ཕར་ཕྱིན་མདོ་ལུགས་མ།

། འདིར་སེམས་དང་པོ་བསྐྱེད་པ་ནས་ཞེས་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མཐོང་བའི་རྩེ་སྦྱོར་ཐོབ་ནས་བཟུང་སྟེ། ཞེས་པའི་དོན་ཏོ། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཆོས་ཐམས་ཅད་དངོས་པོའི་ངོ་བོ་ཉིད་མེད་ལ་དངོས་པོ་མེད་པའི་དངོས་པོ་མེད་པ་དྲན་པར་མི་ནུས་པའི་ཕྱིར། སངས་རྒྱས་གཟུགས་སོགས་ཕུང་པོ་ལྔ་དང༌། གཟུགས་ཀྱི་སྐུ་དང༌། ཚུལ་ཁྲིམས་སོགས་ཕུང་པོ་ལྔ་དང༌། སྟོབས་བཅུ་ལ་སོགས་པ། རྟེན་འབྲེལ་གི་དངོས་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བའི་དངོས་པོ་མེད་པ་སྒྱུ་མ་ལྟ་བུ་ནི། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའོ། །དེ་ལྟར་དགེ་མི་དགེ་ལ་སོགས་པ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་རྨི་ལམ་ལྟ་བུ་ནི་ཆོས་རྗེས་དུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ཉན་ཐོས་ཀྱི་དགེ་འདུན་སྐྱེས་བུ་ཟུང་བཞི་དང༌། གང་ཟག་བརྒྱད་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་སྤྲུལ་པ་ལྟ་བུ་ནི་དགེ་འདུན་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ཚུལ་ཁྲིམས་དྲི་མ་མེད་པ་ལ་གནས་ཏེ། ཚུལ་ཁྲིམས་དེ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཆུ་ཟླ་ལྟ་བུ་ནི་ཚུལ་ཁྲིམས་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་ལུས་དང༌། ཟང་ཟིང་དང༌། ཆོས་ཀྱི་སྦྱིན་པ་གཏོང་ཡང་དངོས་པོ་གསུམ་དུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དྲི་ཟའི་གྲོང་གི་ལུས་དང་ལོངས་སྤྱོད་ལྟ་བུ་ནི་གཏོང་བ་རྗེས་སུ་དྲན་པ་བསྒོམ་པའོ། །དེ་བཞིན་དུ་འདོད་ལྷ་དང༌། གོང་མ་གཉིས་ན་སྤྱོད་པའི་ཕྱིར་མི་འོང་གི་ལྷ་དེ་དག་དངོས་པོར་དྲན་པར་མེད་ཅིང་དངོས་པོ་ཡིད་ལ་བྱ་བ་མེད་པ་གཟུགས་བརྙན་ལྟ་བུ་དྲན་ཅིང་ཡིད་ལ་བྱེད་པ་ནི་ལྷ་རྗེས་སུ་དྲན་པ་བསྒོམ་པའོ། །ལྟར་ན་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སངས་མ་རྒྱས་ཀྱི་བར་དུ་རིམ་གྱིས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་གིས་མཐར་གྱིས་འཇུག་པའི་ལམ་ལ་སློབ་པས། དངོས་པོ་མེད་པའི་ཚུལ་གྱིས་སྦྱིན་སོགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་སྐུ་རིམ་གྱིས་རྟོགས་ཤིང་རྫོགས་པར་བྱེད་པ་ཡིན་ནོ། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་སྦྱིན་སོགས་ནས་རྣམ་མཁྱེན་གྱི་བར་ལ་བསློབ་པས་ཆོས་སྐུ་རིམ་གྱིས་རྣམ་མཁྱེན་གྱི་བར་དུ་རྫོགས་པ་དེ། མཐར་གྱིས་འཇུག་པའི་ལམ་གི་བྱ་བ་ཡོངས་སུ་རྫོགས་པར་བཞེད་དོ། །གང་གིས་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་མཐར་གྱིས་པའི་ཆོས་སྐུ་རིམ་གྱིས་རྫོགས་པ་དེ་རིམ་གྱིས་རྟོགས་པ་བརྒྱ་ཇེ་ཆེར་འཕེལ་བ་ཡིན་གྱི། དེ་ལས་གཞན་དུ་སྨྲ་བ་རྣམས་ནི་མདོ་དང་མི་མཐུན་ནོ། །དེ་རྣམས་ཀྱིས་མཐར་གྱིས་པ་རྣམ་གསུམ་རྣམ་བཅུ་ཞེས་པ་དེ་དག་བཤད་ཟིན་ཏོ། །དངོས་པོ་བརྒྱད་ལས་མཐར་གྱིས་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུ་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་དྲུག་པའི་འགྲེལ་པའོ། ། བདུན་པ། སྐད་ཅིག་སྦྱོར་རྒྱས་པར་བཤད་པ། དེ་ནི་སྐད་ཅིག་མ་གཅིག་གིས་མངོན་པར་བྱང་ཆུབ་རྫོགས་པར་བྱང་ཆུབ་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་དྲུག་ཅུ་པར་སེམས་བསྐྱེད་པ་གཅིག་གིས་སྦྱིན་སོགས་ནས་མཚན་དཔེའི་བར་རྫོགས་པར་བྱེད། ཅེས་དང༌། ཟག་པ་མེད་པའི་སེམས་ལ་གནས་ཤིང་སྦྱིན་པ་གཏོང་ཞེས་སོགས་ཀྱི་དོན། སྦྱིན་པ་ལ་སོགས་རེ་རེས་ཀྱང་ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། ཐུབ་པའི་སྐད་ཅིག་གཅིག་པ་ཡིས། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུན། །རྟོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པ་ལ། ཡེ་ཤེས་འདི་ནི་ངེས་འབྱུང་བསྒྲུབ་པའི་གནས་སྐབས་བར་ཆད་མེད་པའི་ཏིང་ངེ་འཛིན་ས་བཅུའི་རྒྱུན་མཐའི་སྐད་ཅིག་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཡོངས་སུ་གང་བའི་འོད་གསལ་ཆོས་ཀྱི་སྐུ་སྔ་ཕྱི་མེད་པར་གཅིག་ཆར་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་གཅིག་པའི་འདི་ཉིད་རྟོགས་ཚུལ་གྱིས་སྒོ་ནས་བཞིར་བཤད་དོ། །ཡེ་ཤེས་འདིས་ཆོས་སྐུ་རྫོགས་པ་རྟོགས་པ་ནི་ཡེ་ཤེས་སོ། ། སྐད་ཅིག་མ་གཅིག་གིས་རྫོགས་པར་གཅིག་ཆར་དུ་རྟོགས་པ་ཡིན་གྱི། འདིར་རིམ་གྱིས་རྟོགས་པ་ནི་མ་ཡིན་ཏེ། ཆོས་སྐུའི་སྒྲིབ་པ་ཐམས་ཅད་ཟད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་ངོ་བོར་ཡོངས་སུ་རྫོགས་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ནམ་ཞིག་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང༌། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། ། བུམ་པ་དེ་ནི་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་པའི་དོན་དང༌། ས་ཡོངས་སུ་སྦྱོང་བའི་སྐབས་སུ་ཡང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། ། ཞེས་སོགས་ཀྱི་དོན་ཏོ། ། དེས་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡེ་ཤེས་སྐད་ཅིག་མ་རེ་རེས་ཀྱང་ཟག་མེད་ཀྱི་ཆོས་ནམ་མཁའ་གང་བ་ཀུན་བསྡུས་པའི་ཕྱིར། ཐུབ་པའི་རྣམ་མཁྱེན་ཐོབ་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་འོད་གསལ་ཆོས་ཉིད་ཀྱི་སྐུ་རྫོགས་པར་གཅིག་ཆར་དུ་མཁྱེན་པའི་རྟོགས་པ་མཐའ་ཐུག་གི་རྟོགས་ཚུལ་འདི་ནི་ཤེས་པར་བྱའོ། །སྔ་ཕྱི་མེད་པར་གཅིག་ཆར་དུ་ཤེས་པ་ནི་དཔེ་ཇི་ལྟ་བུ་ཞེ་ན། ཇི་ལྟར་སྐྱེས་བུས་ཟོ་ཆུན་གྱི་རྒྱུད་རྡོགས་པ་བསྣུན་པའི་ཐབས་གཅིག་གིས་བསྐྱོད་ཅིང་བསྒུལ་བ་ན། ཟོ་བ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཆར་དུ་འགུལ་པ་དེ་ལྟར་ཡེ་ཤེས་སྐད་ཅིག་མ་གཅིག་གིས་གཅིག་ཆར་དུ་ཤེས་པ་ནི་དཔེ་དེ་བཞིན་ནོ། །མདོ་ལས། བྱང་ཆུབ་སེམས་དཔའ་དེ་རྣམ་པར་སྨིན་པ་ལས་བྱུང་བའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། རྣམ་སྨིན་ལས་བྱུང་བའི་མངོན་ཤེས་རྣམས་དང༌། རྣམ་སྨིན་ལས་བྱུང་བའི་བྱང་ཆུབ་ཀྱི་ལམ་ངེས་པ་ཉིད་ལ་སྤྱོད་ཅིང༌། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་ཞེས་སོགས་ཀྱི་དོན། གང་ཚེ་ཆོས་དཀར་ཐམས་ཅད་གྱིས། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས། །ཞེས་པ་ལ། ས་བཅུ་པའི་མཐར། བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་གང་གི་ཚེ་རྣམ་བྱང་གི་ཆོས་དཀར་པོ་ཐམས་ཅད་ཀྱི་རང་བཞིན་ཏུ་གྱུར་པ་ནམ་མཁའ་གང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་སྐུར་རྣམ་པར་སྨིན་པ་ལྷུན་གྱིས་གྲུབ་པའི་འབྲས་བུ་ཆོས་ཉིད་ཀྱི་གནས་སྐབས་སུ་རྫོགས་པར་སྒྲིབ་པ་མཐའ་དག་དང་བྲལ་བར་སྐྱེས་པ་དེའི་ཚེ། ཆོས་ཀྱི་སྐུ་རྫོགས་པར་སྐད་ཅིག་མ་གཅིག་གིས་གཅིག་ཆར་དུ་རྟོགས་པའི་ཡེ་ཤེས་སོ། །ཉི་ཁྲིའི་ལེའུ་རེ་གཅིག་པར། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། མིག་གཡོར་དང༌། སྒྲ་བརྙན་དང༌། གཟུགས་བརྙན་དང༌། དྲི་ཟིའི་གྲོང་ཁྱེར་དང༌། སྤྲུལ་པ་ལྟ་བུའི་ཉེ་བར་ལེན་པ་ཕུང་པོ་ལྔ་ལ་གནས་ཤིང་ཕར་ཕྱིན་དྲུག་ལ་སྤྱོད་དོ། །ཞེས་སོགས་ཀྱི་དོན། སྦྱིན་ལ་སོགས་པའི་སྤྱོད་པ་ཡིས། ། ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་རྣམས་མཚན་ཉིད་མེད་པ་ཉིད། །སྐད་ཅིག་མ་ནི་གཅིག་གིས་རྟོགས། །ཞེས་པ་ལ་བྱང་ཆུབ་སེམས་དཔའ་དུས་དེར་ཡང་སྦྱིན་པ་ལ་སོགས་པའི་སྤྱོད་པ་མི་འདོར་བའི་ཆོས་ཀུན་རྨི་ལམ་དང་འདྲ་བར་རྟོགས་པའི་ཡེ་ཤེས་ལ་གནས་ནས། གཤིས་ལུགས་དོན་དམ་གྱི་ཆོས་རྣམས་དངོས་པོའི་མཚན་ཉིད་མེད་པ་སྒྱུ་མ་དང་འདྲ་པ་ཉིད་དུ་རྫོགས་པར། ཡེ་ཤེས་སྐད་ཅིག་མ་གཅིག་གིས་གཅིག་ཆར་དུ་རྟོགས་སོ། །མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྤྲུལ་པ་ལྟ་བུར་ཤེས་སོ། །དེ་ཡང་ཇི་ལྟར་ཤེས་ན། རྨི་ལམ་མི་མཐོང༌། རྨི་ལམ་མཐོང་བ་མི་མཐོང༌། སྒྲ་བརྙན་མི་མཐོང༌། སྒྲ་བརྙན་ཉན་པ་མི་མཐོང༌། མིག་ཡོར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། སྤྲུལ་པ་མི་མཐོང་ངོ༌། །སྤྲུལ་བ་མཐོང་བ་མི་མཐོང་ངོ༌། །ཞེས་སོགས་ཀྱི་དོན། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་པ་ལ་ཇི་ལྟར་རྨི་ལམ་དང༌། །རྨི་ལམ་དེ་མཐོང་བ་དེ་དག་ཉིད་དངོས་པོ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་དེས་དེ་ལྟར་དོན་དམ་འོད་གསལ་ངོ་བོ་ཉིད་སྐུའི་ཆོས་སྐུའི་ཆོས་རྣམས་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས། དེ་ཁོ་ན་ཉིད་ཀྱི་ཆོས་སྐུའི་རྫོགས་པར་ས་བཅུ་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་ནི་གཅིག་གིས་གཅིག་ཆར་དུ་མཐོང་བ་དེས་ན་ས་བཅུ་པའི་མཐར་ཐུག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་རྣམས་ཀྱིས། སྐད་ཅིག་མ་གཅིག་གིས་མངོན་རྫོགས་བྱང་ཆུབ་པ། མཚན་ཉིད་ཀྱིས་ནི་རྣམ་པ་བཞི། ཞེས་པ་དེ་དག་བཤད་ཟིན་ཏོ། །དངོས་པོ་བརྒྱད་ལས། སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དངོས་པོ་ཤེས་རབ་ཀྱིས་ཕ་་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་བདུན་པའི་འགྲེལ་པའོ། ། བརྒྱད་པ། ཆོས་སྐུ་རྒྱས་པར་བཤད་པ། ད་ནི་ཆོས་ཀྱི་སྐུ་བཤད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པར་བྱ་སྟེ། དེ་ལ་ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །ཞེས་པའི་ཚིགས་སུ་བཅད་པའི་འདི་ལ། མགོན་པོ་སྦྱན་རས་གཟིགས་དབང་ཕྱུག་གིས་བཤད་པ་མཛད་པ་ནི། ངོ་བོ་ཉིད་ཀྱི་སྐུ་དེ་སྐུ་གསུམ་མཛད་པ་དང༌། བཞིར་ངེས་པར་བྱམས་པས་གསུངས། ཞེས་གསུངས་པས། ངོ་བོ་ཉིད་ཀྱི་སྐུ་ནི་དབྱེ་གཞི་དང་སྐུ་ལྷག་མ་གསུམ་མཛད་པ་དང་བཅས་པ་རྣམས་དེ་ལས་ཕྱེ་བའི་ཡ་ཀྱལ་ཡིན་པར་སྣང་ངོ༌། །སྐབས་འདིར་ཡང་ཐོག་མར་ངོ་བོ་ཉིད་ཀྱི་སྐུ་བསྟན་ནས་དེ་ལས་ཀྱིས་སྐུ་གསུམ་མཛད་པ་དང་བཞིར་གསུངས་པས་སོ། ། ༡༽ངོ་བོ་ཉིད་སྐུ་བཤད་པ། དེས་ན་ངོ་བོ་ཉིད་ཀྱི་སྐུ་གཅིག་པུ་འདི་ཉིད་འབའ་ཞིག་མཐར་ཐུག་གི་དོན་ཡིན་པར་གསུངས་རབ་ཟབ་དགུ་རྣམས་སུ་གཏན་ལ་ཕབ་པའི་ཕྱིར། འདི་ཉིད་ལ་སྔགས་ཀྱི་ཐེག་པར་ལྷག་ཅིག་སྐྱེས་པའི་སྐུ་དང༌། བདེ་བ་ཆེན་པོའི་སྐུ་དང༌། ཡེ་ཤེས་ཉིད་ཀྱི་སྐུ་དང༌། ངོ་བོ་ཉིད་གྱི་སྐུ་དང༌། ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། དོན་དམ་པའི་བདེན་པ་དང༌། ཆོས་ཀྱི་དབྱིངས་དང༌། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཕྱག་རྒྱ་ཆེན་མོ་དང༌། ཐེག་པ་ཆེན་པོ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེའི་ཐེག་པ་དང༌། དུས་ཀྱི་འཁོར་ལོ་དང༌། གསང་བ་འདུས་པ་དང༌། ཀྱེའི་རྡོ་རྗེ་དང༌། འཁོར་ལོ་སྡོམ་པ་ལ་སོགས་པར་གྲགས་སོ། །ངོ་བོ་ཉིད་ཀྱི་སྐུ་འདི་ཉིད་ལ། མཚན་ཉིད་ཀྱི་ཐེག་པར་དོན་དམ་པའི་སྐུ་དང་རང་དོན་གྱི་སྐུ་དང༌། རྣམ་པར་གྲོལ་པའི་སྐུ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཆོས་ཀྱི་སྐུ་དང༌། འགོག་པའི་བདེན་པ་དང༌། མྱ་ངན་ལས་འདས་པ་དང༌། གཉིས་སུུ་མེད་པའི་ཡེ་ཤེས་དང༌། རྒྱལ་བ་ཀུན་གྱི་ཡུམ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པར་གྲགས་སོ། །དེས་ན་དོན་འདི་ཉིད་མདོ་རྒྱུད་རྣམས་སུ་མིང་མཐའ་ཡས་པས་བསྟན་པའི་ཕྱིར་མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ཡིན་ནོ། །མིང་མང་ཡང་དོན་གཤིས་ལ་ཆོས་ཀྱི་སྐུ་གཅིག་པུ་འདི་ལས་བསྟན་པ་མེད་པའི་ཕྱིར་དོན་གཅིག་གཉིས་མེད་ཆོས་ཀྱི་དོན་ཡིན་ནོ། །ལུས་དང་སྐུ་དང་ཕུང་པོ་རྣམས་དོན་གཅིག་ཏུ་གོ་བར་བྱའོ། །ཡན་ལག་དུ་མ་འདུས་ཤིང་སྤུངས་བ་ལ་ལུས་ཞེས་པ་དང༌། ཞེས་པའི་སྒོ་ནས་སྐུ་ཞེས་པའི་མིང་གིས་བསྟན་ཏོ། །དེ་ལྟ་བས་ན་འདིར་སངས་རྒྱས་རྣམ་ཀྱིས་ལུས་ངོས་འཛིན་པ་ལ། གཞི་ངོ་བོ་ཉིད་ཀྱི་ལུས་དང༌། ཆོས་ཀྱི་ལུས་དང༌། ལོངས་སྤྱོད་རྫོགས་པའི་ལུས་དང༌། སྐུ་འདི་རྣམས་མ་གཏོགས་པའི་སངས་རྒྱས་ཞེས་བྱ་བ་ནི་གུད་ན་ཅི་ཡང་མེད་དོ། །དེ་ལ་དོན་དམ་པ་འོད་གསལ་ལ་ཟག་པ་མེད་པའི་ཆོས་ནམ་མཁའ་གང་བ་རྣམས་དེ་བཞིན་ཉིད་དུ་གནས་ཤིང་བཅོས་མ་མ་ཡིན་པའི་ཆ་ནས་ངོ་བོ་ཉིད་ཀྱི་སྐུ་དང༌། དེ་དག་ཡོན་ཏན་གྱི་ཆོས་མཐའ་ཡས་པའི་ཕུང་པོར་གནས་པའི་ཆ་ནས་ཆོས་ཀྱི་སྐུ་དང༌། དེ་དག་ཉིད་མཚན་དང་དཔེ་བྱད་བཟང་པོའི་བདག་ཉིད་ཆོས་ཐམས་ཅད་རྫོགས་པར་ལོངས་སྤྱོད་པ་ཁ་དོག་དང་སྐུ་དང་མཛད་པ་སྣ་ཚོགས་པའི་ཆ་ནས་ལོངས་སྐུ་དང༌། དེ་དག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་དང་གཟིངས་དང་ཟམ་པ་ལ་སོགས་པ་གང་ལ་གང་འདུལ་གྱིས་སྣོད་བཅུད་ཐམས་ཅད་ཀྱི་རྣམ་པ་མཐའ་ཡས་པ་ཉིད་དུ་སྟོན་པའི་ཆ་ནས་སྤྲུལ་པའི་སྐུའོ། །དེས་ན་སྐུ་གཅིག་ཏུ་གསུངས་པ་དང༌། དུ་མར་གསུངས་པ་མི་འགལ་བའི་ཕྱིར་སྐུའི་གྲངས་མང་ཉུང་ལ་རྩོད་པ་མི་བྱའོ། །མགོན་པོ་སྦྱན་རས་གཟིགས་ཀྱིས། དེ་ཉིད་གཅིག་པུ་སྐུའི་རབ་ཏུ་དབྱེ་བས་རྣམ་པ་བཅུ་དྲུག་ཞེས་ངོ་བོ་ཉིད་ཀྱི་དེ་ཉིད་གཅིག་པུ་སྐུ་བཅུ་དྲུག་ཏུ་གསུངས་པའི་ཕྱིར་དང༌། རྗེ་བཙུན་འཇམ་དབྱངས་མགོན་གྱིས་ངོ་བོ་ཉིད་ཀྱི་སྐུའི་གཟུགས་ཀྱི་ཕུང་པོ་མཐའ་ཡས་པ་ཐམས་ཅད་སྤྲུལ་པའི་སྐུ་དང༌། སྒྲའི་ཕུང་པོ་མཐའ་ཡས་པ་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཆོས་ཀྱི་ཕུང་པོ་མཐའ་ཡས་པ་ཐམས་ཅད་ཆོས་ཀྱི་སྐུ་དང༌། བདེ་བའི་ཕུང་པོ་མཐའ་ཡས་པ་ཐམས་ཅད་བདེ་བའི་སྐུ་དང༌། ཡེ་ཤེས་ཀྱི་ཕུང་པོ་མཐའ་ཡས་པ་ཐམས་ཅད་ཡེ་ཤེས་ཀྱི་སྐུ་སྟེ་ལྔར་ཡང་གསུངས་པའི་ཕྱིར་དང༌། བྱམས་ཆོས་རྣམས་སུ་སྐུ་བཞི་ཡང་གསུངས་ཤིང༌། སྐུ་གསུམ་ཀྱིས་སངས་རྒྱས་ཀྱི་སྐུ་ཐམས་ཅད་བསྡུས་པར་ཡང་གསུངས་པའི་ཕྱིར་རོ། །སྐུའི་གྲངས་ལ་རྩོད་པ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་མི་ཤེས་པ་རྣམས་ལ་འབྱུང་བར་གསུངས་ཏེ། བྲམ་ཟེ་ཆེན་པོ་དཔལ་ས་ར་ཧའི་ཞལ་སྔ་ནས། ང་ཡིས་རྩེད་མོ་བྱས་པ་ལ། །བྱིས་པ་རྣམས་ནི་ཧ་ཅང་བཅད། །ཨ་མ་གཞན་ལས་བུ་དེ་སྐྱེ་མི་འགྱུར། །དེ་ཕྱིར་རྣལ་འབྱོར་སྤྱོད་པ་དཔེ་དང་བྲལ། །ཞེས་གསུངས་པའི་དོན། ཆོས་སྐུ་ང་ཡིས་རྩེད་མོས་གཟུགས་སྐུའི་རྣམ་འགྱུར་བྱས་པ་དེ་ལ་བྱིས་པ་སྐུ་གསུམ་དབྱེར་མེད་དུ་མི་ཤེས་པ་རྣམས་ནི་སྐུ་མང་ཉུང་ལ་མ་འཆམ་ཞིང་རྩོད་པས་ཧ་ཅང་བཅད་དོ། །ཨ་མ་གཞན་ཆོས་སྐུ་མ་ཡིན་པ་ལས་བུ་གཟུགས་སྐུ་རྣམ་འགྱུར་འབྱུང་པར་མི་འགྱུར་བ་དེའི་ཕྱིར། རྣལ་འབྱོར་ཆོས་སྐུ་དང༌། དེའི་སྤྱོད་པ་གཟུགས་སྐུ་གཉིས་ཀ་དཔེ་དང་བྲལ་བ་སྟེ་ཆོས་སྐུའི་རྣམ་འགྱུར་ཡིན་པས་དོན་ལ་ཆོས་སྐུ་མ་ཡིན་པའི་གཟུགས་སྐུ་མེད་ཅེས་པའི་དོན་ཏོ། །དེས་ནས་སྐུ་གསུམ་གྱི་དབྱེ་བ་ནི་མདོ་སྡེའི་རྒྱན་ལས། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་ལོངས་སྤྱོད་རྫོགས་པ་དང༌། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པོའི་རྟེན་ཡིན་ནོ། །ཞེས་དང༌། ལོངས་སྤྱོད་རྫོགས་པ་ལ་ཐ་དད་པ་དྲུག་བསྟན་པ་ནི། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་ཡོངས་སྡུད་དང་ཞིང་དང་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང༌། མཛད་པ་དག་གིས་ཐ་དད་དོ། །ཞེས་པས་ལོངས་སྐུ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་འཁོར་གྱི་དཀྱིལ་འཁོར་གྱིས་དང༌། སངས་རྒྱས་ཀྱི་ཞིང་དག་གིས་དང༌། འཚམས་ཀྱིས་དང༌། སྐུས་དང༌། ཆོས་ལ་ལོངས་སྤྱོད་རྫོགས་པ་དང༌། མཛད་པ་དག་གིས་ཐ་དད་པ་དྲུག་གོ །སངས་རྒྱས་སྤྲུལ་པ་དཔག་མེད་པ། །སྤྲུལ་པའི་སྐུར་མི་འདོད་པ་སྟེ། །དོན་གཉིས་ཕན་སུམ་ཚོགས་པ་ནི། །རྣམ་པ་ཐམས་ཅད་གཉིས་ལ་གནས། །ཞེས་པ་ལོངས་སྐུ་ནི་རང་གི་དོན་དང༌། སྤྲུལ་བ་ནི་གཞན་གྱི་དོན་ཏེ། དོན་གཉིས་ཕུན་སུམ་ཚོགས་པ་དེ་ཡང་རང་བཞིན་གྱི་སྐུ་དང་ལོངས་སྐུ་དང་སྤྲུལ་སྐུ་དང་གཉིས་ལ་རིམ་པ་བཞིན་དུ་གནས་སོ། །སྐུ་གསུམ་དག་གིས་སངས་རྒྱས་ཀྱི།། སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །སྐུ་གསུམ་དག་གིས་རང་གཞན་གྱི། །དོན་འདི་རྟེན་དང་བཅས་པར་བསྟན། །ཞེས་པ་དེ་ལ་རང་གཞན་གྱི་དོན་ལོངས་སྤྲུལ་འདི་གཉིས་ནི་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་རོ། །དེ་དག་རྟེན་དང་དགོངས་པ་དང༌། །འཕྲིན་ལས་ཀྱི་ནི་མཉམ་པ་ཉིད། །རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་དེ་དག་རྟག་པ་ཉིད། །ཅེས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་འདི་གོ་རིམ་ལྟར་རྟེན་ཆོས་དབྱིངས་དང་དགོངས་པ་དང་འཕྲིན་ལས་ཁྱད་པར་མེད་པས་དེའི་སྒོ་ནས་མཉམ་པ་ཉིད་དོ། །ཆོས་སྐུ་རང་བཞིན་གྱི་རྟག་པ་དང༌། ལོངས་སྐུ་རྒྱུན་མི་འཆད་པས་རྟག་པ་དང༌། སྤྲུལ་སྐུ་མི་སྣང་བར་བྱས་ནས་ཡང་དག་ཡང་དུ་སྤྲུལ་པ་ཀུན་ཏུ་སྟོན་པའི་ཕྱིར། རྒྱུན་གྱིས་རྟག་པ་ཉིད་དོ། །སྐུ་བཞིའི་དབྱེ་བ་ནི། །འཇིག་རྟེན་མགོན་པོའི་ཞལ་སྔ་ནས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་པའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །མི་རྟག་པ་མིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །དངོས་མིན་དངོས་པོ་མེད་པ་འང་མིན། འདི་ནི་རྟེན་འབྲེལ་ཆོས་སྐུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང༌། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། ཤེས་རབ་མ་ཡིན་ཐབས་ཀྱང་མིན། །འདི་ནི་ངོ་བོ་ཉིད་སྐུ་གཞན། །ཞེས་པ་དེ་ལ་འོད་གསལ་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་དབྱེར་མེད་ཅིང༌། ཆགས་པ་དཀར་ཕྱོགས་དང༌། ཆགས་བྲལ་ནགས་ཕྱོགས་གཉིས་སྤངས་པའི་ཆ་བཅུ་དྲུག་པ་རྡོ་རྗེ་ཟླ་བ་དྲི་མེད་འོད། དོན་དམ་གྱི་ཐབས་ཤེས་གཅིག་ཏུ་འདྲེས་པ་འདི་ནི་སྐུ་བཞིར་བྱས་པའི་སྒོ་ནས་སྐུ་སྔ་མ་གསུམ་ལས་གཞན་ངོ་བོ་ཉིད་ཀྱི་སྐུའོ། །ཆོས་སྐུ་ནི་མི་རྟག་པ་ལ་སོགས་པ་སྤྲོས་པ་མཐའ་དག་གི་རྟེན་དང་བྲལ་བའི་ཡེ་ཤེས་སོ། །གཟུགས་སྐུ་གཉིས་པོའི་བཤད་པ་འོག་ནས་སྟོན་ནོ།། སྐུ་རྣམས་བདེན་པ་གཉིས་སུ་བསྟན་པ་ནི། ངོ་བོ་ཉིད་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ལ། གཟུགས་སྐུ་གཉིས་ནི་སངས་རྒྱས་རང་ཉིད་ཀྱི་ཆ་ནས་དོན་དམ་པ་ཆོས་ཉིད་ཀྱི་སྐུ་འབའ་ཞིག་ཡིན་ཡང༌། གདུལ་བྱའི་སེམས་ཅན་གྱིས་ཆོས་ཅན་དངོས་པོའི་སྐུར་མཐོང་བའི་ཆ་ནས་ཀུན་རྫོབ་པའི་སྐུ་དང༌། བཏགས་པ་པ་ཡི་སྐུ་དང༌། བརྡའི་སྐུ་ལ་སོགས་པར་གསུངས་སོ། །དེས་ཆོས་ཉིད་ཀྱི་ལོངས་སྐུ་དང༌། སྤྲུལ་སྐུ་དེ་ཉིད་གདུལ་བྱ་དངོས་པོར་འཛིན་པའི་བག་ཆགས་ཤས་ཆེ་བ་རྣམས་ལ་དངོས་པོའི་སྐུ་སྣ་ཚོགས་པར་སྣང་ཡང་དངོས་པོའི་སྐུ་ནི་གདགས་གཞི་དེ་ཉིད་ལ་བརྟགས་པ་ཙམ་དུ་ཟད་ཀྱི། དོན་ལ་ནི་གཟུགས་སྐུའི་རྣམ་པར་སྣང་ཡང་ཆོས་སྐུ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། ཏིང་ངེ་འཛིན་གྱི་དང་ནས་ཆོས་སྐུའི་སངས་རྒྱས་མང་པོ་གཟིགས་པ་རྣམས་ཏིང་ངེ་འཛིན་ལས་ལངས་པའི་ཚེ་དངོས་པོའི་སྐུར་བཟུང་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་དྲིས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་ཀྱི་སྐུ་ཡིན་པར་ངོ་སྤྲད་པ་བཞིན་ནོ། །རྡོ་རྗེ་གཅོད་པའི་མདོར་ཡང༌། གང་དག་ང་ལ་གཟུགས་སུ་ལྟ། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སོང་ལ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་བ་རྣམས་ནི་ཆོས་ཉིད་ལྟ། །ཞེས་རང་ཉིད་ཀྱི་ཡིན་ལུགས་དང༌། གདུལ་བྱའི་མཐོང་ལུགས་གཉིས་གསུངས་པ་ལ། རང་ཉིད་ཀྱི་ཡིན་ལུགས་ནི་ཆོས་ཉིད་ཀྱི་སྐུ་དང༌། སེམས་ཅན་གྱི་མཐོང་ལུགས་ཆོས་ཅན་དངོས་པོའི་སྐུར་མཐོང་བ་ནི་བློ་དོན་དང་མི་མཐུན་པས། དོན་གྱི་ངོ་བོ་ལས་བློ་ཕྱིན་ཅི་ལོག་ཏུ་སོང་བ་དེས་བློ་དོན་མཐུན་པའི་ཚུལ་གྱིས་ཡིན་ལུགས་ཆོས་ཉིད་སྐུ་ཡིན་པ་དེ་མི་མཐོང་ངོ༌། །དེས་ན་འདྲེན་པ་རྣམས་ནི་ཆོས་ཉིད་ཀྱི་སྐུར་བལྟ་བར་བྱའོ། །ཞེས་པའི་དོན་ནོ། །དངོས་འཛིན་ཅན་ལ་དངོས་པོར་སྣང་ཆའི་གཟུགས་སྐུ་དེ་ཆོས་ཉིད་ཀྱི་སྐུ་དེ་ཉིད་ཀྱང་མ་ཡིན་ལ། དེ་ཉིད་ལས་གཞན་ཡང་མ་ཡིན་ཞིང༌། དེ་ཉིད་དངོས་པོར་སྣང་བའི་སྒོ་ནས་ཞེན་ཅིང་བཏགས་པའི་ཕྱིར་ཆོས་ཉིད་ཀྱི་སྐུ་དེ་ཉིད་མེད་པར་ཡང་འབྱུང་བ་མ་ཡིན་ནོ། ། དཔེར་ན་རྨི་ལམ་དུ་མཐོང་བའི་དེ་བཞིན་གཤེགས་པ་ལ་རང་ལས་དོན་གཞན་དུ་གྱུར་པའི་སྐུར་གཟུང་ནས་མོས་གུས་བྱེད་པ་བཞིན་ནོ། །ཕྱིན་ཅི་ལོག་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་དངོས་པོའི་སྐུར་མཐོང་བ་ཙམ་ཡང་དགེ་བ་ཚད་མེད་པ། བསགས་པ་ལ་བརྟེན་ནས། གློ་བུར་གྱི་དྲི་མ་ཅུང་ཟད་དག་པས་གདོད་མ་ནས་རང་ལ་རང་ཆས་སུ་ཡོད་པའི་སེམས་ཉིད་གཤིས་ལུགས་ཀྱི་སངས་རྒྱས་ཡིན་པ་དེ་ཕྱི་རོལ་ན་བཞུགས་པའི་སངས་རྒྱས་ལྟ་བུར་ཤར་བ་ཡིན་ནོ། །དེ་ཉིད་རང་གི་དོན་དམ་གྱི་སེམས་སྣང་བ་ཡིན་པར་མི་ཤེས་ཀྱང་རེ་ཞིག་ཕྱི་རོལ་ན་ཡོད་པ་ལྟ་བུར་སྣང་བ་ལ་བརྟེན་ནས། རིམ་གྱིས་འཕགས་པའི་ལམ་ཐོབ་པ་དང་ནང་གི་ཆོས་སྐུ་ཉིད་དུ་མཐོང་བར་འགྱུར་རོ། ། བྱམས་པ་མགོན་པོའི་ཞལ་སྔ་ནས། རྒྱུད་བླ་མར། དེ་བཞིན་དད་སོགས་དྲི་མེད་ཅན། །རང་སེམས་དད་སོགས་བསྒོམས་པ་ལ། །སྣང་བ་རྫོགས་པའི་སངས་རྒྱས་ནི། །མཚན་དང་དབྱེ་བྱད་དང་ལྡན་དང༌། །ཆགས་པ་དང་ནི་བཞེངས་པ་དང༌། །བཞུགས་པ་དང་ནི་གཟིམས་པ་དང༌། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ནི་གསུངས་པ་དང༌། །མི་གསུང་མཉམ་པར་བཞགས་པ་དང༌། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག། མཛད་པ་གཟིམས་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །དེ་མཐོང་ནས་ཀྱང་འདོད་ལྡན་པ། །སངས་རྒྱས་ཉིད་ཕྱིར་རབ་སྦྱོར་ཏེ། །དེ་རྒྱུ་ཡང་དག་བླངས་ནས་ནི། །འདོད་པའི་གོ་འཕང་ཐོབ་པར་བྱེད། །སྣང་བ་དེ་ནི་ཤིན་ཏུ་ཡང༌། །རྟོག་མེད་གཡོ་བ་མེད་པ་ཉིད། །དེ་ལྟ་ན་ཡང་འཇིག་རྟེན་ན། །དོན་ཆེན་པོས་ནི་ཉེ་བར་གནས། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོའི་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་སྟེ། །དེ་དག་ལ་ནི་དོན་ཡོད་འགྱུར། །རིམ་གྱིས་དེ་མཐོང་ལ་བརྟེན་ནས། །ཐེག་པ་འདི་ལ་གནས་པ་རྣམས། །ནང་གི་དམ་པའི་ཆོས་སྐུ་ནི། །ཤེས་རབ་མིག་གིས་མཐོང་བར་འགྱུར། །ཞེས་པའི་དོན་ཏོ། ། རང་སེམས་ཀྱི་སངས་རྒྱས་ཆོས་དེ་ལ་སྐྱེ་འགག་མེད་ཀྱང་བསོད་ནམས་དང་སྡིག་པའི་དབང་གིས་གཟུགས་སྐུ་གཉིས་འཁྲུངས་པ་དང༌། འདས་པ་ལྟ་བུར་སྐྱེ་འགག་ཏུ་སྣང་བ་ཡང༌། ཇི་ལྟར་བཻཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །འགྲོ་བར་གཟུགས་བརྙན་འཆར་ནུབ་རྙོག་མེད་དང༌། །རྙོག་པའི་རང་སེམས་རབ་འཇུག་དབང་གིས་འཇུག །ཇི་ལྟར་འཇིག་རྟེན་དག་ན་གཟུགས་སྣང་ལྟར། །དེ་བཞིན་ཡོད་དང་ཞིག་ཅེས་དེ་མི་བལྟ། །ཞེས་དང༌། དགེ་བ་བཻཌཱུརྱ་འདྲ་ཡིས། །སེམས་ལ་སངས་རྒྱས་མཐོང་བའི་རྒྱུ། །དེ་དག་ལ་ནི་མི་བཟློག་པའི། །དད་པའི་དབང་པོ་རྒྱས་པ་ཉིད། །དགེ་བ་སྐྱེད་དང་འཇིག་པས་ན། །སངས་རྒྱས་གཟུགས་ནི་སྐྱེ་དང་འཇིག ། བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡིས་སྐྱེ་འཇིགས་མེད། །དེ་བཞིན་དུ་ནི་འབད་མེད་པར།། སྐྱེ་མེད་འགག་མེད་ཆོས་སྐུ་ལས། །སྲིད་པ་ཇི་སྲིད་གནས་པར་དུ། །སྟོན་པ་ལ་སོགས་མཛད་པ་འཇུག །ཅེས་གསུངས་སོ། །འཇིག་རྟེན་མགོན་པོའི་ཞལ་སྔ་ནས་ཀྱང༌། སེམས་ཅན་རྣམས་ཀྱི་སྐྱེ་བ་གཞན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྨི་ལམ་དུ་མ་སྐྱེས་པའི་ལུས་བཞིན་དུ། བཅོམ་ལྡན་འདས་ཀྱི་སྐུའི་སྣང་བ་དང༌། གསུང་གི་སྣང་བར་འགྱུར་རོ། །ཇི་ལྟར་རྨི་ལམ་དུ་སློབ་མ་རྣམས་ཀྱིས་མཁན་པོ་མཐོང་ནས་ཐེ་ཙོམ་གྱི་དོན་འདྲི་བར་བྱེད་ཅིང༌། མཁན་པོས་ཀྱང་སློབ་མ་རྣམས་ཀྱི་ཐེ་ཙོམ་གྱི་དོན་ཐེ་ཙོམ་མེད་པར་བྱེད་ཀྱང༌། དེ་ན་མཁན་པོ་མེད་ཏོ། །སློབ་མ་རྣམས་ཀྱི་སེམས་ཀྱི་བག་ཆགས་ཀྱི་སྣང་བའོ། །དེ་བཞིན་དུ། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་རང་གི་སེམས་ཀྱི་སྣང་བ་སྟེ། བཅོམ་ལྡན་འདས་ནི་སྐྱེས་པ་མ་ཡིན་ཞིང་འགགས་པ་མ་ཡིན་ནོ། །ཞེས་གསུངས་པའི་དོན་ཏོ།། དེས་ན་ཆོས་ཀྱི་སྐུ་ཉིད་གཟུགས་སྐུའི་རྣམ་པར་ཤར་བ་ལ་སེམས་ཅན་གྱིས་དངོས་པོའི་སྐུར་མཐོང་བའི་ཆ་དེ་ཉིད་སྐུ་བཏགས་པ་བ་དང་ཀུན་རྫོབ་པ་དང༌། བརྡའི་སྐུ་ཡིན་ནོ། །རྣམ་བ་ཀུན་གྱི་མཆོག་ལྡན་པའི། །སྐུ་ནི་མོས་པ་སྣ་ཚོགས་ལས། །རང་རང་བསམ་པས་སེམས་ཅན་གྱིས། །མཐོང་བ་སྤྲུལ་བའི་མཚན་ཉིད་དོ། །གང་ཞིག་སེམས་ཅན་ཀུན་གྱི་སྒྲས། །རྫུ་འཕྲུལ་བདག་ཉིད་རབ་གསལ་བྱེད། །སེམས་ཅན་བསམ་པའི་དབང་གིས་འདི། །ལོངས་སྤྱོད་རྫོགས་སྐུའི་མཚན་ཉིད་དོ། །ཞེས་སྔར་དྲངས་པ་འདིས་ཀྱང་རང་ཉིད་ཀྱི་ཡིན་ལུགས་རེ་དང་སེམས་ཅན་གྱི་མཐོང་ལུགས་རེ་སྟེ། གཞི་གཅིག་གི་སྟེང་དུ་བདེན་པ་གཉིས་ཀའི་སྐུ་སྟོན་ཏོ། །དེ་ལ་ཆོས་ཉིད་དོན་དམ་གྱི་སྐུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ནི་་ཡིན་ལུགས་དང༌། མོས་པའི་བག་ཆགས་ཀྱི་དགེ་བ་མི་འདྲ་བ་སྣ་ཚོགས་ལས་རང་རང་སྔར་ཇི་ལྟར་གོམས་པའི་བསམ་པས་སེམས་ཅན་རྣམས་ཀྱིས་དངོས་པོ་མི་འདྲ་བ་སྣ་ཚོགས་ཀྱི་སྐུར་མཐོང་བ་ནི་སྤྲུལ་པའི་སྐུ་ཀུན་རྫོབ་པ་ཡིན་ནོ།