ཕར་ཕྱིན་མདོ་ལུགས་མ།

གལ་ཏེ་དེ་ལྟར་ན་ཚུལ་ཇི་ལྟར་འཆད་ཅེ་ན། ཁོ་བོ་ཅག་ནི་སངས་རྒྱས་རང་ཉིད་ཀྱིས་འཆད་ཚུལ་གསུངས་པ་དང་མི་མཐུན་པའི་བཤད་སྲོལ་རྣམས་ལ་ཡིད་མི་རྟོན་པའི་ཕྱིར་དེང་སང་ཡོངས་སུ་གྲགས་པའི་འཆད་ལུགས་ཅི་རིགས་རྣམས་དོར་ནས། རྒྱལ་བས་བསྟན་པ་འབའ་ཞིག་གི་དབང་དུ་བྱས་ཏེ། དེ་ཉིད་དང་དེ་དང་མཐུན་བའི་བཤད་སྲོལ་ཁྱད་པར་དུ་འཕགས་པའི་རྗེས་སུ་འབྲང་ཞིང་གཟུགས་སོགས་ཆོས་རྣམས་རང་བཞིན་གསུམ་དུ་ལེགས་པར་ཕྱེ་བའི་ཚུལ་གྱིས་མདོ་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ། ། སངས་རྒྱས་རང་ཉིད་ཀྱིས་ཡུམ་གྱི་འཆད་ཚུལ་གང་དུ་ཇི་ལྟར་བསྟན་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུར། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་བསློབ་པར་འཚལ་པས། གཟུགས་ལ་ཇི་ལྟར་བསླབ་པར་བགྱི། ཚོར་བ་དང༌། འདུ་ཤེས་དང༌། ཞེས་པ་ནས། བྱང་ཆུབ་དང་སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་གསོལ་བ་ནི། འདིར་བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཆོས་ཐམས་ཅད་ཚུལ་བཞིན་དུ་ཤེས་པ་ཡིན་ལ། དེས་ན་ཚུལ་དེ་ཆོས་ཐམས་ཅད་སོ་སོ་རང་རང་གི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་བསློབ་པར་འདོད་པས་ཞེས་པའི་དོན་ཏོ། །ཤེར་ཕྱིན་ལ་སྤྱོད་པ་ནི་ཤེར་ཕྱིན་ལ་སློབ་པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སློབ་པ་ཆོས་ཐམས་ཅད་སོ་སོ་རང་རང་གི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་འདོད་པ་དེས་གཟུགས་སོགས་ལ་ཇི་ལྟར་བསླབ་པར་བགྱི་ཞེས་གཟུགས་སོགས་ལ་སློབ་ལུགས་ཞུས་པ་འདིས་ནི། ཤེར་ཕྱིན་ལ་སྤྱོད་པ་དེས་གཟུགས་སོགས་ཆོས་རྣམས་ཇི་ལྟར་བཤད་པར་བགྱི། ཇི་ལྟར་མཉན་པར་བགྱི། ཇི་ལྟར་བསམ་པར་བགྱི། ཇི་ལྟར་བསྒོམ་པར་བགྱི། ཞེས་ཞུས་པར་འགྱུར་རོ། ། དེས་ན་བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་འདི་ནི་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་ཤེར་ཕྱིན་གྱི་རང་འགྲེལ་ཡིན་པའི་ཕྱིར་ཚུལ་འདི་ལྟར་འཆད་པ་རྣམས་ནི་རྒྱལ་བའི་དགོངས་པ་དང་མཐུན་ནོ། །དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་དང༌། དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། དབུ་མ་པ་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང༌། འབུམ་ཊིཀ་མཁན་པོ་དང༌། དཔལ་ལྡན་རྒྱལ་པོ་ཛ་གང་ལར་གནས་པའི་བླ་མཆོད། སློབ་དཔོན་ཞི་བ་འབྱུང་གནས་རྣམས་ཀྱང་ཚུལ་འདི་དང་མཐུན་པར་བཤད་པའི་ཕྱིར་བཤད་སྲོལ་ཁྱད་པར་དུ་འཕགས་སོ། །ཉི་ཁྲི་སྣང་པ་རྗེས་འབྲང་དང་བཅས་པ་རྣམས་ནི་སངས་རྒྱས་རང་ཉིད་ཀྱིས་མཛད་པའི་རང་འགྲེལ་དང་འཆད་ལུགས་ཀྱང་མི་མཐུན་ཞིང་དེ་རྣམས་ལ་བསླབས་ནས་འདྲེས་ཤིང་བྱང་བར་བྱས་ཀྱང༌། ཤེར་ཕྱིན་མདོ་ལ་གོ་བ་ཅི་ཡང་ཡུམ་དོན་མི་རྙེད་ལ་ངེས་པ་ཐོབ་པའི་རྟོགས་པ་མི་བསྐྱེད་པར་སྣང་པས། མཁས་པ་རྣམས་ཀྱིས་ལེགས་པར་དཔྱད་ནས་བཤད་སྲོལ་ཡང་དག་དང་གཅིག་ཤོས་ཀྱི་ཁྱེད་པར་དབྱེ་འཚལ་ལོ། དེ་ལ་རྒྱན་ཚིག་ལེའུར་བྱས་པ་དག །ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར་ཞེས་པ་ཡང༌། །དོན་ལ་མི་གནས་པར་སྣང་སྟེ། །འགྲེལ་བ་དེ་ལ་བརྟེན་ནས་མངོན་རྟོགས་རྒྱན་ལ་ཡུན་རིང་མོ་ཞིག་ཏུ་བསླབས་ཤིང་འབད་དེ། བཤད་སྲོལ་དེ་ལ་ཤིན་ཏུ་བྱང་ཞིང་འདྲིས་པ་དེས་མདོ་ལ་བལྟས་པའི་ཚེ་ཤོག་གུ་གཅིག་ཀྱང་མི་གོ་ན། ཤེར་ཕྱིན་གྱི་མདོ་ཀུན་གྱི་རྒྱན་དུ་གྱུར་བར་བཀྲལ་བའི་ཚུལ་གྱིས་མདོ་ཐམས་ཅད་གོ་ཞིང་རྟོགས་པ་ལྟ་ཅི་སྨོས། དེས་ན་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་དང༌། ཕྱོགས་གླང་ལ་སོགས་པའི་གསུང་ཚིགས་སུ་བཅད་པ་རེ་རེས་ཀྱང་མདོ་དཔག་ཏུ་མེད་པ་གསལ་བར་ནུས་པའི་ཕྱིར་ཀུན་གྱི་དོན་གསལ་བར་བྱེད་པའི་རྒྱན་དུ་གྱུར་པའི་འགྲེལ་ལུགས་ནི་དེ་དག་གི་བཤད་སྲོལ་དེ་ཡིན་པར་སྣང་ངོ༌། །ཇི་སྐད་དུ། བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང༌། །ཡོངས་སུུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས་བཏགས་པ་ཐམས་ཅད་འགོག་པ་སྟེ། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་སྒྲགས། །ཤེས་རབ་ཕ་རོལ་ཕྱིན་པ་ནི། ། སངས་རྒྱས་ཀྱིས་ནི་གཞན་བསྟན་མེད། །ཅེས་ལེགས་པར་མཐའ་ཆོད་ཅིང་གདེང་ཐོབ་ལ་ངེས་ཤེས་བརྟན་པོ་གཏིང་ཚུགས་པའི་བཤད་སྲོལ་ཁྱད་པར་འཕགས་གསལ་ལ་འཆུན་ཆེ་བ། སླ་ལ་ཕན་ཡོན་ཆེ་བ། རྒྱལ་བའི་དགོངས་པ་ཡིན་ངེས་པ། མདོའི་དོན་ཕྱིན་ཅི་མ་ལོག་པར་བདེ་བླག་ཏུ་རྟོགས་པར་བྱེད་པའི་འཆད་ལུགས་རྣམ་དག་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་ཡང་འཕགས་པ་ཐོགས་མེད་སྐུ་མཆེད་དང་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པ་རྣམས་ཀྱིས་ངོ་བོ་ཉིད་གསུམ་གྱི་ཆོས་སྐད་གྱིས་ཡུམ་སེམས་ཙམ་དུ་བགྲོལ་བར༌། སློབ་དཔོན་སེང་བཟང་རྗེས་འབྲང་དང་བཅས་རྣམས་ཀྱིས་གསུངས་སོ། །ཞེ་ན༌། གསུངས་ལ་རག་མོད་བདེན་པ་ནི་མ་ཡིན་ནོ། ། གལ་དེ་ཡིན་ན་སངས་རྒྱས་རང་ཉིད་ཀྱིས་ཀྱང་ཡུམ་སེམས་ཙམ་དུ་གསུངས་པར་ཧ་ཅང་ཐལ་བར་འགྱུར་དེ། ཤེར་ཕྱིན་གྱི་འཆད་ཚུལ་སོགས་ཇི་ལྟར་ཡིན་པ་ལེགས་པར་སྟོན་བྱེད་བྱང་ཆུབ་སེམས་དཔའི་བསླབས་པ་རབ་ཏུ་དབྱེ་བའི་ལེའུ་ཉིད་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱྀན་པ་ལ་སྤྱོད་པ་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་ཞུགས་པས། གཟུགས་རབ་ཏུ་དབྱེ་བའི་བརྟགས་པ་རྣམ་པ་དུ་ཞིག་ཏུ་རྟོགས་པར་བགྱི། ཚོར་བ་དང་འདུ་ཤེས་དང་ཞེས་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་པར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་དུ་ཞིག་ཏུ་རྟོགས་པར་བགྱི་ལགས། ཞེས་ཞུས་པའི་ལན་དུ། བྱམས་པ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་རབ་ཏུ་དབྱེ་བ་ལ་མཁས་པ་ལ་ཞུགས་པས། གཟུགས་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་རབ་ཏུ་དབྱེ་བའི་བཏགས་པ་རྣམ་པ་གསུམ་དུ་རྟོགས་པར་བྱས་ཏེ། འདི་ལྟ་སྟེ། འདི་ནི་ཀུན་བཏགས་པའི་གཟུགས་སོ། །འདི་ནི་རྣམ་པར་བཏགས་པའི་གཟུགས་སོ། འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །ཞེས་པ་ནས། འདི་དག་ནི་ཀུན་བཏགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དག་གོ །འདི་དག་ནི་རྣམ་པར་བཏགས་པའི་སངས་རྒྱས་ཆོས་རྣམས་སོ། །འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་སོ། ། ཞེས་བྱའོ། །ཞེས་ཤེར་ཕྱིན་ལ་སློབ་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གསུམ་དུ་ཕྱེ་ནས་རྟོགས་པར་བྱའོ། །ཞེས་གསུངས་པ་དང༌། ཤེར་ཕྱིན་ལྔ་བརྒྱ་པར་ཡང་རབ་འབྱོར་གཟུགས་ནི་དངོས་པོ་མེད་པ་དང༌། དངོས་པོ་ངན་པ། དངོས་པོ་ཡོད་པའོ། །ཞེས་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་སོང་པའི་མཐར། དེ་ལྟར་གཟུགས་དེ་ལེའུ་གསུམ་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་པས། གཟུགས་དེ་ལ་མངོན་པར་ཞེན་ཏོ། །མངོན་པར་བསྒྲུབ་པོ། །སྒྲིབ་པར་བྱེད་དོ། །ཞེས་ཀུན་བཏགས་པའི་གཟུགས་སོགས་ལ་དངོས་པོ་མེད་པ་དང༌། གཞན་དབང་གི་གཟུགས་སོགས་ལ་དངོས་པོ་ངན་པ་དང༌། ཆོས་ཉིད་ཀྱི་གཟུགས་སོགས་ལ་དངོས་པོ་ཡོད་པ་དང༌། སོ་སོ་སྐྱེ་བོས་གཟུགས་སོགས་ཆོས་དེ་རྣམས་ངོ་བོ་ཉིད་གསུམ་དུ་ཕྱེ་ནས་ལེའུ་གསུམ་སྟེ་ཚན་པ་གསུམ་དུ་རང་རང་གི་ཡིན་ལུགས་ལྟར་མི་ཤེས་པས་ཀུན་བཏགས་ཀྱི་གཟུགས་སོགས་དེ་ལ་མངོན་པར་ཞེན་ཏོ། །གཞན་དབང་གི་གཟུགས་སོགས་དེ་མངོན་པར་བསྒྲུབ་པོ། ། ཡོངས་སུ་གྲུབ་ཀྱི་གཟུགས་དེ་སྒྲིབ་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་སངས་རྒྱས་ཀྱིས་ཀྱང་ངོ་བོ་ཉིད་གསུམ་གྱི་སྒོ་ནས་ཤེར་ཕྱིན་སེམས་ཙམ་དུ་གསུངས་པར་ཧ་ཅང་ཐལ་བར་འགྱུར་རོ། །ངོ་བོ་ཉིད་གསུམ་དུ་ཕྱེ་ནས་བཤད་པས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་གྲོལ། །ཞེས་འདིར་འགྱུར་ན་འགྲོ་དོན་རྩ་ལག་རྫོགས་སངས་རྒྱས། །རང་གི་མོས་པ་གཙོར་བྱེད་པས། །ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་གྲོལ། །ཞེས་པར་ཡང་ཅིའི་ཕྱིར་མི་འགྱུར་ཏེ། མཚུངས་པའི་ཕྱིར་འགྱུར་དགོས་སོ། །གལ་ཏེ་དངོས་སུ་མ་སྨྲས་ཀྱང་ཁོ་བོ་ཅག་ནི་དོན་གྱིས་སངས་རྒྱས་ལ་ཡང་རྒོལ་བ་ཡིན་ཏེ། སངས་རྒྱས་ཀྱི་མདོའི་དེ་ཉིད་དོན་སྡུད་བྱེད། ཅེས་དང༌། མདོ་སྡེ་དྲང་དོན་ངེས་པའི་དོན་རྣམ་པ་མང་པོ་རབ་ཏུ་འབྱེད། གཞུང་བྱེད་དང་ཚུལ་ཅན་དུ་འགྱུར། ཞེས་འཕགས་པ་ཐོགས་མེད་བཀའ་ཕྱིན་ཅི་མ་ལོག་པར་འགྲེལ་ཞིང་དེ་ཉིད་ལ་མ་ནོར་བ་མེད་པར་ལུང་བསྟན་ལ། འཕགས་པ་དེས་ཡུམ་སེམས་ཙམ་དུ་བཀྲལ་བས་ནོར་པའི་ཚབ་དེ་ལས་ཆེ་བ་མེད་པར་འདོད་པས་སོ་ཞེ་ན། ཀྱེ་མ་རང་ཉིད་ལ་རྣམ་པར་དཔྱོད་པའི་མཐུ་མེད་ཅིང་བློ་གྲོས་གཞན་གྱི་དྲིང་ལ་འཇོག་པ་གྲགས་པ་ཙམ་གྱི་རྗེས་སུ་ཡིད་རྟོན་པའི་འཇིག་རྟེན་འདི་གནས་སྐབས་ཇི་ལྟར་གནས་པར་འགྱུར་ཞིག་གོ །འགྲེལ་ཆེན་དྲི་མེད་འོད་དུ་ལུང་དྲངས་པར། །མ་ཡང་སྲིན་མོའི་འཇིག་རྟེན་ན། །རང་གི་བུ་ལ་བཟའ་བར་སེམས། །རང་གི་བུ་ལ་བརྩེ་མེད་པ། །དེ་ལ་སྐྱེ་བོ་གཞན་ལྟ་ཅི། །ཞེས་གསུངས་པ་ལྟར། ས་གསུམ་པ་འོད་བྱེད་པ་བརྙེས་པའི་འཕགས་པ་ཐོགས་མེད་ལ་སྐུར་པ་འདེབས་པ་ནི་རྫོགས་པའི་སངས་རྒྱས་ལ་ཡང་ཚམ་ཚོམ་མེད་པར་རྒོལ་བར་འགྱུར་བའི་ཕྱིར་ཕྱོགས་དེ་འཛིན་པ་དེ་དང༌། གཞན་སུ་ཞིག་ལྷན་ཅིག་གནས་ཤིང་སྨྲ་བར་ནུས། དེས་ན་བྱམས་པས་དྲིན་དུ་མི་གཟོ་བ་འཕགས་པ་ལ་སྐུར་བ་འདེབས་པའི་ལྟ་བ་མི་བཟད་པ་འདི་དོར་ན་ལེགས་པར་འགྱུར་རོ། །གལ་ཏེ་དབུ་མ་པ་ནི་དོན་དམ་དུ་ཅི་ཡང་གྲུབ་པར་མི་འདོད་ལ་འཕགས་པ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས་དོན་དམ་དུ་ཡོད་པར་བསྟན་པའི་འགྱུར་མེད་ཡོངས་གྲུབ་གང་ཡིན་པ་དེ་སེམས་ཙམ་པའི་མཐར་ཐུག་གི་དོན་དེ་ཁོ་ན་ཡིན་ནོ། །ཞེ་ན། འོ་ན་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། དབུ་མ་བསྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བཏགས་པའི་གཞན་དོན་འབྱུང་བ་ཡིན། །ཞེས་འཕགས་པའི་ཤེས་རབ་ཀྱིས་དོན་དམ་པར་རང་གི་ངོ་བོ་ཤིན་ཏུ་ཡང་གྲུབ་པར་གསུངས་པ་འདི་ཅི་ཡིན། འཕགས་པ་འདི་ཉིད་ལུང་བསྟན་པར་ཡང༌། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པས། ། དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ངའི་ཐེག་པ་འཇིག་རྟེན་དུ། ། བླ་མེད་ཐེག་ཆེན་རབ་བཤད་ཏེ། །རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོའོ། ། ཞེས་ལུང་བསྟན་པར་ཇི་ལྟ་བ་བཞིན་དུ་འཕགས་པ་འདིས། དབུ་མ་རིགས་པའི་ཚོགས་ཀྱིས་ཐ་སྙད་པའི་དངོས་པོ་ཐམས་ཅད་དོན་དམ་པར་ཡོད་པ་བཀག་ཅིང་མེད་པར་བསྟན་པས་ཀུན་རྫོབ་ཀྱི་ཆོས་དོན་དམ་དུ་ཡོད་པར་འདོད་པའི་ཕྱོགས་བཤིག་ལ། དབུ་མ་བསྟོད་པའི་ཚོགས་ཀྱིས་འགྱུར་བ་མེད་པའི་ཡོངས་གྲུབ་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་དབུ་མ་དོན་དམ་དུ་མེད་པ་བཀག་ཅིང་ཡོད་པར་བསྟན་པས་དོན་དམ་པར་ཅི་ཡང་མེད་པར་འདོད་པའི་ཕྱོགས་བཤིག་གོ །དེ་ལྟར་ཕྱོགས་གཉིས་པོ་དེ་བཤིག་པའི་ལྷག་མ་དབུ་མ་བར་མ་གང་ཡིན་པ་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པའི་ཐེག་ཆེན་དེ་ཉིད་མཐར་ཐུག་གི་དབུ་མ་ཡིན་པས་དེ་འཇིག་རྟེན་དུ་གསལ་བར་བཤད་པའོ། །