ཕར་ཕྱིན་མདོ་ལུགས་མ།

ད་ནི་རྩེ་སྦྱོར་དེའི་ཐེག་ཆེན་གྱི་སེམས་བསྐྱེད་བསྟན་པ་བཤད་པར་བྱས་ཏེ་ཉི་ཁྲིའི་ལེའུ་ཞེ་བརྒྱད་པར། ལྷའི་དབང་པོའི་བཅོམ་ལྡན་འདས་ལ་མེ་ཏོག་གིས་མཆོད་ནས་དགེ་བ་འདས་བླ་མེད་བྱང་ཆུབ་དུ་དམིགས་པའི་བྱང་ཆུབ་སེམས་དཔའ་དག་གིས། སངས་རྒྱས་ཀྱི་དང༌། རྣམ་མཁྱེན་གྱི་དང༌། རང་བྱུང་གི་དང༌། ཟག་མེད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སོགས་ཀྱིས་དོན། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། ཡོངས་སུ་རྫོགས་པ་བླ་མེད་པ། །སེམས་ཅན་དོན་ཡོངས་མི་གཏོང་བ། །བརྟན་བ་ཞེས་ནི་མངོན་པར་བརྗོད། །ཅེས་པ་ལ་ཀུན་མཁྱེན་པ་ཉིད་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་མ་ལུས་པ་ཡོངས་སུ་རྫོགས་པར་བྱེད་པ་བླ་ན་མེད་པའི་དག་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་བློས་མི་གཏོང་བ་ཉིད་ཉན་རང་དུ་མི་ལྡོག་པས། དེ་ཉིད་བྱང་ཆུབ་ཀྱི་སེམས་བརྟན་པ་ཞེས་མི་མངོན་པར་བརྗོད་ཅིང་བསྟན་ཏོ། །དེ་རྣམས་ཀྱིས་བརྟན་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༤༽རྩེ་སྦྱོར་གྱི་ཏིང་ངེ་འཛིན་གྱི་སེམས་ཀུན་ཏུ་གནས་པ་བཤད་པ། ད་ནི་རྩེ་སྦྱོར་གྱི་ཏིང་ངེ་འཛིན་གྱི་སེམས་ཀུན་ཏུ་གནས་པ་བཤད་པར་བྱ་སྟེ། མདོ་ལས། སེམས་དང་པོ་བསྐྱེད་པ་དང༌། ཡུན་རིང་པོ་ནས་སྤྱོད་པ་དང༌། ཕྱིར་མི་ལྡོག་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ལ་རྗེས་སུ་ཡི་རང་བའི་བསོད་ནམས་ནི་ཚད་མེད་དོ། །ཞེས་སོགས་ཀྱི་དོན། གླིང་བཞི་པ་དང་སྟོང་དག་དང༌། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། ཞེས་པ་ལ་ཏིང་ངེ་འཛིན་འདིའི་ངོ་བོ་ཉིད་དུ་རྗེས་སུ་ཡི་རང་བ་འདི་ཡིན་ནོ། །གླིང་བཞི་པ་དང་སྟོང་གི་འཇིག་རྟེན་དང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོ་ཙམ་དུ་བསིལ་བའི་ཚད་ཀྱང་གཟུང་དུ་སྲིད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཞེས་བྱ་བ་དག་དཔེར་མཛད་ནས། བསོད་ནམས་མང་པོ་ཚད་མེད་པ་གསུང་བ་ཉིད་ཀྱིས་ནི། བྱང་ཆུབ་སེམས་དཔའ་དེ་དག་སེམས་བསྐྱེད་ལ་རྗེས་སུ་ཡི་རིང་བ་དང་མཚུངས་ལྡན་ནི། རྩེ་གཅིག་པའི་ཏིང་ངེ་འཛིན་འདི་ཡོངས་སུ་བསྒྲགས་ཤིང་བསྟན་པ་ཡིན་ནོ། །དེ་རྣམས་ཀྱིས་སེམས་ཀུན་གནས་པ་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༥༽མཐོང་སྒོམ་གྱི་སྤང་བྱ་རྣམ་རྟོག་བཞི་བཤད་པ། ད་ནི་མཐོང་སྒོམ་གྱི་སྤང་བྱ་རྣམ་རྟོག་བཞི་བཤད་པར་བྱ་སྟེ། འདི་ལ་བསྡུས་ཏེ་མདོར་བསྟན་པ་དང་ཕྱེ་སྟེ་རྒྱས་པར་བཤད་པ་གཉིས་ལས། བསྡུས་ཏེ་མདོར་བསྟན་པ། དང་པོ་ནི། འཇུག་པ་དང་ནི་ལྡོག་པ་ལ། །གཟུང་བའི་རྣམ་རྟོག་སོ་སོར་ཏེ། །དགུ་ཡི་བདག་ཉིད་ཅི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་པ་ལ་ཡུལ་ཡོན་ཏན་ཅན་དུ་མཐོང་བ་ལ་འཇུག་པའི་རྣམ་པར་རྟོག་པ་དང་ནི་སྐྱོན་ཅན་དུ་མཐོང་བ་ལ་ལྡོག་པའི་རྣམ་པས་རྟོག་པ་ལ་གཟུང་བའི་རྣམ་རྟོག་གཉིས་ཏེ། སོ་སོར་གཉིས་པོ་དེ་རེ་རེའི་ཡང་དགུ་དགུའིབདག་ཉིད་དུ་ཡུལ་གྱི་སྒོ་ནས་ཕྱེ་བ་དེ་རྣམས་ཀྱིས་གཟུང་བ་ཇི་ལྟ་བ་བཞིན་དུ། ཡུལ་རྣམས་བདེན་པར་ཡོད་པ་མིན་པའི་བདག་ཉིད་དག་དུ་ཤེས་པར་བྱའོ། །དེས་གཟུངས་རྟོག་མདོར་བསྟན་ནས་འཛིན་རྟོག་ཀྱང་བསྡུས་ཏེ་བསྟན་པ་ནི། སོ་སོར་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །དེ་དག་སོ་སོར་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གི་འཛིན་པར་འདོད། །དེ་ལྟར་དེ་དག་འཛིན་པ་ཡི། །ངོ་བོ་སྟོང་བའི་མཚན་ཉིད་དོ། །ཞེས་པ་ལ་སོ་སོའི་སྐྱེ་བོ་དང་འཕགས་པའི་འཛིན་རྟོག་གཉིས་སུ་དབྱེ་བས། སེམས་ཅན་རྗེས་སུ་ཡོད་པར་རྟོག་པས་སོ་སྐྱེ་འཛིན་རྟོག་དང༌། སེམས་ཅན་བཏགས་པ་ཙམ་དུ་ཡོད་པར་རྣམ་བར་རྟོག་པ་འཕགས་པའི་འཛིན་པ་རྟོག་པ་དག་ཏུ་འདོད། གཉིས་པ་དེ་དག་སོ་སོར་ཡུལ་གྱི་སྒོ་ན་དགུ་དགུའི་བདག་ཉིད་དུ་འཆད་པར་འགྱུར་རོ། །གལ་ཏེ་གཟུང་བའི་དོན་འཛིན་རྟོག་གིས་གཟུང་བ་དེ་བཞིན་དུ་རྫས་དང་བཅས་པའི་དངོས་པོར་གྲུབ་པ་མེད་ན་དེ་དག་དངོས་པོར་གྲུབ་པ་གང་གི་འཛིན་པ་མ་འཁྲུལ་པའི་དངོས་པོར་འདོད་དེ་མི་གྲུབ་པོ། །གཟུང་དོན་དངོས་པོར་མེད་པ་དེ་དེ་ལྟར་འཛིན་པ་དེ་དག་འཛིན་པའི་ངོ་བོ་མ་འཁྲུལ་བས་སྟོང་པའི་མཚན་ཉིད་དུ་གྲུབ་པ་ཉིད་དོ། །དེ་དག་གིས་བསྡུས་ཏེ་མདོར་བསྟན་པ་སོང་ནས། ཕྱེ་སྟེ་རྒྱས་པར་བཤད་པ། གཉིས་པ་ཕྱེ་སྟེ་རྒྱས་པར་བཤད་པ་ལ་མཐོང་སྤང་གི་རྟོག་པ་བཞི་རྒྱས་པར་བཤད་པ་དང༌། སྒོམ་སྤང་གི་རྟོག་པ་བཞི་རྒྱས་པར་བཤད་པའོ། ། ༡ མཐོང་སྤང་གི་རྟོག་པ་བཞི་རྒྱས་པར་བཤད་པ། དང་པོ་མཐོང་སྤང་གི་འཇུག་པའི་གཟུང་རྟོག་བཤད་པ་ནི། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང༌། །ཤེས་པའི་དམིགས་པ་མ་འཁྲུལ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དང༌། །རང་གི་རྟོགས་དང་བྱེད་པ་དང༌། །དེ་ཡི་ལས་བྱའི་འབྲས་བུ་ལ་འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། རྣམ་རྟོག་དེ་ནི་རྣམ་དགུར་འདོད་ཅེས་པ་ལ་རྣམ་བྱང་གི་ཆོས་ཐམས་ཅད་བཏགས་པའི་ཆོས་ཀྱི་དབེན་པའི་ངོ་བོ་ཉིད་དང༌། ཐེག་ཆེན་གྱི་རིགས་དང་ནི། ལམ་ནི་བྱང་ཆུབ་ཡང་དག་པར། འགྲུབ་པར་བྱེད་པ་དང༌། ལམ་ཤེས་པའི་དམིགས་པ་མ་འཁྲུལ་པ་དང༌། མི་མཐུན་ཕྱོགས་དང་གཉེན་པོ་བྱེད་དང༌། བྱང་ཆུབ་སེམས་དཔའ་རང་གི་རྟོགས་པ་དང༌། བྱེད་པ་ལམ་ཤེས་དང༌། ལམ་ཤེས་དེའི་བྱེད་ལས། བྱ་བའི་འབྲས་བུ་ཚོགས་གཉིས་དེ་རྣམས་ལ་འཇུག་བྱང་འཛིན་པ་རྟེན་རྣམ་པར་བྱང་བ་ལ་རྟེན་པའི་ཕྱོགས་ཀྱི་རྟེན་ཅན་གྱི་གཟུང་བའི་རྣམ་པར་རྟོག་པ་དེ་ནི། རྣམ་པ་དགུར་འདོད་དོ། ། གཉིས་པ་ལྡོག་པའི་གཟུང་རྟོག་བཤད་པ་ནི། སྲིད་དང་ཞི་བར་ལྷུང་བའི་ཕྱིར། །རྟོགས་པར་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང༌། །ལས་ཀྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུུ་བྱ་བ་ལོག་པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །རྗེས་ལ་འགྲོ་ཞེས་བྱ་བ་དང༌། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། ། ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། །ཉན་ཐོས་ལ་སོགས་ཡིད་ལ་འབྱུང༌། །ཞེས་པ་ལ་ཐབས་མེད་ཤེས་རབ་བྲལ་བས་སྲིད་དང་ཞི་བར་རྟོགས་པའི་མཚན་འཛིན་དུ་ལྷུང་བའི་ཕྱིར། ཉན་རང་གི་རྟོགས་པ་དམན་པ་ཉིད་དང༌། ཐབས་མཁས་ཀྱི་ཤེར་ཕྱིན་གྱི་ཡོངས་སུ་འཛིན་པ་མེད་པ་དང༌། སངས་རྒྱས་སྒྲུབ་པའི་ལམ་གྱི་རྣམ་པ་ཐབས་ཤེས་མ་ཚང་བ་དང༌། དམན་པའི་ལམ་ལ་བརྟེན་པ་དེ་དག་རྣམ་མཁྱེན་དུ་འགྲོ་ན་གཞན་ཤེར་ཕྱིན་གྱི་རྐྱེན་གྱིས་འགྲོ་དགོས་པ་དང༌། ཆེད་དུ་གཉེར་བྱའི་འབྲས་བུ་རྣམ་མཁྱེན་ལས་ལྡོག་པ་དང༌། ཡེ་ཤེས་ཉེ་ཚེ་བ་དང༌། སྦྱིན་སོགས་ལ་དམིགས་པའི་མཚན་འཛིན་སྣ་ཚོགས་པ་ཉིད་དང༌། རྣམ་མཁྱེན་དུ་གནས་པ་དང་དེར་འཇུག་པའི་ལམ་ལ་རྨོངས་པ་དང༌། སྦྱིན་སོགས་ལྔ་ཤེར་ཕྱིན་གྱི་རྗེས་ལ་འབྲང་ནས་རྣམ་མཁྱེན་དུ་འགྲོ་ཞེས་བྱ་བ་དེ་རྣམས་ལ་རྣམ་པར་རྟོག་པར་བྱེད་པ་དགུའི་བདག་ཉིད་འདི། དམན་པའི་ལམ་སྐྱོན་དུ་མཐོང་བས་ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། ལྡོག་པའི་གཟུང་རྟག་འདི་རྣམས་ཉན་ཐོས་ལ་སོགས་པའི་དམན་པ་ལ་དམིགས་པའི་ཡིད་ལས་འབྱུང་ངོ༌། ། གསུམ་པ་རྫས་འཛིན་གྱི་རྟོག་པ་བཤད་པ་ནི། འཛིན་པ་དང་ནི་དོར་བ་དང༌། །ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་པོ་དག་དང་ཉེར་འབྲལ་དང༌། །གནས་དང་མངོན་པར་ཞེན་པ་དང༌། ། ཆོས་ཀྱི་དངོས་པོ་དག་པ་དང༌། །ཆགས་པ་དང་ནི་གཉེན་པོ་དང༌། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པ་གཟུགས་སོགས་འཛིན་པ་དང༌། འདོར་བ་དང༌། གཟུགས་སོགས་ཡིད་ལ་བྱེད་པ་དང༌། ཡིད་ལ་བྱེད་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་ཞིང་འབྲི་བ་དང༌། གཟུགས་སོགས་ལ་གནས་པ་དང༌། གཟུགས་སོགས་ལ་མངོན་པར་ཞེན་པ་དང༌། ཞེན་བྱའི་ཆོས་ཀྱི་དངོས་པོ་བཏགས་པ་དང༌། འཁོར་གསུམ་དུ་ཞེན་པའི་ཆགས་པ་དང༌། དེའི་གཉེན་པོ་ཤེར་ཕྱིན་གྱི་སྤྱོད་པ་དང༌། ཤེར་ཕྱིན་དུ་འདུ་ཤེས་ཤིང་ཆགས་ན་ཡང་ཇི་ལྟར་འདོད་པ་བཞིན་དུ་འགྲོ་བར་བྱེད་པའི་ཤེར་ཕྱིན་ལས་ཉམས་པ་སྟེ། དེ་རྣམས་ལ་རྫས་སུ་འཛིན་པ་ནི་འཛིན་པ་གཉིས་ཀྱི་དང་པོར་ཤེས་པར་བྱའོ། ། བཞི་བ་བཏགས་འཛིན་གྱི་རྟོག་པ་བཤད་པ་ནི། ཆེད་བཞིན་ངེས་པར་མི་འབྱུང་དང༌། །ལམ་ལ་ལམ་མིན་ངེས་འཛིན་དང༌། །འགག་དང་བཅས་པའི་སྐྱེ་བ་དང༌། །དངོས་པོ་ལྡན་དང་མི་ལྡན་དང༌། གནས་དང་་རིགས་པ་འཇིག་པ་དང༌། །དོན་དུུ་གཉེར་རྒྱུ་མེད་པ་དང༌། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པ་ལ་ཉན་རང་ལམ་གྱིས་གང་གི་ཆེད་དུ་དམིགས་པ་བཞིན་རྣམ་མཁྱེན་དུ་ངེས་པར་མི་འབྱུང་བ་དང༌། ཤེར་ཕྱིན་གྱིས་ཟིན་པ་འི་ཕར་ཕྱིན་དྲུག་བྱང་ཆུབ་སེམས་དཔའ་རྣམ་མཁྱེན་དུ་འགྲོ་བའི་ལམ་ཡིན་པ། ཉན་རང་གི་ལམ་ནི་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་པ་ཉིད་དུ་ངེས་པར་འཛིན་པ་དང༌། ཆོས་རྣམས་འགག་པ་དང་བཅས་པའི་སྐྱེ་བ་དང༌། གཟུགས་སོགས་ཀྱི་དངོས་པོ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་དང༌། གཟུགས་སོགས་ལ་གནས་པ་འཇིག་པ་དང༌། གནས་བྱ་གཟུགས་སོགས་ཀྱི་རིགས་ནི་གང་ལ་ཡང་གནས་པ་འཇིག་པ་དང༌། འཚང་རྒྱ་བར་འདོད་པས་ཕར་ཕྱིན་དྲུག་དོན་དུ་གཉེར་བ་དང༌། ཐམས་ཅད་ལ་དབང་བསྒྱུར་བའི་རྒྱུ་འམ་སྒོ་ཤེར་ཕྱིན་ལས་གཞན་མེད་པ་དང་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ལ་བདུད་ཀྱི་ཕྱིར་རྒོལ་བ་རྣམས་ནི་དམིགས་པ་སྟེ་དེ་རྣམས་ལ། བཏགས་པའི་དངོས་པོར་འཛིན་པར་བྱེད་པའི་རྣམ་རྟོག་ནི་རྫས་འཛིན་ལས་གཞན་བཏགས་འཛིན་ཡིན་ནོ། །དེ་རྣམས་ཀྱིས་མཐོང་སྤང་གི་རྟོག་པ་བཞི་བཤད་ནས། གཉེན་པོ་མཐོང་ལམ་བཤད་པ། ད་ནི་གཉེན་པོ་མཐོང་ལམ་བཤད་པར་བྱ་སྟེ། དེ་ལ་བྱང་ཆུབ་གཏན་ལ་དབབ་པ་དང༌། མཐོང་ལམ་ཉིད་བཤད་པ་དང༌། དེ་ནས་ཏིང་ངེ་འཛིན་གཉིས་བཤད་པ་དང་གསུམ་མོ། །གསུམ་པོ་འདི་རྣམས་སྟོན་པའི་མདོ་ཉི་ཁྲིའི་ལེའུ་མངས་སུ་མཐོང་སྤང་གི་རྟོག་པ་དང་པོ་གཉིས་ཀྱི་བར་དུ། ལེའུ་ལྔ་བཅུ་དང༌། ང་གཅིག་པ་དང༌། ང་གཉིས་པ་སྟེ་གསུམ་འབྱུང་ངོ༌། །དེ་ནས་ལེའུ་ང་གསུམ་པ་ནས་མཐོང་སྤང་གི་རྟོག་པ་ཕྱི་མ་གསུམ་དང༌། སྒོམ་སྤང་གི་རྟོག་པ་བཞི་པོ་སྤྲེལ་ནས་རིམ་པ་བཞིན་དུ་བྱུང་ངོ༌། །ལེ་བརྒྱད་མ་དང་བསྡུས་དོན་འགྲེལ་པར་མངོན་རྟོག་རྒྱན་གྱི་གོ་རིམ་བཞིན་དུ་སྒྲིགས་སྣང་ངོ༌། ཉི་ཁྲྀ་ལེ་མངས་ཀྱི་ལེའུ་ཞེ་བརྒྱད་པའི་སྟོད་ནས་ཅུང་ཟད་ཙམ་མ་གཏོགས་པ་རྣམས་དང༌། ཞེ་དགུ་པ་ཐམས་ཅད་ཉི་ཁྲི་སྣང་བ་ལ་སོགས་ཀྱི་རྟོག་པ་མདོར་བསྟན་དང༌། མཐོང་སྤང་གི་རྟོག་པ་དང་པོ་ལ་སྦྱར་ཡོད་དོ། ། བྱང་ཆུབ་གཏན་ལ་དབབ་པ། དེས་ན་དང་པོ་བྱང་ཆུབ་གཏན་ལ་དབབ་པ་ནི། མདོ་ལས་དགེ་སློང་བརྒྱ་དྲུག་ཅུ་པོ་འདི་དག་སྐལ་བ་དཔེ་སྐར་མ་ལྟ་བུ་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱི་དོན། བྱང་ཆུབ་ལ་གཞན་སྟོན་པ་དང༌། །དེ་ཡི་རྒྱུ་ནི་ཡོངས་གཏོང་དང༌། །དེ་ཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །ཞེས་པ་ལ་ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་ཐོབ་པར་ངེས་པའི་ཕྱིར། བྱང་ཆུབ་ལ་གཞན་ཤེར་ཕྱིན་ལ་སྤྱོད་པ་དམ་པས་རྣམ་པར་སྤྱོད་པའི་དགེ་སློང་བརྒྱ་དྲུག་ཅུ་ལུང་བསྟན་པ་དང༌། བྱང་ཆུབ་དེ་ཐོབ་པའི་དོན་ཏུ་ཤེར་ཕྱིན་ལ་སྤྱོད་དགོས་ཤིང༌། སྤྱོད་པ་ཡང་ཤེར་ཕྱིན་གྱི་ཚིག་དོན་མ་ཉམས་པར་ཐོབ་པ་ལ་རགས་ལས་པས། བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་ཤེར་ཕྱིན་ནི་ཚིག་དོན་ཆུད་མ་ཟོས་པར་གཟུང་ཞིང་ཁུང་དུ་ཆུད་པར་བྱས་ནས་གཞན་ལ་སྟོན་ཅིང་རྒྱ་ཆེར་སྤེལ་ཅིག་ཅེས་ཀུན་དགའ་བོ་ལ་ཡོངས་སུ་གཏོད་བ་དང༌། དེ་ལྟར་གཅད་པ་ལས་ཚིག་དོན་མ་ཉམས་པ་དེ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ས་ཐོབ་པའི་དགེ་བ་བྱང་ཆུབ་དེ་ཐོབ་པ་ལ་པར་ཆད་མེད་པའི་རྒྱུ་བསོད་ནམས་ཚད་མེད་དུ་འཕེལ་བའི་མང་པོ་ནི་མཐོང་ལམ་བར་ཆད་མེད་ལམ་གང་ཡིན་པ་དེའི་མཚན་ཉིད་དོ། །སྐུ་མེད་པ་དང་བཅས་པ་དང་སྐུ་ཐོབ་པ་དང༌། སྐུ་ཡོངས་རྫོགས་དང་ཞེས་མཐོང་ལམ་དུ་ཆོས་སྐུ་ཐོབ་པ་དང༌། ས་ལྷག་མ་རྣམས་ཀྱིས་ཆོས་སྐུ་ཡོངས་སུ་རྫོགས་པར་གསུངས་པའི་ཕྱིར་རོ། །ས་དང་པོར་ཐོབ་པའི་ཆོས་སྐུ་བྱང་ཆུབ་དེའི་ངོ་བོ་གང་ཞེ་ན། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དོ།། ཟད་མེད་སྐྱེ་མེད་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ། །ཞེས་པ་ལ་ཡེ་ནས་ཡོད་པའི་དྲི་མ་གློ་བུར་དུ་ལམ་གྱིས་ཟད་པར་བྱས་པ་མ་ཡིན་གྱི། གདོད་མ་ཉིད་ནས་དྲི་མ་ཟད་པ་དང༌། །གདོད་མ་ཉིད་ནས་མི་སྐྱེ་བའི་གཉིས་མེད་ཡེ་ཤེས་ནི་བྱང་ཆུབ་འདིའི་ངོ་བོ་ཡིན་ཞེས་བརྗོད་ཅིང་བསྟན་ཏེ། གང་གི་ཕྱིར་དྲི་མ་སྔར་ཡོད་གློ་བུར་དུ་ཟད་པ་མེད་པའི་ཕྱིར་དྲི་མ་ཟད་པའི་ཡེ་ཤེས་དང༌། སྐྱེ་བ་སྔར་ཡོད་གློ་བུར་དུ་སྐྱེ་བ་མེད་པའི་ཕྱིར་མི་སྐྱེ་བའི་ཡེ་ཤེས་ཞེས་དེ་དག་གོ་རིམ་བཞིན་དུ་སྦྱར་ནས་ཤེས་པར་བྱ་རྒྱུ་ཡིན་ནོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པས་དེ་ཕྱིར་ཟད་ཅེས་བསྟན། །ཞེས་པའི་དོན་དང༌། རྒྱུད་བླ་མར་ཡང༌། རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། འདི་ལ་བསལ་བྱ་ཅི་ཡང་མེད། ཅེས་སོགས་ཀྱི་དོན་ཏོ། །གལ་ཏེ་བྱང་ཆུབ་ཀྱི་རང་བཞིན་ཟད་པ་དང་མི་སྐྱེ་བའི་ངོ་བོ་ནི་མཐོང་ལམ་གྱིས་གློ་བུར་དུ་བྱས་པས་རིགས་སོ་ཞེ་ན་དེ་ལ་སླར་དྲིས་པ། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་འཐོབ། །ཅེས་པ་རྣམ་རྟོག་དང་དེའི་སྐྱེ་བ་ཡེ་ནས་ཡོད་པར་མཐོང་ལམ་གྱི་གློ་བུར་དུ་འགོག་པ་མེད་པའི་བྱང་ཆུབ་རང་བཞིན་རྣམ་དག་འདི་ལ། མཐོང་ཞེས་བྱ་བའི་ལམ་གྱི་ནུས་པས་ནི་སྔར་ཡོད་ཀྱི་རྣམ་པར་རྟོག་པའི་རིགས་ནི་ཇི་ཞིག་གློ་བུར་དུ་ཟད་པར་བྱས། རྣམ་རྟོག་དེའི་སྐྱེ་བ་སྔར་ཡོད་བཀག་ནས་གློ་བུར་དུ་སྐྱེ་མེད་ཀྱི་རྣམ་པར་བྱང་ཆུབ་ཀྱི་ངོ་བོ་སྔར་མེད་ཅི་ཞིག་འཐོབ་པར་བྱས། ཞེས་སླར་དྲིས་པ་དང༌། དེའི་ལན་གཞན་གྱིས་ཆོས་རྣམས་ཀྱང་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་ཡང༌། །སྒྲུབ་པ་ཟད་པར་བརྗོད་པ་གང༌། །འདི་ལ་ཁོ་བོས་མཚར་དུ་རྩིས། །ཞེས་པའི་དོན་དྲིས་པ་དེའི་ལན་དུ། གཞན་གྱིས་སྒྲིབ་པའི་ཆོས་རྣམས་ཀྱང་གདོད་ནས་ཡོད་ལ། ཤེས་བྱ་ལ་ཡང་སྟོན་པ་བྱང་ཆུབ་འདིའི་སྒྲིབ་པ་གདོད་ནས་ཡོད་པ་རྣམས་ལམ་གྱིས་གློ་བུར་དུ་ཟད་པར་བྱས་པ་ཡིན། ཞེས་བརྗོད་པ་གང་ཡིན་པ་འདི་སྔོན་མེད་པ་རྨད་དུ་བྱུང་བ་ཆེན་པོ་གཅིག་འདུག་པ་ལ་ཞེས་ཁོ་བོས་ངོ་མཚར་དུ་རྩིས་དེ་བཞད་གད་ཀྱི་གནས་སུ་བྱའོ། །དེས་ན་འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གང་གི་ཕྱིར་སྐྱོན་གྱི་རྣམ་པ་གདོད་ནས་ཡོད་མ་མྱོང་བ་ལ་གློ་བུར་དུ་སྐྱོན་བསལ་བ་དང་ཡོན་ཏན་བཞག་དུ་མེད་པ་དེའི་ཕྱིར་བྱང་ཆུབ་འདི་ལ་སྔར་ཡོད་ཀྱི་སྒྲིབ་པ་དང༌། དེའི་སྐྱེ་བ་ལས་ཀྱི་གླུ་བོར་དུ་བསལ་བྱ་ཅི་ཡང་མེད། གློ་བུར་ལམ་གྱིས་བཞག་པ་བྱ་བ་སྔར་མེད་ཀྱི་དྲི་མ་ཟད་པ་དང་སྐྱེ་མེད་ཀྱི་རྣམ་པ་ཅུང་ཟད་མེད་དོ། །དེས་ན་བསལ་བཞག་མེད་པའི་ཡང་དག་བྱང་ཆུབ་ཉིད་ལ་མི་རྟོག་ཏིང་ངེ་འཛིན་གྱིས་དགག་སྒྲུབ་དང་བསལ་བཞག་མེད་པར་ཡང་དག་ལྟ་ཞིང་བསྒོམ་མོ། ། དེ་ལྟར་བསྒོམ་པ་ལས་ས་དང་པོར་རྣམ་་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡང་དག་མཐོང་བའི་ལམ་ཐོབ་ནས་འཇིག་རྟེན་གྱི་འཆིང་བ་གློ་བུར་བ་ལས་རྣམ་པར་གྲོལ་ཞིང་འཇིག་རྟེན་ལས་འདས་པ་ཡིན་ནོ། ། མཐོང་ལམ་ཉིད་བཤད་པ། གཉིས་པ་མཐོང་ལམ་ཉིད་བཤད་པ་ནི། ཉི་ཁྲིའི་ལེའུ་ང་གཅིག་པའི་སྨད་ཤོག་གུ་གཅིག་ཙམ་ནས་བྱང་ཆུབ་སེམས་དཔའ་སྦྱིན་སོགས་ཕར་ཕྱིན་རེ་རེ་ལ་གནས་ཤིང་ལྔ་པོ་ཡོངས་སུ་འཛིན་ཞེས་པའི་དོན། སྦྱིན་པ་ལ་སོགས་རེ་རེ་ནི། དེ་དག་ཕན་ཚུན་བསྡུས་པ་གང་སྐད་ཅིག་གཅིག་པའི་བཟོད་པ་ཡིས། བསྡུས་པ་དེ་འདིར་མཐོང་བའི་ལམ། ཞེས་པ་ལ་སྦྱིན་པར་གཞན་ལྔ་པོ་བསྡུས་པ་དང༌། ཚུལ་ཁྲིམས་སུ་གཞན་ལྔ་པོ་བསྡུས་པ་ལ་སོགས་པར་ཕར་ཕྱིན་རེ་རེ་ནི་དྲུག་པོ་དེ་དག་རེ་རེས་ལྔ་ལྔ་བསྡུས་པའི་ཚུལ་ཀྱིས་ཕན་ཚུན་ཐམས་ཅད་ཀྱིས་ཐམས་ཅད་བསྡུས་པའི་ཡེ་ཤེས་གང་ཡིན་པ། མཐོང་ལམ་གྱི་སྐད་ཅིག་མ་གཅིག་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་སྟེ། སྐབས་འདིར་མཐོང་བའི་ལམ་དུ་བསྟན་ཏོ། །སྔར་གོ་བསྒྲུབ་ཏུ་ནི་རང་རང་ལས་ཕྱེ་བ་དྲུག་དྲུག་རང་རང་ལ་སོ་སོར་བསྡུས་པ་ཡིན་ལ། འདིར་ནི་རང་རང་ལས་མ་ཕྱེ་བར་དྲུག་པོ་རེ་རེས་ལྔ་ལྔ་ཕན་ཚུན་བསྡུས་པའི་ཕྱིར་འདི་གཉིས་སྡུད་ཚུལ་གཅིག་ཏུ་འཆད་པ་མདོ་དང་འགལ་ལོ། ། ཏིང་ངེ་འཛིན་གཉིས་བཤད་པ།