད་པ།