ཕར་ཕྱིན་མདོ་ལུགས་མ།

དེ་ལྟར་དགོས་འབྲེལ་བསྟན་པ་དེའི་མཇུག་ཐོགས་དེ་མ་ཐག་ཉིད་ལ་དངོས་པོ་བརྒྱད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ནི། དངོས་པོ་བརྒྱད་ཀྱི་ཡང་དག་བཤད། ཅེས་སོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་གཉིས་ཏེ། དངོས་དང་བཏགས་པ་གང་ཡིན་པའོ། ། ཤེར་ཕྱིན་དངོས་ནི་ཆོས་ཉིད་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་དོན་དམ་པའི་ཤེས་རབ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་གཉིས་སུ་མེད་པའི་གཤིས་ལུགས་ཀྱི་སངས་རྒྱས་བདེན་པ་དེ་ཁོ་ན་ཉིད་ཆོས་ཀྱི་སྐུ་བླ་ན་མེད་པའི་བྱང་ཆུབ་དེ་བཞིན་ཉིད་བདག་བཏགས་པའི་བདག་དམ་པ་རང་གི་ངོ་བོ་སྐྱེ་འགག་དང་འཕེལ་འགྲིབ་ལ་སོགས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་ཡེ་ནས་སྟོང་པའི་གཞི་ལ་ལྷག་མར་གྱུར་པ་གང་ཡིན་པའི་གཞན་སྟོང་ཟབ་མོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་པྲ་ཕབ་བརྒྱད་དང་མཚུངས་པ་ཁམས་གསུམ་པ་མ་ལུས་པའི་སངས་རྒྱས་ཀྱི་གཟུགས་རང་བཞིན་གཉུག་མའི་ཡོན་ཏན་མཚན་དཔེ་དང་སྟོབས་བཅུ་ལ་སོགས་པ་ནམ་མཁའ་གང་བའི་བདག་ཉིད་རྡུལ་ཕྲན་དང་རྣམ་ཤེས་ལས་འདས་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ཡིན་ནོ། །ཇི་སྐད་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པར། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ལ་སོགས་པ་ཆོས་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་གྱི། ཆོས་དེ་རྣམས་ཀྱི་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་དེ་ཉིད་དང༌། ཇི་ལྟ་བ་བཞིན་གྱི་དེ་བཞིན་ཉིད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་དོན་འདི་རྒྱས་པར་གསུངས་པ་དང༌། ཤེར་ཕྱིན་གྱི་མཚན་བརྒྱ་རྩ་བརྒྱད་པར་ཡང༌། རྣམ་མཁྱེན་དང༌། ཡང་དག་པའི་མཐའ་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། བདེན་པ་དང༌། དེ་ཁོ་ན་དང༌། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང་ཆོས་མི་འགྱུར་བ་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་ལ་སོགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པར་གསུངས་པ་དང༌། རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས་ཀྱང༌། དེ་བཞིན་ཉིད་དང༌། སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཕྱི་མའི་མཐའ་སྟོང་པ་ཉིད་དང༌། ཆོས་ཀྱི་དབྱིངས་རང་གི་ངོ་བོ་གང་ཡིན་པ་འདི་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང༌། ཉི་ཁྲིའི་ལེའུ་སོ་བརྒྱད་པར་ཡང༌། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་བ་བྱང་དུ་ཆུབ་པར་དཀའ་ཞིང་རྟག་ཏུ་མ་མཆིས་ལ་རྟོག་གེའི་སྤྱོད་ཡུལ་མ་ལགས་ཏེ། ཞེས་དང༌། བྱངཆུབ་དེ་བཞིན་ཉིད་མཚན་ཉིད་དེ་ཡང་དེའི་མཚན་ཉིད་བཞེད་ཅེས་དང༌། དེ་ཉིད་ཀྱི་སྐབས་ཀྱི་མདོ་ལས། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ་ཞེས་དང༌། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཞེས་སོགས་ཀྱི་ཤེར་ཕྱིན་དང༌། བྱང་ཆུབ་དང༌། དེ་བཞིན་ཉིད་རྣམས་གཅིག་ཡིན་པར་གསུངས་པ་དང༌། ཡུམ་བར་མའི་ལེའུ་ཉེར་གཉིས་པར་ཡང༌། ཀོའུུ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་དབྱེར་མེད་དོ་ཞེས་དང་ཡང་དེ་ཉིད་ཀྱི་ལེའུ་ཞེ་ལྔ་པར་ཡང༌། ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཡང་དག་པའི་མཐའ་འདི་ནི་གནས་ཡིན་ནོ་ཞེས་བྱ་བར་ཤེས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། ཞེས་གསུངས་ཏེ། ཆོས་ཉིད་ལ་སོགས་པ་ཤེར་ཕྱིན་ཡིན་པའི་རྒྱུས་དེ་དག་གནས་པར་ཤེས་ན་ཤེར་ཕྱིན་དང་མ་བྲལ་བ་ཡིན་ཞེས་པའི་དོན་ཏོ། །གསང་བདག་ཕྱག་ན་རྡོ་རྗེའི་ཞལ་སྔ་ནས་ཀྱང་དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དང་དེ་བཞིན་ཉིད་དང་རིགས་ལྡན་མ་དང༌། པད་མ་ཞེས་བརྗོད་པར་བྱའོ། །ཞེས་དང༌། མགོན་པོ་སྦྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། མི་འཕོ་བའི་རྒྱུ་དེའི་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་གང་ཡིན་པ་འདིར་ནི་ཆོས་ཀྱི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་སྟེར་བར་བྱེད་དོ། །ཞེས་དང༌། ཕྱག་རྒྱ་ཆེན་མོ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པའི་མཚན་ཉིད་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་བསྐྱེད་པར་མཛད་མའོ། །ཞེས་པ་ལ་སོགས་པ་ཕྱག་རྒྱ་ཆེན་མོ་དང༌། བྱང་ཆུབ་དང༌། དེ་བཞིན་ཉིད་ལ་སོགས་པ་ཤེར་ཕྱིན་མཚན་ཉིད་པ་ཡིན་པར་སྟོན་པའི་ལུང་རྣམ་དག་ཤིན་ཏུ་མང་ཡང་སྤྲོས་པས་འཇིགས་པའི་ཕྱིར་འདིར་ནི་ཐམས་ཅད་འབྲི་བར་མི་ནུས་སོ། །གལ་ཏེ་ཆོས་ཀྱི་བྱིངས་ནི་ཀུན་རྫོབ་རྣམས་རྣམ་པར་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་ཆ་ཡིན་པས་རང་གི་ངོ་བོ་སྟོང་པའི་ཕྱིར་ཡོན་ཏན་ཅི་ཡང་མེད་ལ་ཤེར་ཕྱིན་ནི་ཡོན་ཏན་དཔག་ཏུ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་མི་གཅིག་གོ་ཞེ་ན། མ་ཡིན་ཏེ། ཇི་སྐད་དུ་ཡུམ་བར་མའི་ལེའུ་ཉེར་གཉིས་པ་ལས། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་མི་འགྱུར་བ་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་དང༌། བག་ཆགས་ཀྱི་འཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང༌། རྟག་ཏུ་གཏང་སྙོམས་ལ་གནས་པ་དང༌། མི་ཉམས་པའི་མཚན་ཉིད་ཀྱི་ཡོན་ཏན་ལྟ་ཇི་སྙེད་གཅིག་བརྗོད་པར་བགྱི་སྟེ། མི་ཉམས་པའི་ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །ཞེས་གསུངས་པའི་ཕྱིར་དང༌། ཚོགས་བསྒྲུབ་ཀྱི་ཡེ་ཤེས་དང་ནི་ཞེས་པའི་སྐབས་ཀྱི་མདོ་ཉིད་ལས་ཀྱང་དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་ཉིད་དང༌། ཆོས་ཀྱི་གནས་ཉིད་དང༌། ཆོས་ཀྱི་དབྱིངས་ཉིད་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གཞན་གྱི་སྟོང་པ་གང་ཡིན་པ་དེ་ནི། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཞེས་སངས་རྒྱས་གཟུགས་ཀྱི་སྐུ་འཇིག་རྟེན་དུ་བྱོན་རུང་མ་བྱོན་རུང་ཆོས་ཀྱི་དབྱིངས་ནི་རྟག་ཏུ་ཤེར་ཕྱིན་ཟབ་མོའི་ངོ་བོ་དེ་བཞིན་ཉིད་དུ་འཕོ་འགྱུར་མེད་པར་གནས་པ་དང༌། རང་གི་ངོ་བོ་ཐེག་ཆེན་ཡིན་པས་མི་སྟོང་པས་ཕྱིར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞན་སྟོང་དུ་གསུངས་པ་དང༌། ཆོས་ཉིད་རང་གི་ངོ་བོ་ཅི་ཡང་མ་གྲུབ་པའི་རང་སྟོང་དུ་འདོད་པ་འགལ་ལོ། །དེས་ན་ཆོས་ཀྱི་དབྱིངས་ལ་ཡོན་ཏན་མེད་པ་དང་རང་སྟོང་དུ་འདོད་པ་མདོ་རྒྱུད་ཟབ་མོ་དགོངས་འགྲེལ་ཡང་དག་པ་དང་བཅས་པ་རྣམས་ཀྱིས་བཀག་པའི་ཕྱིར་ཤིན་ཏུ་མི་རིགས་སོ། །གལ་ཏེ་ཤེར་ཕྱིན་མཚན་ཉིད་པ་དོན་དམ་པའི་སངས་རྒྱས་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་ན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་གསུངས་པ་དང་འགལ་ལོ། །ཞེ་ན་དེ་ལྟ་མ་ཡིན་དེ་གང་གི་ཕྱིར་མྱང་འདས་ཆེན་པོའི་མདོར། རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ནི་མིང་རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སེང་གེ་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱ། སངས་རྒྱས་ཀྱི་རང་བཞིན་ཞེས་ཀྱང་བྱ་སྟེ་ཞེས་དང་གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་རང་བཞིན་མར་གྱི་ཉིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་གཤེགས་པ་རྣམས་རྟོག་པ་དང་བདེ་བ་དང་བདག་དང་ཡོངས་སུ་དག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི། མ་བསྒོམ་པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །ཞེས་སེམས་ཅན་གྱི་དུས་ན་དྲི་བཅས་དེ་བཞིན་ཉིད་དང༌། སངས་རྒྱས་ཀྱི་དུས་ན་དྲི་བྲལ་དེ་བཞིན་ཉིད་བླ་ན་མེད་པའི་བྱང་ཆུབ་དེ་ལ་རང་བཞིན་པའི་སངས་རྒྱས་གཞི་འབྲས་དབྱེར་མེད་ཀྱི་ཤེར་ཕྱིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བསྟན་ཏོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འདི་ཉིད་ཤེར་ཕྱིན་མཚན་ཉིད་པ་ཡིན་གྱི་སློབ་པའི་གནས་སྐབས་རྒྱུན་མཐའི་ཡེ་ཤེས་འབའ་ཞིག་ནི་ཏིང་ངེ་འཛིན་དེ་མ་ཡིན་ནོ། །སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་པའི་རྗེས་ལ་ལམ་བདེན་གྱིས་བསྡུས་པའི་ཡེ་ཤེས་བཞི་དང༌། ཉན་རང་དགྲ་བཅོམ་པའི་ཡེ་ཤེས་དང༌། བྱང་ཆུབ་སེམས་དཔའི་མོས་སྦྱོད་ནས་བཟུང་སྟེ་ས་ཆོས་ཀྱི་སྤྲིན་གྱི་པར་གྱི་ཡེ་ཤེས་དང༌། ཤེར་ཕྱིན་སྟོན་པའི་གཞུང་གི་ཚོགས་ཇི་སྙེད་པ་རྣམས་ཤེར་ཕྱིན་བཏགས་པ་པར་བསྟན་ནས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་དེ་དག་ལས་འདིར་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཞེས་བྱའོ། །ཞེས་དང༌། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །འབུམ་ཊིཀ་ཀྱང་དེ་དང་མཐུན་ནོ། །ཡུམ་བར་མའི་ལེའུ་ཉེར་གཉིས་པ་ལས་ཀྱང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཞེས་གསུངས་སོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཡིན་པ་ཉིད་ཀྱིས་ལམ་གྱི་གནས་སྐབས་འབའ་ཞིག་ལ་གོ་བར་མི་བྱ་སྟེ། སེམས་ཅན་དང༌། སངས་རྒྱས་དང་སློབ་པའི་གནས་སྐབས་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་ཆོས་གྱི་དབྱིངས་དེ་བཞིན་ཉིད་གཉིས་མེད་ཡེ་ཤེས་དོན་དམ་པའི་དེ་བཞིན་གཤེགས་པ་ཉིད། རྡོ་རྗེ་ལྟ་བའི་ཏིང་ངེ་འཛིན་དང༌། ཤེར་ཕྱིན་དངོས་ཡིན་ཞིང༌། གཞུང་གི་ཚོགས་དང་ལམ་ནི་ཤེར་ཕྱིན་བཏགས་པ་བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། ། ཞེས་གསུངས་པ་ལྟར་དེ་ཁོ་ན་ལྟར་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་པས་འབྲས་བུ་ཁོ་ན་ལ་གོ་བར་ཡང་མི་བྱ་སྟེ། ཆོས་ཀྱི་དབྱིངས་ཉིད་དེ་བཞིན་གཤེགས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཁང་པ་བརྩེགས་པའི་གཟུངས་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ་ཞེས་དང༌། རབ་ཞི་རྣམ་ངེས་སུ་ཡང༌། ཆོས་ཀྱི་དབྱིངས་ནི་སངས་རྒྱས་ཏེ། །སངས་རྒྱས་ནི་ཡང་དག་པའི་མཐའ་འོ་ཞེས་དང༌། ཤེར་ཕྱིན་བདུན་བརྒྱ་པར་ཡང༌། འདི་ལྟར་ཆོས་ཀྱི་དབྱིངས་ཉིད་བཅོམ་ལྡན་འདས་ཡིན་པའི་ཕྱིར་རོ། །ཞེས་སོགས་དང༌། ཆོས་ཀྱི་དབྱིངས་ཉིད་བྱང་ཆུབ་པོ་ཞེས་དང༌། རྒྱན་སྡུག་པོར་ཡང༌། ཆོས་རྣམས་ཀྱི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་འདི་ཉིད་དེ་བཞིན་གཤེགས་པའོ། །ཞེས་སོ། །དེ་བཞིན་དུ་ཆོས་འཕགས་ཀྱི་ལེའུ་ལ་སོགས་ཤེས་བྱེད་ཡང་དག་དཔག་ཏུ་མེད་དེ་སྤྲོས་པ་ཆོག་གོ །དེ་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་དངོས་པོ་བརྒྱད་ཕྱིན་ཅི་མ་ལོག་པར་བཤད་པ་ཉིད་ཀྱིས་འོག་གནས་འབྱུང་བའི་ཕྱིར་རིམ་པས་ཡང་དག་པ་བཤད་པར་བྱའོ། །