ཕར་ཕྱིན་མདོ་ལུགས་མ།

། ༡༢༽སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་ཉིད་དུ་སྒྲུབ་པར་བཤད་པ། ད་ནི་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་བྱང་ཆུབ་སེམས་དཔའ་རང་ཉིད་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དག་བ་བླ་ན་མེད་པ་ཉིད་དུ་སྒྲུབ་པར་བཤད་པར་བྱའོ། །ཉི་ཁྲིའི་ལེའུ་ཞེ་གཉིས་བ་དང་ཞེ་གསུམ་པ་གང་གའི་ལྷ་མོའི་ལེའུ་ནས་བྱུང་པའི་དོན། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་ལ། །དེ་ལ་དག་པར་བསྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་པ་ལ་བྱང་ཆུབ་སེམས་དཔའ་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ། ངན་སོང་གསུམ་དང་ཕར་ཕྱིན་དྲུག་གི་མ་མཐུན་ཕྱོགས་ལ་གནས་པ་དང༌། སེར་སྣ་ལ་སོགས་པའི་འབྲས་བུ་ལ་སྤྱོད་པའི་ཉེས་པ་སྡུག་འཕོངས་སྣ་ཚོགས་ཀྱིས་སེམས་ཅན་གྱི་འཇིག་རྟེན་མ་དག་པ་མཐོང་པ་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་སའི་རྒྱུ་ལས་གྲུབ་པ་གསེར་དངུལ་ལ་སོགས་དང་མི་ལྡན་པ་གཡང་ས་དང་རྡོང་དུམ་ཚེར་མ་ལུང་ཁུང་ལ་སོགས་པས་མི་སྙོམས་ཤིང་རད་རོད་ཅན་མི་གཙང་བའི་ཉེས་པས་མ་དག་པ་མཐོང་བ་དེ་ལ་མ་བཟོད་ནས། རང་གི་སངས་རྒྱས་ཀྱི་ཞིང་དུ་སྣོད་བཅུད་ཀྱི་ཉེས་པ་དེ་དག་མེད་ཅིང༌། སྣོད་བཅུད་དག་པར་སྒྲུབ་པའི་སླད་དུ་སྦྱིན་སོགས་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡིས། རང་གི་སངས་རྒྱས་ཀྱི་ཞིང་དུ་བཅུད་ཀྱི་ཉེས་པ་དེ་དག་མེད་ཀྱི་སྟེང་དུ་མངོན་ཤེས་དང་འོད་དང་བདེ་སྐྱིད་ལ་སོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་དང༌། སྣོད་ཀྱི་ཉེས་པ་དག་མེད་ཀྱི་སྟེང་དུ་གཞི་བཻཌཱུརྱ་སྔོན་པོའི་རྒྱུ་ལས་གྲུབ་ཅིང༌། ལག་མཐིལ་ལྟར་མཉམ་པ་གསེར་གྱི་བྱེ་མ་བདལ་པ་རྒྱ་ཁྱོན་ཡངས་པ་ཚད་མེད་པ་དེ་ལྟ་དེ་ལྟར་སྒྲུབ་པའི་ཕྱིར་ཕར་ཕྱིན་དྲུག་ལ་སྤྱོད་པ་དེས། རང་གི་སངས་རྒྱས་ཀྱི་ཞིང་ནི་དག་པ་བླ་ན་མེད་པ་ཉིད་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱིས་ཞིང་དག་བླ་ན་མེད་པ་ནི། རྣམ་ཀུན་མངོན་རྫོགས་རྟོགས་པ་སྟེ། ཞེས་པ་དེ་བཤད་ཟིན་ཏོ། ། ༡༣༽ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པ། ད་ནི་ཐོག་མར་སྒོམ་པ་ནས་ཅི་སྲིད་བསྒོམ་པ་མཐར་ཐུག་གི་པར་དུ་སྦྱོར་བ་འདིའི་ལས་ལ་ཁྱབ་བྱེད་དུ་འཇུག་པར་་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འདྲེས་པ་ཤེས་པའི་ཡེ་ཤེས་བཤད་པར་བྱའོ། །ཉི་ཁྲིའི་ལེའུ་ཞེ་བཞི་པར། བྱང་ཆུབ་སེམས་དཔའ་རྣམ་ཐར་གསུམ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ལ་ཇི་ལྟར་འདྲེས་པ་བགྱི་ཞིང་སྒོམ་པར་བགྱི་ཞེས་སོགས་ཞུ་བ་ལན་དང་བཅས་པའི་དོན། ཡུལ་དང་སྦྱོར་བ་ཅན་འདི་ནི། །དགྲ་རྣམས་ལས་ནི་འདས་པ་དང༌། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་མོང་མ་ཡིན་མཚན་ཉིད་དང༌། །མ་ཆགས་པ་དང་མི་དམིགས་དང༌། །མཚན་མ་སྨོན་ལམ་ཟད་པ་དང༌། །དེ་ཡི་རྟགས་དང་ཚད་མེད་པ། །ཐབས་ལ་མཁས་པ་རྣམ་པ་བཅུ་ཞེས་པ་ལ་ཐབས་མཁས་ཀྱི་ངོ་བོ་ནི་མདོ་ལས་རིམ་གྱིས་སློབ་པའི་ཚུལ་དང༌། དུས་དང་དུས་མ་ཡིན་པ་ཤེས་པའི་ཚུལ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དང་པོར་གཟུགས་སོགས་ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བར་བརྟག་ཅིང་བསླབ་པ་དང་དེ་ལྟར་གོམས་པ་དེ་ནས་སྟོང་མཉམ་པས་ཀྱང་སེམས་མི་གཡེང་བར་བསླབ་པ་དང༌། དེ་ལྟར་གོམས་ཤིང་སྟོང་མི་གཡེང་བས་ཆོས་གང་ཡང་མི་མཐོང་བ་དང༌། མ་མཐོང་བས་བར་མ་དོར་རྒྱུན་ཞུགས་ལ་སོགས་པ་ཉན་རང་གི་འབྲས་བུ་མངོན་དུ་མི་བྱེད་དོ། །ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པ་ཡིས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར།། ཞེས་དང༌། གང་ཚེ་དངོས་་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པའི་དོན་སྣང་ངོ༌། །དུས་དང་དུས་མ་ཡིན་པ་ཤེས་པའི་ཐབས་ལ་མཁས་པ་ནི། སྟོང་པ་ཉིད་ལ་གནས་བཞིན་དུ་བླ་མེད་བྱང་ཆུབ་ཀྱི་ཚོགས་གཉིས་མ་སྨིན་གྱི་བར་དུ་སྟོང་ཉིད་དམ་པ་མེད་པ་དེ་མངོན་སུམ་དུ་མི་བྱེད་པའི་ཚུལ། རྗེས་ཐོབ་ཀྱི་སེམས་ཀྱིས་རྣམ་ཀུན་མཆོག་ལྡན་གྱིས་སྟོང་པ་ཉིད་ལ་འདི་ནི་འདྲེས་པར་བྱ་བའི་དུས་ཡིན་གྱི། མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ། །ཞེས་སོ་སོར་རྟོགས་དང༌། སེམས་དམིགས་པ་ལ་འདོགས་ཏེ་དེས་བར་མ་དོར་སངས་རྒྱས་ཀྱི་ཆོས་ལས་མི་ཉམས་ལ། ཟག་པ་ཟད་པ་ཡང་མངོན་དུ་མི་བྱེད་དོ།། ཅིའི་ཕྱིར་ན། ཐབས་ལ་མཁས་པའི་ཡེ་ཤེས་རླབས་པོ་ཆེ་དེ་ལྟ་བུ་དང་ལྡན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་་གནས་ཤིང་འདི་ནི་འདྲིས་པར་བྱ་བའི་དུས་ཏེ། མངོན་དུ་བྱ་བའི་དུས་མ་ཡིན་ནོ། ། ཞེས་རབ་ཏུ་ཤེས་པ་དང༌། འདི་ན་སྦྱིན་སོགས་སངས་རྒྱས་ཀྱི་ཆོས་རྣམས་ལ་སློབ་ཅིང་འདྲིས་པར་བྱེད་པའི་དུས་སོ། །འདི་ནི་སྟོབས་བཅུ་ལ་སོགས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་བྱེད་པའི་དུས་སོ། །ཞེས་སོ་སོར་རྟོགས་ཅིང་ཤེས་པས་བར་མ་དོར་ཉན་རང་གི་འབྲས་བུ་རྣམས་མངོན་སུམ་དུ་མི་བྱེད་བ་ཡིན་ནོ། ། དེས་ན་གཞི་ཤེར་ཕྱིན་ཆོས་དབྱིངས་ཀྱི་ཡུལ་མཁྱེན་པ་གསུམ་དང༌། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་གཉིས་སྦྱོར་ཞིང་ཉམས་སུ་ལེན་པ་ཅན་གྱི་ཐབས་ལ་མཁས་པ་དང་བཅས་པ་འདི་ནི། སྐྱེས་བུ་དཔའ་པོ་དགྲ་རྣམས་བཅོམ་ནས་གཉེན་བཤེས་དང་བཅས་པ་འབྲོག་དགོན་པ་ནས་ཐར་པའི་དཔེས། སེམས་ཅན་མ་བཏང་བའི་སྙིང་རྗེས་ཞི་བའི་དགྲ་དང༌། སྟོང་ཉིད་མ་བཏང་བའི་ཤེས་རབ་ཀྱིས་སྲིད་པའི་དགྲ་རྣམས་ལས་ནི་འདས་པའི་་ཐབས་ལ་མཁས་པ་དང༌། བྱ་བར་སྣང་ལ་རྒྱུུ་བ་གནས་མེད་ཀྱང༌། གནས་པའི་དཔེས། སྟོང་ཉིད་ལ་སྤྱོད་ཀྱང་དེ་ལ་མི་གནས་ཤིང་འདྲིས་པར་བྱེད་པའི་ཐབས་ལ་མཁས་པ་དང༌། འཕོང་ལ་ཤིན་ཏུ་གོམས་པའི་ཇི་ལྟར་འདོད་པ་བཞིན་འཕེན་པའི་དཔེས་ཇི་སྲིད་དགེ་བ་རྣམས་བླ་མེད་བྱང་ཆུབ་ཏུ་མ་སྨིན་པ་དེ་སྲིད་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ཅིང་སྨིན་པ་ན་མངོན་སུམ་དུ་བྱེད་པ་ཐབས་མཁས་པ་ཇི་ལྟ་བ་བཞིན་དུ་གོམས་པའི་ཤུགས་ཀྱི་ཐབས་ལ་མཁས་པ་དང༌། ཤེས་རབ་ཀྱི་ཡང་དག་པའི་མཐའ་ལ་སློབ་ཀྱང༌། བར་མ་དོར་ཞི་བར་མི་ལྟུང་བའི་རྒྱུ་སྙིང་རྗེས་སེམས་ཅན་མ་བཏང་བ་ནི་ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་ཀྱི་ཐབས་ལ་མཁས་པ་དང༌། གང་ཟག་གི་བདག་དང་ཕྱིན་ཅི་ལོག་བཞི་ལ་མ་ཆགས་པའི་ཐབས་ལ་མཁས་པ་དང༌། སེམས་ཅན་ལ་སོགས་པ་གང་ཟག་གི་བདག་དང་གཟུགས་ལ་སོགས་པ་ཆོས་ཀྱི་བདག་མི་དམིགས་པའི་ཐབས་ལ་མཁས་པ་དང༌། སྐྱེས་པ་བུད་མེད་དང་ཕུང་པོ་ལ་སོགས་པའི་མཚན་མ་ཟད་པའི་ཐབས་ལ་མཁས་པ་དང༌། ཁམས་གསུམ་དུ་བརྒྱ་བྱིན་ལ་སོགས་པ་ལ་དགའ་བའི་སྨོན་ལམ་ཟད་པའི་ཐབས་ལ་མཁས་པ་དང༌། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དེའི་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྟོགས་པ་སྟོང་ཉིད་ལ་འདྲེས་པར་བྱེད་པ་སྟོན་པའི་ཐབས་ལ་མཁས་པ་དང༌། ལུང་བསྟན་པ་དང་ལུང་མ་བསྟན་པ་དང་ཕྱིར་མི་ལྡོག་པའི་རྣམ་གྲངས་ཚད་མེད་པ་ཤེས་པའི་ཐབས་ལ་མཁས་པ་སྟེ། དེ་ལྟར་ཐབས་ལ་མཁས་པ་རྣམ་པ་བཅུ་ནི་རྣམ་རྫོགས་སྦྱོར་བའི་རང་བཞིན་འདྲེས་པའི་ཤེས་པའི་ཡེ་ཤེས་སྲིད་ཞི་མཉམ་པ་ཉིད་ཡིན་ནོ། །མདོ་ལས་འདྲིས་པ་བྱེད་པ་དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འདུ་བྱ་བ་མེད་པར་ལྟུང་བའམ། ཁམས་གསུམ་པ་དང་ལྷན་ཅིག་གནས་པའི་སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ། །ཞེས་གསུངས་པའི་དོན་ཏོ། །དེ་རྣམས་ཀྱིས་འདི་ནི་ཐབས་མཁས་བཅས་པ་ཡིན་ཞེས་བཤད་ཟིན་ཏོ། །དངོས་པོ་བརྒྱད་ལས་རྣམ་ཀུན་མངོན་རྫོགས་རྟོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་ལ་བཞི་པའི་འགྲེལ་པའོ། ། ལྔ་བ། རྩེ་སྦྱོར་རྒྱས་པར་བཤད་པ། ༡༽རྩེ་མོ་དེའི་རྟགས་བཤད་པ། ད་ནི་རྩེ་མོར་ཕྱིན་པའི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་ཞེ་ལྔ་པར་བྱང་ཆུབ་སེམས་རྨི་ལམ་ན་ཉན་རང་གི་སེམས་མི་བསྐྱེད་ཅིང་ཆོས་ཐམས་ཅད་རྨི་ལམ་དང་སྒྲ་བརྙན་དང་གཟུགས་བརྙན་དང་སྨིག་རྒྱུ་དང་སྤྲུལ་པ་དང་འདྲ་བ་ཉིད་དུ་བལྟ་ལ་མངོན་པར་འདུ་མི་བྱེད་ན་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོགས་ཀྱི་དོན། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྷ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས་རྣམ་པ་བཅུ་གཉིས་དག་ཏུ་བཞེད། ཅེས་པ་ལ་སྐབས་འདིའི་་ཆོས་བཅུ་ལས་དང་པོ་རྣམ་རྫོགས་སྦྱོར་བ་དེ་རབ་ཏུ་གྱུར་པ་ནི་རྩེ་མོར་ཕྱིན་པའི་རྣལ་འབྱོར་ཡིན་ལ། རྣལ་འབྱོར་དེ་ཐོབ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་ཅིང༌། ལུང་བསྟན་པ་ཉིད་ཕྱིར་མི་ལྡོག་པས། རྩེ་མོར་ཕྱིན་པ་དང༌། ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པ་གསུམ་དོན་གཅིག་ཉིད་དོ། །སྐབས་བཞི་པར་རྣམ་རྫོགས་ཀྱི་རྣལ་འབྱོར་དེ་ཐབས་མཁས་ཀྱིས་ཟིན་པའི་ཚེ། རྩེ་མོར་ཕྱིན་པར་སྣང་ངོ༌། །ཐབས་མཁས་པ་དགུ་པ་དག་བཅུ་པར་ལུང་བསྟན་པ་དང་སྤྲེལ་ནས་ཕྱིར་མི་ལྡོག་པའི་རྟགས་ཉིད་རྩེ་སྦྱོར་གྱི་རྟགས་སུ་གསུངས་པའི་ཕྱིར་རོ། །དེས་ན་རྩེ་མོའི་རྣལ་འབྱོར་ཐོབ་པའི་བྱང་ཆུབ་སེམས་དཔའ་སད་དུས་སུ་ཆོས་རྣམས་རྨི་ལམ་དང་འདྲ་བར་ལྟ་བར་མ་ཟད་རྨི་ལམ་ན་ཡང་ཆོས་རྣམས་ཀུན། རྨི་ལམ་དང་སྒྲ་བརྙན་ལྟ་བུར་ལྟ་བ་ལ་སོགས་པ་དང༌། རྨི་ལམ་ན་དེ་བཞིན་གཤེགས་པ་དགེ་སློང་སོགས་ལྟ་དང་ཀླུ་ལ་སོགས་པ་འཁོར་ཚད་མེད་པ་མངའ་བ་ལ་ཆོས་སྟོན་པ་མཐོང་བ་དང༌། ཡང་རྨི་ལམ་དེ་བཞིན་གཤེགས་པ་ནམ་མཁའ་ལ་འཕགས་ཤིང་ཆོས་སྟོན་པ་མཚན་དཔེ་འབར་བ་སྤྲུལ་བ་མང་པོ་འགྱེད་པ་མཐོང་བ་དང༌། ཡང་རྨི་ལམ་ན་འཇིག་རྟེན་དུ་མྱ་ངན་དྲག་པོ་སྣ་ཚོགས་བྱུང་བ་མཐོང་ན་མི་འཇིགས་པ་དང༌། ཡང་རྨི་ལམ་ན་ངན་སོང་གསུམ་མཐོང་ན་རང་ཉིད་སངས་རྒྱས་པའི་ཞིང་དེར་ངན་སོང་གསུམ་པོ་མེད་པ་ཉིད་དུ་སྤྱད་དོ། །སྙམ་པ་དང༌། རྨི་ལམ་སད་པའི་ཚེ་གྲོང་མེས་ཚིག་པ་ཞི་བ་ལ་སོགས་པའི་བདེན་ཚིག་འགྲུབ་པ་དང༌། གལ་དེ་བདག་འཚང་རྒྱ་ན་ཞེས་པའི་བདེན་ཚིག་གིས་སྐྱེས་པ་འམ་བུད་མེད་གཟུངས་བའི་མི་མ་ཡིན་གུད་དུ་འགྲོ་བ་དང༌། བདུད་ལས་སྣ་ཚོགས་རིག་པ་དང༌། བྱང་ཆུབ་སེམས་དཔའ་ལ་ལྕི་བའི་ལྟུང་བ་རིག་པ་དང། ཉན་རང་གི་སེམས་ཀྱིས་དབེན་པ་བྱང་ཆུབ་སེམས་དཔའ་དགོན་པ་དང༌། ནགས་སུ་གནས་པའི་དོན་དུ་རིག་པ་དང༌། བྱང་ཆུབ་སེམས་དཔའ་དེས་དགེ་བའི་བཤེས་གཉེན་གང་ཡིན་དང༌། སངས་རྒྱས་ཀྱི་ཡུམ་གང་ཡིན་རིག་པ་དང༌། སངས་རྒྱས་ཀྱི་ཞིང་དག་པ་དང་སེམས་ཅན་སྨིན་པར་འདོད་པ་ལ་སོགས་པ་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི། རྣམ་པ་བཅུ་གཉིས་དག་ཏུ་འདོད། རྟགས་དང་རྣམ་འཕེལ་ལ་སོགས་པ་བཞི་པོ་འདི་རྩེ་སྦྱོར་ཐོབ་ནས་མཐར་ཐུག་གི་བར་གྱི་ཆོས་སུ་གསུངས་པའི་ཕྱིར། དྲོད་སོགས་བཞིར་འཆད་པ་ནི་ཤེས་བྱེད་ཡིད་ཆེས་པ་མི་སྣང་ངོ༌། ། སྦྱོར་ལམ་བཏགས་པ་བར་བཤད་པ་ལ་ཡང་དགོས་པ་མེད་ཅིང་གནོད་བྱེད་དང་བཅས་སོ། །དེས་ན་རྩེ་མོ་དེའི་རྟགས་དང༌། རྩེ་མོ་དེའི་བསོད་ནམས་རྣམ་པར་འཕེལ་བ་དང༌། རྩེ་མོ་དེའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། རྩེ་མོ་དེའི་ཏིང་ངེ་འཛིན་གྱི་སེམས་ཀུན་ཏུ་གནས་པ་ཡིན་ནོ། །དེ་རྣམས་ཀྱིས་དེའི་རྟགས་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༢༽རྩེ་སྦྱོར་དེའི་བསོད་ནམས་རྣམ་པར་འཕེལ་བ་བཤད་པ། ད་ནི་རྩེ་མོའི་རྣལ་འབྱོར་གང་གི་རྒྱུད་ལ་ཡོད་པ་དེ་ལ་རྩེ་སྦྱོར་དེའི་བསོད་ནམས་དཔག་ཏུ་མེད་པ་རྣམ་པར་འཕེལ་བ་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་ཞེ་ལྔ་པའི་གསུམ་གཉིས་ཙམ་སོང་བའི་སྐབས་ནས། འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་མིའི་ལུས་ཐོབ་ནས་སངས་རྒྱས་པར་གྱུར་པ་ལ་ནམ་འཚོལ་བར་ཏུ་ལ་ལ་ཞིག་གིས་མཆོད་པའི་བསོད་ནམས་ལས། ཤེར་ཕྱིན་འདི་ལ་སྤྱོད་པས་བསོད་ནམས་ཆེས་མང་དུ་འཕེལ། ཞེས་སོགས་ཀྱི་དོན། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་ལ་སོགས། རྣམ་མང་དུ་ནི་དཔེར་མཛད་ནས། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། ཞེས་པ་ལ་འཛམ་བུ་གླིང་གི་སྐྱེ་བོ་ཇི་སྙེད་ཡོད་པ་དེ་སྙེད་སངས་རྒྱས་སུ་གྱུར་པ་ལ་འགའ་ཞིག་གིས་ནམ་མཚོའི་བར་མ་ཆོད་པའི་དགེ་བ་དང༌། ལ་སོགས་པ་སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་སངས་རྒྱས་སུ་གྱུར་པ་ལ་ནམ་་འཚོའི་བར་དུ་མཆོད་པའི་དགེ་བ་སྟེ་གཉིས་དང༌། འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ། དེ་དག་ལས་ཞིག་གིས་དགེ་བ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ལྔ་སྟེ་འཇིག་རྟེན་གྱི་ཕུན་ཚོགས་དང༌། རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པ་དང༌། རང་བྱུང་དང་བླ་མེད་བྱང་ཆུབ་ལ་བཀོད་དེ་དེ་དག་གི་དགེ་བ་ཡང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོ་བ་དང༌། བཅས་པའི་དགེ་བ་བདུན་དང༌། སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་འཇིག་རྟེན་པའི་ཕན་ཚོགས་ལ་བཀོད་པ་དང༌། རྒྱུན་ཞུགས་པ་དང༌། ཕྱིར་འོང་ལ་དང༌། ཕྱིར་མི་འོང་ལ་དང༌། དགྲ་བཅོམ་པ་ལ་དང༌། རང་བྱང་ཆུབ་ལ་དང༌། བླ་མེད་བྱང་ཆུབ་ལ་བཀོད་ཅིང་དགེ་བ་ཡང་རང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོས་པ་དང་བཅས་པའི་བསོད་ནམས་བདུན་ནོ། །དེ་ལྟར་བདུན་ཚན་གཉིས་ཀྱི་སྟེང་དུ་སྔ་མ་གཉིས་དེ་དགེ་བ་བཅུ་དྲུག་གི་རྣམ་པ་མང་དུ་བསྟན་པ་ན་དཔེར་མཛད་ནས། རྩེ་སྦྱོར་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱེད་པ་དང་མ་བྲལ་བས་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ལ་སྟོན་པ་ནི་དགེ་བའི་རྣམ་པ་ཆེས་མང་དུ་འཕེལ་བ་བཅུ་དྲུག་གི་བདག་ཉིད་དོ། །དེ་ནས་མདོ་ལས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་ཏེ། དེ་ཅའི་ཕྱིར་ཞེ་ན། ཞེས་སོགས་ཀྱིས་བསོད་ནམས་ཆེ་བའི་རྒྱུ་མཚན་དང༌། ཤེར་ཕྱིན་ལ་རྩེ་གཅིག་ཏུ་བརྩོན་ཚུལ་དང༌། ཆོས་ཟབ་མོའི་ཡིན་ལུགས་ལ་སོགས་པ་སྟོན་ནོ། །ཉི་ཁྲིའི་ལེའུ་ཞེ་ལྔ་བའི་སྨད་ཀྱི་ཆ་ནས་ཞེ་བདུན་པ་རྫོགས་ཀྱི་བར་དུ་འབྱུང་ངོ༌། །དེ་རྣམས་ཀྱིས་རྣམ་འཕེལ་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༣༽རྩེ་སྦྱོར་དེའི་སེམས་ཅན་གྱི་དོན་མི་གཏོང་བ་བཤད་པ།