ཕར་ཕྱིན་མདོ་ལུགས་མ།

། དོན་དམ་ཆོས་ཉིད་ཀྱི་སྒྲ་གང་ཞིག་སེམས་ཅན་ཀུན་གྱི་སྒྲའི་རྣམ་པ་ཚང་བའི་ལོངས་སྐུས་གསུང་རྗེས་སུ་བསྟན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་རབ་ཏུ་གསལ་བར་བྱེད་པ་ནི་ཡིན་ལུགས་དང༌། སེམས་ཅན་གྱི་བསམ་པ་དགེ་བའི་བག་ཆགས་མི་འདྲ་བའི། དབང་གིས་དངོས་པོ་སྣ་ཚོགས་ཀྱི་སྐུར་མཐོང་བ་འདི་ལོངས་སྐུ་བཏགས་པ་བ་ཡིན་ནོ། །གཟུགས་སྐུ་གཉིས་སྟོན་པའི་སྐབས་སུ། རྒྱུད་བླ་མར། ཇི་ལྟར་ཚོན་ནི་སྣ་ཚོགས་ཀྱིས། ། ནོར་བུ་དེ་དངོས་མིན་པར་སྣང༌། །དེ་བཞིན་འགྲོ་རྐྱེན་སྣ་ཚོགས་པས། །ཁྱབ་བདག་དེ་དངོས་མིན་པར་སྣང༌། །ཞེས་པའི་དོན་ཏོ། །གསེར་འོད་དམ་པ་ལས། གཟུགས་སྐུ་གཉིས་སངས་རྒྱས་ཀྱི་སྐུར་བཏགས་པ་བར་གསུངས་པ་དང༌། ལང་གར་གཤེགས་པར། ཆོས་ཀྱི་སངས་རྒྱས་སངས་རྒྱས་ཡིན། ། ལྷག་མ་དེ་ཡི་སྤྲུལ་པའོ། །ཞེས་དང༌། རྒྱུད་བླར་གཟུགས་སྐུ་གཉིས་བརྡའི་སྐུར་གསུངས་པ་དང༌། དབུ་མ་རྩ་ཤེར། དེ་བཞིན་གཤེགས་པ་བརྟག་པ་དང༌། མྱ་ངན་ལས་འདས་པ་བཏགས་པའི་རབ་ཏུ་བྱེད་པས་སངས་རྒྱས་ཀྱི་དངོས་པོ་བཀག་པ་རྣམས་སེམས་ཅན་རྣམས་ཀྱི་མཐོང་བའི་བཏགས་ཆ་རེ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་མ་ཡིན་ན་གསུང་རབ་མང་པོར་ནང་འགལ་དུ་འགྱུར་བའི་ཕྱིར་རོ། །མགོན་པོ་སྦྱན་རས་གཟིགས་ཀྱི་ཞལ་སྔ་ནས། སྐྱེ་བ་དང་འགག་པའི་ཆོས་ཅན་གྱི། རྡོ་རྗེ་སེམས་དཔའ་ལ་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་རྣམས་མི་སྲིད་དོ། ། ཞེས་དང༌། བཅོམ་ལྡན་འདས་གཟུགས་ཅན་དུ་འདོད་པ་དེ་ལྟར་ན། སངས་རྒྱས་པ་རྣམས་དང་མུ་སྟེགས་པ་རྣམས་ཀྱི་མཁས་པ་རྣམས་ལ་ཡང་ཤེས་རབ་དམན་པ་ཉིད་ཀྱི་ཕྱིར་བྱེ་བྲག་མེད་དོ། །ཞེས་གསུངས་སོ། །དེས་ན། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་དོན་གྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡའ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པ་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་པ་རྣམས་ཀྱང་དེ་ལྟར་གོ་དགོས་སོ། །སེམས་ཅན་གྱི་མཐོང་ལུགས་ཙམ་མ་གཏོགས་པ། །སངས་རྒྱས་ལ་ནི་དངོས་པོའི་སྐུ་རྡུལ་ཕྲ་རབ་ཙམ་ཡང་མེད་དོ། །གནས་ཡོངས་སུ་གྱུར་པ་ཐམས་ཅད་དེ་བཞིན་ཉིད་ཙམ་ཟད་པའི་ཕྱིར་རོ། །ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས། དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ན། ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བའི་དེ་ཡང་གནས་གྱུར་པ་གྲུབ་པ་ཡིན་ནོ། ། ཞེས་གསུངས་པའི་དོན་ཏོ། །སངས་རྒྱས་ཀྱི་སར་སྐུ་ཐམས་ཅད་ཆོས་ཉིད་དུ་གཅིག་ཀྱང༌། དོན་དམ་གྱི་སྐུ་བྲལ་བའི་ཡོན་ཏན་དང་ལྡན་པ་རང་དོན་དང༌། ཀུན་རྫོབ་ཀྱི་སྐུ་རྣམས་སྨིན་གྱི་ཡོན་ཏན་དང་ལྡན་པ་གཞན་དུ་འཇོག་པའི་ཁྱད་པར་ནི། སེམས་ཅན་ལ་སྣང་དུ་རུང་བ་དང་མི་རུང་བ་ལས་ཡིན་ཏེ། ཆོས་ཉིད་ཀྱི་སྐུ་སྟོབས་སོགས་དང་ལྡན་པར་མི་སྣང་ཞིང༌། ཆོས་ཅན་གྱི་སྐུ་མཚན་བཟང་དང་ལྡན་་པ་དངོས་པོའི་རྣམ་པར་སྣང་བའི་ཕྱིར་རོ། །དོན་གྱི་ཡིན་ལུགས་ནི། སངས་རྒྱས་གང་ཡིན་སྐུ་གསུམ་གའི་བདག་ཉིད་དང༌། སངས་རྒྱས་ཀྱི་སྐུ་གང་ཡིན་སྟོབས་སོགས་དང་ལྡན་དགོས་ཏེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་མཁྱེན་ཐམས་ཅད་དུ། །སེམས་ཅན་་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་སོ། །དེ་ལྟ་བས་ན་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡང་བསམ་གྱིས་མི་ཁྱབ་བ། སེམས་ཅན་གྱི་བག་ཆགས་ཀྱི་སྣང་བ་ཡང་བསམ་གྱིས་མི་ཁྱབ་བོ། ། ཡེ་ཤེས་ཀྱང་སྔགས་ཀྱི་ཐེག་པར་ལྔ་དང༌། མཚན་ཉིད་ཀྱི་ཐེག་པར་བཞིར་གསུངས་ཏེ། མདོ་སྡེའི་རྒྱན་དུ། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་རྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སངས་རྒྱས་ཀྱི་ཡེ་ཤེས་བཞི་བསྟན་པ་དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཆོས་ཀྱི་ངོ་བོས་མི་གཡོ་བ་དང༌། ཡེ་ཤེས་གསུམ་ནི་དེ་ལ་བརྟེན་པ་དང༌། རྣམ་འགྱུར་སྣ་ཚོགས་པའི་སྒོ་ནས་གཡོ་བའོ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྟག་ཏུ་ངལ་བ་མེད་པ་དང༌། ཡུལ་གྱི་སྒོ་ནས་ཡོངས་སུ་མ་ཆད་པ་དང༌། དུས་ཀྱི་སྒོ་ནས་རྟག་དུ་ལྡན་པ་དང༌། རྟག་ཏུ་སྒྲིབ་པ་དང་བྲལ་བས་ཤེས་བྱ་ཀུན་ལ་མ་རྨོངས་པ་དང༌། རྣམ་པའི་དངོས་པོ་མེད་པའི་ཕྱིར། ཤེས་བྱ་དེ་དག་ལ་མངོན་དུ་ཕྱོགས་པ་མ་ཡིན་པ་སྟེ། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་དང༌། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཞེས་སོ། །ཡེ་ཤེས་གསུམ་པོ་རྣམ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་འདྲ་བ་དང༌། དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཡིན་ལ། ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་ཕྱིར།། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་སོ། །བྱང་ཆུབ་སེམས་དཔའ་མངོན་པར་རྟོགས་པའི་དུས་ན་སེམས་ཅན་རྣམས་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་པ་དེ་བསྒོམ་པ་དག་པས་བྱང་ཆུབ་ཐོབ་པའི་ཚེ་མི་གནས་པའི་མྱ་ངན་ལས་འདས་པར་ཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། སྒོམ་པ་དག་པས་སེམས་ཅན་ལ། མཉམ་པ་ཉིད་ཀྱི་ཡེ་ཤེས་འདོད། མི་གནས་ཞི་བར་ཞུགས་པ་ནི། མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། ཅེས་སོ། ། མཉམ་ཉིད་ཡེ་ཤེས་དེ་ཉིད་དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང་ལྡན་ཞིང་སེམས་ཅན་རྣམས་ལ་སྐུའི་ཁ་ཏོག་སྔོན་པོ་ལ་སོགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་སྟོན་པར་མཛད་དེ། དུས་རྣམས་ཀུན་ཏུ་བྱམས་པ་དང༌། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་ཀུན་གྱི་ངེས་པར་སྟོན། །ཞེས་སོ། །སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟགས་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་བ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་པ་གོ་སླའོ། །བྱ་བ་གྲུབ་པའི་ཡེ་ཤེས་ནི། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་སྣ་ཚོགས་ཤིང་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་པོ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི། །ཁམས་གསུམ་ཀུན་ཏུ་སྣ་ཚོགས་ཤིང༌། །དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་དོན་བསྒྲུབས་པ་པོ། །ཞེས་སོགས། སངས་རྒྱས་ཀྱི་སྤྲུལ་པ་དེ་ནི་རྟག་ཏུ་མཛད་པའི་བྱེ་བྲག་དང་གྲངས་དང་ཞིང་གི་སྒོ་ནས་རྣམ་པ་ཐམས་ཅད་དུ་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གིས་རྣམ་ཀུན་ཏུ། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཞེས་སོ། །དེས་ན་ཐོས་པའི་ཆོས་རྣམས་འཛིན་པ་དང༌། སེམས་ཅན་ཐམས་ཅད་ལ་བདག་གཞན་མཉམ་པ་ཉིད་ཀྱི་སེམས་མཉམ་པ་དང༌། ཡང་དག་པའི་ཆོས་རབ་ཏུ་སྟོན་པ་དང༌། སེམས་ཅན་ཐམས་ཅད་ཀྱི་བྱ་བ་བསྒྲུབ་པའི་ཕྱིར་ཡེ་ཤེས་བཞི་པོ་ཡང་དག་པར་འབྱུང་སྟེ། འཛིན་པའི་ཕྱིར་དང་སེམས་མཉམ་ཕྱིར༌། །ཡང་དག་པའི་ཆོས་རབ་ཏུ་སྟོན་ཕྱིར་དང༌། བྱ་བ་བསྒྲུབ་པ་ཉིད་ཀྱི་ཕྱིར། །ཡེ་ཤེས་བཞི་པོ་ཡང་དག་འབྱུང༌། །ཞེས་སོ། །འདི་རྣམས་ཀྱང་ཡིན་ལུགས་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་སངས་རྒྱས་དང་སེམས་ཅན་ལ་ལྟོས་ནས་བདེན་པ་གཉིས་ཀྱི་བྱེ་བྲག་ཀྱང་ཤེས་པར་བྱའོ། །གང་གི་ཕྱིར་ངོ་བོ་ཉིད་ཀྱི་སྐུ་འདི་ཉིད་སྐུ་གསུམ་ཡེ་ཤེས་བཞིའི་བདག་ཉིད་དང༌། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དང༌། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་་དཔག་མེད་འགྱེད་པ་པོ་ཡིན་པ་དེའི་ཕྱིར། གཞུང་གི་དོན་ལ་འཇུག་པ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་པ་ཐུབ་པ་ཡང་ཡིན་ལ། །ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་པས་ན། །ཐུབ་པའི་ངོ་བོ་ཉིད་སྐུ་གང་ཡིན་པ་དེ་ནི་་ཟག་པ་མེད་པའི་བྱང་ཆུབ་ཕྱོགས་མཐུན་ལ་སོགས་པ་མཐར་ཐུག་པའི་ཆོས་གང་དག་ཐོབ་པར་གྱུར་པའི་ངོ་བོ། །སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས། རྣམ་པ་ཀུན་ཏུ་རྣམ་པར་དག་པ་དེ་དག་བཅོས་མ་གློ་བུར་བ་མ་ཡིན་གྱི། རང་བཞིན་པའི་སྐུ་གཉུག་མའི་མཚན་ཉིད་ཅན་ཡིན་ནོ། །ཟག་པ་མེད་པའི་ཆོས་དེ་དག་གང་དང་གང་ཡིན་པར་བརྗོད་ཅེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱི་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག། རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། ། བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེས་ལ་ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་དེ་ལ་འབྲས་བུ་ཆོས་ཀྱི་སྐུ་བསྡུས་པའི་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ཏེ། འདི་རྣམས་ལམ་གྱི་གནས་སྐབས་སུ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི་སྔར་ཚོགས་སྒྲུབ་ཀྱི་སྐབས་སུ་བསྟན་ཟིན་ཏོ། །དེ་བཞིན་དུ་ཚད་མེད་དང༌། རྣམ་ཐར་དང༌། སྙོམ་འཇུག་དང༌། མངོན་ཤེས་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་ལམ་གྱིས་བསྡུས་པ་རྣམས་ཀྱི་དོན་ཡང་སྔར་བསྟན་ཟིན་ཏོ། ། འདིར་ནི་འབྲས་བུ་སངས་རྒྱས་ཀྱི་སས་བསྡུས་པ་ཟག་མེད་ཀྱི་དབྱིངས་འབའ་ཞིག་ཏུ་གོ་བར་བྱའོ། །འདིར་སེམས་ཅན་ཐམས་ཅད་ལ་བརྩེ་པའི་བྱམས་སོགས་ནི་དགོངས་པ་ཉིད་དེ། བྱམས་པ་བདེ་བ་དང་ཕྲད་པར་དང༌། སྙིང་རྗེ་སྡུག་བསྔལ་དང་བྲལ་བར་དང༌། དགའ་བ་བདེ་དང་མི་འབྲལ་བར་དང༌། བཏང་སྙོམས་ཕན་པར་དགོངས་པ་ཉིད་དེ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་པ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། ། ཞེས་སོ། །འདིར་རྣམ་ཐར་ཟིལ་གནོན་ཟད་པར་གྱི་ཁྱད་པར་ནི། སྒྲུབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ། རྣམ་པར་ཐར་པ་དང༌། ཉིད་ཀྱི་ཐུགས་ལ་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་བཞིན་དུ་བྱིན་གྱིས་རློབ་པ་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་པ་ཟད་པར་གྱི་སྐྱེ་མཆེད་དེ། ཐུབ་པའི་སྒྲིབ་ཀུན་ངེས་པར་གྲོལ། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཟད་པར་གྱིས་དབྱེ་བ་བཅུ་ནི། མཐའ་དག་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་དང༌། རྣམ་པར་ཤེས་པ་དང༌། ནམ་མཁའ་སྟེ། ལམ་དུས་སུ་ཡང་བསམ་གཏན་པ་སེམས་ལ་དབང་ཐོབ་པས་ཟད་པར་འདི་དག་ཇི་ལྟར་མོས་པ་བཞིན་དུ་འཆར་བ་ནི། སྲོག་གཟུགས་གྲུབ་པའི་མཐུ་ལས་སོ། །ཟིལ་གྱིས་ནོན་པའི་སྐྱེ་མཆེད་ཀྱི་དབྱེ་བ་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཕྲ་མོ་ཁ་དོག་སྡུག་མི་སྡུག་མཐོང་ཡང་ཟིལ་གྱིས་མནན་ཏེ་ཤེས་ཤིང་མཐོང་བ་དང༌། དེ་བཞིན་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རགས་པ་དང་ཁ་དོག་སྡུག་མི་སྡུག་མཐོང་ཡང་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་བ་སྟེ་གཉིས་དང༌། ནང་གཟུགས་མེད་པར་དུ་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་ཕྲ་བ་དང་རགས་པ་གཉིས་སྔ་མ་བཞིན་ཤེས་ཤིང་མཐོང་བ་སྟེ་བཞི་དང༌། དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་སྔོན་པོ་དང༌། སེར་པོ་དང༌། དམར་པོ་དང༌། དཀར་པོ་མཐོང་ཡང་དེ་དག་ཟིལ་གྱི་མནན་ཏེ་ཤེས་ཤིང་མཐོང་བ་སྟེ་དེ་ལྟར་བརྒྱད་དོ། །སྔོན་པོ་དང༌། ཁ་དོག་སྔོན་པོ་དང༌། སྔོན་པོར་སྣང་བ་དང༌། མདོག་སྔོན་པོ་བཞིའི་ཁྱད་པར་སྔ་མ་གཉིས་རང་བཞིན་དང༌། ཕྱི་མ་གཉིས་བཅོས་མ་སྟེ། རང་བཞིན་པའི་དཔེ་མེ་ཏོག་ལ་སོགས་པ་རེ་རེ་དང༌། བཅོས་མའི་དཔེ་སྔོན་པོ་ལ་སོགས་པའི་གོས་རེ་རེ་བྱུང་བས་སོ། །འདིར་མངོན་ཤེས་དྲུག་གིས་གདམས་ངག་འདོམས་པ་ནི། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་བྱའི་སར་གཤེགས་ནས། གཞན་གྱི་སེམས་ཀྱི་རྣམ་གྲངས་ཤེས་པས་སེམས་ཀྱི་སྤྱོད་པ་མཁྱེན་པར་མཛད་དེ། ལྷའི་རྣ་བས་དེ་དག་གི་སྐད་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པས་སྔོན་གྱི་གནས་ནས་འདིར་འོངས་པ་དང༌། ལྷའི་མིག་གིས་ཕྱི་མའི་མཐར་འགྲོ་བ་དང༌། ཟག་ཟད་ཀྱིས་འཁོར་བ་ལས་ངེས་པར་ཇི་ལྟར་མཁྱེན་པ་དེ་བཞིན་དུ་ལེགས་པར་འདོམས་ཏེ། ཤེས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོད་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །འདིར་གང་ལ་ཡང་བློ་གྲོས་རྟག་ཏུ་ཐོགས་པ་མི་མངའ་བས་སོ་སོ་ཡང་དག་པར་རིག་པ་བཞིས་རྟེན་ཆོས་དང༌། དེ་ལ་རྟེན་པ་དོན་གཉིས་བཤད་བྱ་དང༌། གསུང་དང་མཁྱེན་པ་གཉིས་འཆད་བྱེད་ཡིན་པ་ལ་དེ་དག་ལེགས་པར་སྟོན་ཏེ། རྟེན་དང་རྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་ནི། ལུས་ལེན་པ་དང༌། གནས་པ་དང༌། གཏོར་བ་ལ་མངའ་བརྙེས་པས་ལུས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང་བསྒྱུར་བ་ལ་མངའ་བརྙེས་པས་དམིགས་པ་ཡོངས་སུ་དག་པ་དང༌། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཐུགས་ཡོངས་སུ་དག་པ་དང༌། ཡེ་ཤེས་ལ་མངའ་བརྙེས་པས་མཁྱེན་པ་ཡོངས་སུ་དག་པ་སྟེ་བཞིའོ། །ལེན་དང་གནས་དང་གཏོང་པ་དང༌། ། སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། །དབང་བཅུ་ནི། ཚེ་དང་སེམས་དང༌། ཡོ་བྱད་དང༌། ལས་དང༌། སྐྱེ་བ་དང༌། མོས་པ་དང༌། སྨོན་ལམ་དང༌། རྫུ་འཕྲུལ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་སྟེ་བཅུའོ། ། སྟོབས་བཅུ་སེམས་ཅན་རྣམས་ལ་བསླུ་བའི་བདུད་འཇོམས་པར། བདེ་འགྲོ་དང་ངན་འགྲོའི་ཐབས་ལ་བསླུ་བ་དང༌། ལྷ་ལ་སོགས་པ་སྐྱབས་མིན་པ་ལ་སྐྱབས་སུ་བསླུ་བ་དང༌། ཟག་བཅས་ཀྱི་དག་པ་ཙམ་གྱིས་རབ་ཏུ་དག་པར་བསླུ་བ་དང༌། ཐེག་ཆེན་གྱི་ངེས་པར་འབྱུང་བ་ལ་རབ་ཏུ་བསླུ་བའི་བདུད་འཇོམས་པ་སྟེ། ཐབས་དང་སྐྱབས་དང༌། དག་པ་དང༌། ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་བསླུ་བ་ཡི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །མི་འཇིགས་པ་བཞི་ནི་རིམ་པ་ལྟར། །རང་གི་དོན་དུ་ཡེ་ཤེས་དང༌། །སྤངས་པ་དང་གཞན་གྱི་དོན་དུ་ངེས་པར་འབྱུང་བ་དང༌། གེགས་སྟོན་པར་མཛད་པ་ལ་གཞན་དག་གིས་མི་རྫི་བའི་ཕྱིར་མི་འཇིགས་ཏེ། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་བྱེད་པ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཤིན་ཏུ་དག་པས་སྤྱོད་པ་མ་དག་པ་གཞན་གྱི་ཤེས་ཀྱིས་དགོས་ནས་བསྲུང་བ་དེ་མེད་པའི་ཕྱིར་འཁོར་གྱི་ནང་ན་བག་རྐྱང་སྟེ་གསུང་བ་དང༌། ཆོས་ཉན་པ་ལ་གུས་པ་དང༌། མ་གུས་པ་དང༌། ཆ་མཉམ་པའི་འཁོར་གསུམ་ལ་ཆགས་པ་དང༌། ཁོང་ཁྲོ་བ་དང༌། ཆ་མཉམ་པའི་གཡེང་བ་གསུམ་གྱིས་དྲན་པ་མི་བསྙེལ་བའི་ཕྱིར་བཏང་སྙོམས་ཀྱིས་དྲན་པ་ཉེ་བར་བཞག་པ་རྣམས་གསུམ་སྟེ། བསྲུང་མེད་བསྙེལ་བའི་མི་མངའ་བ། །འཁོར་གྱི་ནང་ནས་བག་བརྐྱངས་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །བསྙེལ་ནས་སེམས་ཅན་གྱི་དུས་ལས་འདའ་བ་མི་སྲིད་པ་མཛད་པ་རྟག་ཏུ་འབྲས་བུ་ཡོད་པ་ནི་བསྙིལ་བ་མི་མངའ་བའི་ཆོས་ཉིད་དེ། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མ་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། ། མི་བསྙེལ་་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །ཉོན་མོངས་ཟད་ཀྱང་བག་ཆགས་མ་བཅོམས་པས། ཉན་རང་ལ་ལུས་ཀྱི་འགྱུར་བ་དང༌། གླང་པོ་འཁྲུལ་བ་དང༌། ཐུབ་པ་ལ་སོགས་ཀུན་མཁྱེན་མིན་པའི་སྤྱོད་པ་ཡོད་པ་ལྟར་དེ་བཞིན་གཤེགས་པ་ལ་གནས་པ་དང་རྒྱུ་བ་ལ་རྟག་ཏུ་ཀུན་མཁྱེན་མ་ཡིན་པའི་སྤྱོད་པ་མི་མངའ་བ་ནི་བག་ཆགས་ཡང་དག་པར་བཅོམ་པ་སྟེ་ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ཞེས་སོ། །སུ་ནི་དར་སུ་ནི་རྒུད་ཅེས་པའི་ཚུལ་གྱིས་འཇིག་རྟེན་ལ་ཉིན་ལན་གསུམ་མཚན་ལན་གསུམ་སོ་སོར་གཟིགས་པ་ནི་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་སྟེ་འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན། ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྤྱོད་པ་མ་འདྲེས་པ་དྲུག་དང༌། རྟོགས་པ་མ་འདྲེས་པ་དྲུག་དང༌། ཡེ་ཤེས་མ་འདྲེས་པ་གསུམ་དང༌། འཕྲིན་ལས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་ནི། ཐུབ་པ་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དེ། སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་འཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །སྐུ་གསུམ་གྱིས་བྱང་ཆུབ་ཆེན་པོ་བསྙེས་ནས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་ཐམས་ཅད་གཅོད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཙོམ་དག། གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ནི། ཆོས་ཐམས་ཅད་ཀྱི་སྙིང་པོར་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཡིན་ཏེ། དཀོན་མཆོག་སྤྲིན་ལས། དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་ཞེས་སོ། །མཐར་ཐུག་འོད་གསལ་ཆོས་ཀྱི་སྐུ་ཞེས་བྱ་བ་དེ་རྣམས་ངོ་བོ་ཉིད་ཀྱི་སྐུས་བསྡུས་པའི་ཟག་མེད་ཀྱི་ཆོས་དེ་དག་ཡིན་པར་བརྗོད་པ་ཡིན་ནོ། ། ཉོན་མོངས་པ་མེད་པ་ནི། ཉན་ཐོས་ཉོན་མོངས་མེད་པ་ཡི། །མི་ཡི་ཉོན་མོངས་ཡོངས་སྤོང་ཉིད། །གྲོང་སོགས་སུ་དེའི་ཉོན་མོངས་རྣམས། །རྒྱུན་གཅོད་རྒྱལ་བའི་ཉོན་མོངས་མེད། །ཅེས་པ་ལ་ཉན་ཐོས་ཀྱི་ཉོན་མོངས་པ་མེད་པ་ནི་མའི་ཉོན་མོངས་པ་སྐྱེ་བའི་རྐྱེན་སྤོང་བ་ཙམ་དང༌། ཉོན་མོངས་སྐྱེས་པ་རྣམས་ཀྱི་གཉེན་པོ་མི་བྱེད་པ་ཉིད་དོ། །གྲོང་ལ་སོགས་པ་རྣམས་སུ་སེམས་ཅན་ཕ་རོལ་པོ་དེ་དང་དེའི་ཉོན་མོངས་རྣམས་སྐྱེས་པ་དང༌། སྐྱེ་འགྱུར་རྒྱུན་གཅོད་པའི་མཐུ་ཡོད་པའི་ཏིང་ངེ་འཛིན་དེ་རྒྱལ་བའི་ཉོན་མོངས་པ་མེད་པའོ། །ཇི་སྐད་དུ། སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །ཐུགས་རྗེ་བཅས་ཁྱོད་ལ་ཕྱག་འཚལ། །ཞེས་སོ། །སྨོན་ནས་ཤེས་པ་ནི། སངས་རྒྱས་སྨོན་ནས་མཁྱེན་པ་ནི། །ལྷུན་གྱིས་གྲུབ་དང་ཆགས་སྤངས་དང༌། །ཐོགས་པ་མེད་དང་རྟག་གནས་དང༌། །འདྲི་བ་ཀུན་ལན་འདེབས་པར་བཞེད།། ཅེས་པ་ལ་བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་གང་ཡང་རུང་བ་འགའ་ཞིག་ཤེས་པར་སྨོན་དེ་ཤེས་པ་ནི་སྨོན་ལམ་སྔོན་དུ་སོང་བས་སྨོན་ནས་ཤེས་པའོ། །སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་པ་དང༌། ཆགས་པ་སྤངས་པ་དང༌། ཤེས་བྱ་ལ་ཐོགས་པ་མེད་པ་དང༌། རྟག་ཏུ་མཉམ་བཞག་ལ་གནས་པ་དང༌། འདྲི་བ་ཀུན་གྱི་ལན་འདེབས་པ་ཉིད་ཀྱིས་ཆོས་ལྔས་ཁྱད་པར་དུ་འཕགས་པར་བཞེད་དོ། །གཞན་དག་ནི་དེ་ལ་བཟློག་པའོ། །ཇི་སྐད་དུ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །གལ་ཏེ་སངས་རྒྱས་སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པར་ཀུན་ཁྱབ་ཏུ་རྟག་པར་བཞུགས་ན། སེམས་ཅན་ཐམས་ཅད་ལ་མི་སྣང་བ་ཅི་ཞེ་ན། རྒྱུ་ནི་ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་དེ་ལ་དེ་སྣང་ངོ༌། །ཞེས་པ་སངས་རྒྱས་མཐོང་བའི་རྒྱུ་དད་པ་ལ་སོགས་པའི་དགེ་བ་ནི་ཡོངས་སུ་སྨིན་པར་གྱུར་པ་དེ་ནས། སྐུ་ལ་སོགས་པའི་འཕྲིན་ལས་གང་དང་གདུལ་བྱ་གང་ལ་འདུལ་བའི་རྣམ་པ་གང་དང་ནི། དུས་གང་གི་ཚེ་འདུལ་བའི་བྱ་བ་ལ་ཕན་པར་གྱུར་པ་དེའི་ཚེ་འཇིག་རྟེན་དུ་བྱོན་པའི་སངས་རྒྱས་དེ་སྣང་བ་དང་གདུལ་བྱ་དེ་ལ་གདུལ་བའི་རྣམ་པ་སྐུ་དང་གསུང་གི་རྣམ་འགྱུར་སྣ་ཚོགས་པ་དེ་སྣང་ངོ༌། །གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས། སེམས་ཅན་ཡིན་ནོ་ཅོག་ལམ་ལ་འགོད་དམ་ཞེ་ན། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། ས་བོན་མི་རུང་མི་འཁྲུངས་ལྟར། ། སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །དཔེ་ཇི་ལྟར་ལྷའི་རྒྱལ་པོས་ཕྱོགས་རིས་མེད་པར་ཆར་ཕབ་ཀྱང༌། མེས་ཚིག་པ་ལྟ་བུ་ས་བོན་དུ་མི་རུང་བ་ལ་འདོད་པའི་འབྲས་བུ་མི་འཁྲུང་བ་ལྟར། སངས་རྒྱས་རྣམས་ནི་འཇིག་རྟེན་དུ་བྱོན་ནས་དམ་ཆོས་བདུད་རྩིའི་ཆར་པ་ཀུན་ལ་ཕབ་པར་འགྱུར་ཀྱང༌། ཆོས་ཀྱི་སྐལ་བ་མེད་པས་བསྟན་པ་བདུད་རྩིའི་རོ་བཟང་པོ་མི་མྱོང་ངོ༌། །སྐལ་པ་ཡོད་ན་དུས་ནམ་ཡང་འཕྲིན་ལས་ཀུན་ཁྱབ་ཏུ་འཇུག་པ། དེ་ལྟར་མཛད་པ་རྒྱ་ཆེའི་ཕྱིར། །སངས་རྒྱས་ཁྱབ་པར་ངེས་པར་བརྗོད། །དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ནོ། །གོང་དུ་གསུངས་པ་དེ་ལྟར་སྐུ་གསུངས་ཐུགས་ཀྱི་མཛད་པ་རྒྱ་ཆེ་བ་ནམ་མཁའ་དང་མཚུངས་པའི་ཕྱིར། སངས་རྒྱས་ཀྱིས་ནམ་མཁའ་ཁྱབ་པར་ངེས་པར་བརྗོད་དོ། །མཛད་པ་དེ་ཉིད་ནི་དུས་ནམ་ཡང་ཟད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ནོ། ། ༢༽ལོངས་སྤྱོད་རྫོགས་པའི་སྐུ་བཤད་པ།