ཕར་ཕྱིན་མདོ་ལུགས་མ།

། ད་ནི་གཉིས་པ་མཐོང་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་བཤད་པ་ལ་བསྟན་བཤད་གཉིས་ལས་དང་པོ་ནི། མཐོང་པའི་ལམ་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །བྱང་ཆུབ་སེམས་དཔའ་མི་ལྡོག་པའི། །མཚན་ཉིད་ཡིན་པར་ཤེས་པས་བྱ། །ཞེས་པ་ལ། མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དང༌། ཆོས་ཤེས་པ་བཞི་དང༌། རྗེས་སུ་ཤེས་པའི་བཟོད་པ་བཞི་དང༌། རྗེས་སུུ་ཤེས་པ་བཞི་སྟེ། དེ་ལྟར་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཞི་བཞི་བཅུ་དྲུག་ནི་མཐོང་ལམ་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །འདིར་ནི་རྟགས་ཀྱང་ཡིན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པ་སྟོན་ལ། མཚན་ཉིད་ཀྱི་སྐབས་སུ་ནི་ཁྱད་པར་དུ་བྱེད་པའི་ཆོས་ཀྱང་ཡིན་ཤེས་བཟོད་ཅིག་མ་བཅུ་དྲུག་ཀྱང་ཡིན་པར་སྟོན་ཅིང༌། སྐབས་གསུམ་པར་ནི་གཉེན་པོ་གཞི་ཤེས་ཀྱང་ཡིན། ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པ་སྟོན་ལ། སྐབས་གཉིས་པར་ནི་ལམ་ཤེས་ཀྱང་ཡིན་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཀྱང་ཡིན་པ་སྟོན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི་མདོ་ལས། གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ ། ཞེས་སོགས་ཀྱི་དོན། གཟུགས་སོགས་འདུ་ཤེས་ལྡོག་པ་དང༌། །སེམས་བརྟན་ཐེག་པ་དམན་དག་ལས། །རྣམ་ལོག་བསམ་གཏན་ལ་སོགས་པའི། །ཡན་ལག་ཡོངས་སུ་ཟད་པ་དང༌། །ལུས་སེམས་ཡང་བ་ཉིད་དང་ནི། །འདོད་པ་སྤྱོད་པ་ཐབས་མཁས་དང༌། །རྟག་ཏུ་ཚངས་པར་སྤྱོད་ཉིད་དང༌། །འཚོ་བ་རྣམ་པར་དག་ཉིད་དང༌། །ཕུང་ཚོགས་བར་ཆད་བྱེད་རྣམས་དང༌། །ཚོགས་དང་དབང་སོགས་བཅས་པ་ཡི། །གཡུལ་འགྱེད་སེར་སྣ་ལ་སོགས་ལ། །སྦྱོར་དང་རྗེས་སུ་སྦྱོར་བ་ཡི། །གནས་པ་སོ་སོར་བཀག་པ་དང༌། །ཆོས་ནི་རྡུལ་ཙམ་མི་དམིགས་ཉིད། །རང་གི་ས་ལ་ངེས་པ་ཉིད། །ས་གསུམ་ལ་ནི་གནས་པ་དང༌། །ཆོས་ཀྱི་དོན་དུ་སྲོག་གཏོང་བ། །དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པ་ལ་གཟུགས་སོགས་ཀྱི་འདུ་ཤེས་ལ་ལྡོག་པའི་ཡེ་ཤེས་དང༌། འདི་ནས་ཉི་ཁྲིའི་ལེའུ་བཞི་བཅུ་པས་སྟོན་ནོ། །ནམ་མཁའ་དང་མཚུངས་པའི་རྣམ་མཁྱེན་ལ་མོས་པའི་སེམས་བརྟན་པའི་ཡེ་ཤེས་དང༌། ཐེག་པ་དམན་པ་ཉན་རང་གི་ས་དག་ལས་རྣམ་པར་ལོག་པའི་ཡེ་ཤེས་དང༌། བསམ་གཏན་དང་པོ་ལ་སོགས་པ་སྙོམས་པར་འཇུག་ཀྱང་དེ་དག་གི་སྐྱེ་བ་འཛིན་པའི་ཡན་ལག་ཡོངས་སུ་ཟད་ཅིང་བསམ་བཞིན་དུ་གང་འདོད་པར་སྐྱེ་བ་འཛིན་པའི་ཡེ་ཤེས་དེ་བཞིན་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །བཏགས་པ་ཐམས་ཅད་ལྷུར་མི་ལེན་ཅིང་བྱང་ཆུབ་ཡིད་ལ་བྱེད་པའི་ཕྱིར་དྲན་ཤེས་བཞིན་གྱི་སྒོ་ནས་ལུས་དང་སེམས་ལྡང་བ་ཡང་བའི་ཡེ་ཤེས་ཉིད་དང་ནི་ཁྱིམ་ན་གནས་ཀྱང་འདོད་ཡོན་ལྔ་སེམས་ཅན་སྨིན་པའི་དོན་དུ་སྦྱིན་པ་ལ་གཏོང་ཞིང་སྤྱོད་པ་ལ་ཐབས་ལ་མཁས་པའི་ཡེ་ཤེས་དང་ཁྱིམ་ན་གནས་ན་སྟོང་གསུམ་རིན་པོ་ཆེས་བཀང་ཞིང་སྦྱིན་པ་གཏོང་ཡང་རང་ཉིད་འདོད་པ་ལ་མི་སྤྱོད་པར་རྟག་ཏུ་ཚངས་པར་སྤྱོད་པའི་ཡེ་ཤེས་ཉིད་དང༌། འཚོ་བའི་སླད་དུ་དབང་བསྡུད་དང༌། ལུང་སྟོན་པ་ལ་སོགས་མི་བྱེད་པས་འཚོ་བ་རྣམ་པར་དག་པ་ཉིད་ཀྱི་ཡེ་ཤེས་དེ་བཞི་ནི་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞིའོ། །ཕུང་པོ་ལ་སོགས་པ་ཁམས་དང་སྐྱེ་མཆེད་དང་བར་ཆད་བྱེད་པ་རྒྱལ་པོ་དང་རྐུན་པོ་རྣམས་ཀྱི་གཏམ་ལ་དང་པོར་སྦྱོར་བ་དང༌། རྗེས་སུུ་རྒྱུན་དུ་སྦྱོར་ཞིང་བརྩོན་པའི་གནས་པ་སོ་སོར་བཀག་པའི་ཡེ་ཤེས་དང༌། གྲོང་གི་ཚོགས་ཀྱི་གཏམ་དང་དབང་པོ་མཐོང་པ་པོ་དང་ཤེས་པ་པོ་ལ་སོགས་པ་དང་བཅས་པའི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་དམིགས་པའི་ཡེ་ཤེས་དང༌། གཡུལ་འགྱེད་པ་དང་དམག་གི་གཏམ་གྱི་སྦྱོར་བ་ལ་བརྩོན་པར་མི་གནས་པའི་ཡེ་ཤེས་དང༌། སྦྱིན་སོགས་ཀྱི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པའི་གཏམ་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པའི་ཡེ་ཤེས་ཏེ། བཞི་ནི་འགོག་པའི་བདེན་པའི་སྐད་ཅིག་མ་བཞིའོ། ། ཁ་ཅིག་གིས་འདིར་མདོ་དང་མི་མཐུན་པའི་བཤད་པ་བློ་རྩེ་གཏད་པ་མེད་པ་བྱས་སྣང་ངོ༌། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས་གཏམ་ངན་པའི་སྦྱོར་བ་ལས་ལྡོག་ཅིང་ཡང་དག་པའི་ལས་དང་བསམ་པ་ལ་འཇུག་པ་དང༌། ཞེས་གསུངས་སོ། །མདོ་ལས་བཞན་དུ་ན་ཤེར་ཕྱིན་གྱི་གཏམ་གྱི་སྦྱོར་བ་ལ་བརྩོན་ཞེས་སོ། །ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པའི་ཆོས་ནི་རྡུལ་ཙམ་མི་དམིགས་པའི་ཡེ་ཤེས་ཉིད་དང༌། རང་གི་ཕྱིར་མི་ལྡོག་པའི་ས་ལ་ངེས་ཤིང་ཐེ་ཙོམ་མེད་པ་ཉིད་ཀྱི་ཡེ་ཤེས་དང༌། ཐེག་པ་གསུམ་གྱི་འཕགས་པའི་གང་ཟག་གསུམ་རང་རང་གིས་གསུམ་ལ་ནི་གནས་པ་དེ་རང་གིས་ལ་ཐེ་ཙོམ་མེད་པར་ངེས་པའི་ཡེ་ཤེས་དང༌། དམ་པའི་ཆོས་ཡོངས་སུ་གཟུང་བ་ཉིད་ཀྱི་དོན་རང་གི་སྲོག་ཀྱང་གཏོང་བའི་ཡེ་ཤེས་དེ་བཞིན་ལམ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །དེ་ལྟར་བཤད་པ་དེ་འདྲ་ཡི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་གི་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་རྟགས་སམ། ཤེས་བྱེད་དག་ཡིན་ནོ། །དེ་རྣམས་ཀྱིས་མཐོང་ལམ་པའི་ཕྱིར། མི་ལྡོག་པའི་མཚན་ཉིད་མདོ་ལས་བྱུང་བ་བཞིན་དུ་བཤད་ཟིན་ཏོ། ། ༡༠༽སྒོམ་ལམ་གྱི་རང་བཞིན་བཤད་པ། ད་ནི་གསུམ་པ་སྒོམ་ལམ་གྱི་རང་བཞིན་བཤད་པ་ལ། ཟབ་པ་དང༌། ཇི་ལྟར་བསྒོམ་པའི་ཚུལ་དང༌། དབྱེ་བ་དང༌། གྲངས་མེད་ལ་སོགས་ཀྱིས་ཁྱད་པར་དང༌། བྱེད་ལས་དང༌། ཟབ་མོའི་ཆོས་ཉིད་བཤད་པ་དྲུག་ལས། ༡ སྒོམ་ལམ་ཟབ་པ་བསྟན་པ། དང་པོ་སྒོམ་ལམ་ཟབ་པར་བསྟན་པ་ནི། ཉི་ཁྲིའི་ལེའུ་ཞེ་གཅིག་པར་བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པའི་གནས་ཟབ་མོ་ནི་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། འདུ་བྱ་བ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། མྱ་ངན་ལས་འདས་པ་དང༌། ཞི་བ་དང༌། དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཞེས་སོགས་ཀྱི་དོན། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོའི་སྟོང་པ་ཉིད་ལ་སོགས། །ཟབ་པའི་དེ་ནི་སྒྲོ་འདོགས་དང༌། །སྐུར་པའི་མཐའ་ལས་གྲོལ་བ་ཉིད། །ཅེས་པ་ལ་ལམ་དུས་སུ་ཆོས་ཉིད་དྲི་བཅས་དྲི་མེད་དུ་འགྱུར་བ་ཉིད་ལ་ཆོས་ཉིད་ལ་ཆོས་ཉིད་ཀྱི་མི་རྟག་པའི་དོན་དང༌། ཆོས་ཉིད་ཀྱི་འདུས་བྱས་ཀྱི་དོན་དུ་གསུངས་པའི་ཕྱིར་འདིར་ཆོས་ཀྱི་དབྱིངས་བསྒོམ་ལམ་དུ་གསུངས་པ་དང༌། ལམ་འདུས་བྱས་སུ་བསྟན་པ་གཉིས་འགལ་བར་མི་བསམ་མོ། །དེས་ན་བསྒོམ་པའི་ལམ་ནི་ཟབ་པ་ཡིན་ཏེ། ལམ་གྱི་ངོ་བོ་ཟབ་མོ་སྟོང་པ་ཉིད་ལ་སོགས་པ་ཆོས་དབྱིངས་ཀྱི་མཐར་ཐུག་པ་འདི་རྣམས་ཡིན་པའི་ཕྱིར་རོ། ། ཟབ་མོའི་དོན་ཅི་ཞེ་ན། ཟབ་པའི་དོན་དེ་ནི་སྒྲོ་འདོགས་དང་སྐུར་པའི་མཐའ་ལས་གྲོལ་བ་ཉིད་དོ། །མདོ་ལས་གཟུགས་སོགས་ལས་ཀྱང་བཟློག མྱ་ངན་ལས་འདས་པ་ཡང་བསྟན་ཞེས་པའི་དོན་དེ་གཟུགས་སོགས་དངོས་པོའི་ཆོས་ཐམས་ཅད་ལས་ཀྱང་བཟློག་ཅེས་པས་ཆོས་དབྱིངས་ཟབ་མོ་དེ་དངོས་པོ་ཡིན་པར་སྒྲོ་འདོགས་པའི་མཐའ་ལས་གྲོལ་བ་དང༌། མྱ་ངན་ལས་འདས་པ་ཡང་བསྟན་ཞེས་པས་ཆོས་ཉིད་ཟབ་མོ་དེ་མྱང་འདས་མ་ཡིན་པར་སྐུར་པ་འདེབས་པའི་མཐའ་འས་གྲོལ་བ་ཉིད་དོ། །དེས་ན་ཀུན་རྫོབ་ཏུ་གཟུགས་སོགས་ཡོད་པའི་ཕྱོགས་ཡིན་པ་བཤིག་ཅིང༌། དོན་དམ་དུ་མྱང་འདས་མེད་པའི་ཕྱོགས་ཡིན་པ་བཤིག་ནས། ཡོད་མེད་ཀྱི་ཕྱོགས་དེ་གཉིས་ཀྱི་དབུས་མ་ཆོས་དབྱིངས་ཀྱི་ཐེག་པ་བླ་ན་མེད་པ་ནི་ཟབ་པ་ཉིད་དུ་བསྟན་ཏོ། ། ༢ ཇི་ལྟར་བསྒོམ་པའི་ཚུལ། གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། མདོ་ལས། ཤེར་ཕྱིན་ལ་ཇི་སྐད་བསྟན་པ་བཞིན་དུ་ཤེར་ཕྱིན་དང་ལྡན་པའི་གནས་ཟབ་མོ་འདི་དག་སེམས་པ་དང་འཇལ་བ་དང་རྟོགས་པར་བྱེད་ན་གྲངས་མེད་ཚད་མེད་དཔག་ཏུ་མེད་པའི་དགེ་བ་འཛིན་ཞེས་སོགས་ཀྱི་དོན། ངེས་འབྱེད་ཡན་ལག་དང་མཐོང་བའི་ལམ་དང་བསྒོམ་པའི་ལམ་ཉིད་ལ། ཡང་དང་ཡང་དུ་སེམས་པ་དང༌། འཇལ་དང་ངེས་རྟོག་བསྒོམ་པའི་ལམ། ཞེས་པ་ལ། མདོ་ལས། རབ་འབྱོར་ཁྱོད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་གནས། ཟབ་མོ་རྣམས་འདྲི་བར་སེམས་པ་ལེགས་སོ། །ཞེས་གསུངས་པའི་ཕྱིར་ངེས་འབྱེད་ཡན་ལག་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བསྟན་པས། ཟབ་མོ་བསྒོམ་ཚུལ་ཡང་དེ་ནས་གཟུང་སྟེ་བསྟན་དགོས་པ་དེས་ན་ངེས་འབྱེད་ཡན་ལག་གི་གནས་སྐབས་ཉིད་ལ་ཟབ་མོ་དེ་དག་ལ་ཡང་དང་ཡང་དུ་སེམས་པ་དང༌། མཐོང་བའི་ལམ་གྱི་གནས་སུ་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་འཇལ་བ་དང༌། སྒོམ་པའི་ལམ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་ངེས་པར་རྟོག་པའི་བྱེད་པ་ནི། གནས་སྐབས་དེ་དག་ཏུ་ཚུལ་ཇི་ལྟར་བསྒོམ་ན། དེ་ལྟར་སྒོམ་པའི་ལམ་ཡིན་ནོ། ། ༣ སྒོམ་ལམ་གྱི་དབྱེ་བ་བཤད་པ། གསུམ་པ་སྒོམ་ལམ་གྱི་དབྱེ་བ་བཤད་པ་ནི། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། ། ཞེས་པ་ལ། ཆུ་བོའི་རྒྱུན་ནི་རབ་འབབ་དང༌། མར་མེའི་རྩེ་མོ་རབ་བཅིངས་ལྟར། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཉིན་དང་མཚན་དུ་མཉམ་པར་བཞག །ཅེས་གསུངས་པ་ལྟར་སྒོམ་པའི་ལམ་དེ་ནི་བྱང་ཆུབ་མཐོབ་ཀྱི་པར་དུ་རྒྱུན་ཆགས་སུ་བསྒོམ་པ་ཡིན་པའི་ཕྱིར། རྒྱུན་གཅིག་པོ་དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཏུ་ཕྱེ་བ་རྣམས་ཀྱང༌། ཆུང་ངུའི་ཆུ་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་ལ་སོགས་པ་རེ་རེ་ཡང་གསུམ་གསུམ་དུ་དབྱེ་བའི་རྣམ་པས། སྒོམ་ལམ་རྣམ་པ་དགུར་བཅས་བཞེད་པའི་དགོངས་པ་ཉིད་དོ། ། ༤ གྲངས་མེད་ལ་སོགས་ཀྱི་ཁྱད་པར་བཤད་པ། བཞི་པ་གྲངས་མེད་ལ་སོགས་ཀྱི་ཁྱད་པར་བཤད་པ་ནི། མདོ་ལས། བཅོམ་ལྡན་འདས་གྲངས་མ་མཆིས་པ་དང༌། དཔག་ཏུུ་མ་མཆིས་པ་དང། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཁྱད་ནི་ཅི་མཆིས་ཞེས་པའི་དོན། །གྲངས་མེད་ལ་སོགས་པ་བསྟན་པ་རྣམས། །དམ་པའི་དོན་དུ་བཟོད་མ་ཡིན། །ཀུན་རྫོབ་ཏུ་ནི་ཐུགས་བརྩེ་བའི། །རྒྱུ་མཐུན་དེ་དག་ཐུབ་པ་བཞེད། །ཅེས་པ་ལ། དོན་དམ་པ་སྟོང་པ་ཉིད་ཟབ་མོའི་དབྱིངས་ནི་གྲངས་མེད་པ། ཡང་དེ་ཡིན། དཔག་ཏུ་མེད་པ་ཡང་དེ་ཡིན། ཚད་མེད་པ་ཡང་དེ་ཡིན་པས། གྲངས་མེད་པ་ལ་སོགས་མདོ་ལས་བསྟན་པ་རྣམས་དོན་དམ་པ་སྟོང་པ་ཉིད་ཟབ་མོའི་དོན་ཁོ་ན་ཉིད་དུ་གཅིག་པ་ལ་ནི་ཐ་དད་དུ་དབྱེ་བར་བཟོད་པ་མ་ཡིན་ནོ། །ཀུན་རྫོབ་ཏུ་འདས་སམ་འདུས་མ་བྱས་སུ་བགྲང་བར་མ་ནུས་པ་ནི་གྲངས་མེད་པ་དང༌། དུས་གསུམ་གྱི་ཆོས་རྣམས་ལ་ཚད་མི་དམིགས་པ་ནི་དཔག་ཏུ་མེད་པ་དང༌། གཞལ་བར་མི་ནུས་པ་ནི་ཚད་མེད་པའོ། །ཞེས་ཐ་དད་ཕྱེས་ན་བསྟན་པ་ནི། སེམས་ཅན་ལ་ཕན་པ་ཐུགས་བརྩེ་བ་ཆེན་པོའི་འབྲས་བུ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་ཐུགས་བརྩེ་བ་ཆེན་པོའི་རྒྱུ་མཐུན་རྒྱུ་དང་འདྲ་བའི་འབྲས་བུ་གྲངས་མེད་ལ་སོགས་ཐ་དད་དུ་ཕྱེས་ནས་བསྟན་པ་དེ་དག་ཐུབ་པ་བཞེད་དོ། །ཁྲི་བརྒྱད་སྟོང་པ་ལ། གྲངས་མེད་པ་དང༌། དཔག་ཏུ་མེད་པ་དང༌། ཚད་མེད་པ་ཞེས་བྱ་བར་བརྗོད་པ། དེ་ནི་དེ་བཞིན་གཤེགས་པའི་བཤད་པའི་རྒྱུ་མཐུན་པ་བསྟན་པ་ཡིན་ནོ། །ཞེས་སོ། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས། གྲངས་དང་ཚད་ལ་སོགས་པ་ནི་ཀུན་བཏགས་པ་རྣམས་ལ་ཡོད་་གྱི་སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ་འདི་ནི་བྱེ་བྲག་གོ །ཞེས་དང༌། ཀུན་རྫོབ་ཏུ་བཤད་པ་ནི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་པའོ། །ཞེས་བྱ་བའི་ཐ་ཚིག་གོ ། ཞེས་གསུངས་སོ། ། ༥ སྒོམ་ལམ་གྱི་བྱེད་ལས་བཤད་པ། ལྔ་པ་སྒོམ་ལམ་གྱི་བྱེད་ལས་བཤད་པ་ལ་ཞུས་ལན་གཉིས་ལས། དང་པོ་མདོ་ཉིསད་དུ། བརྗོད་དུ་མེད་པའི་སྟོང་ཉིད་དེ་ལ་འཕེལ་འགྲིབ་མེད་ན། དེས་སྦྱིན་སོགས་འཕེལ་འགྲིབ་མེད་པར་འགྱུར་རོ། །དེ་ལྟ་ན་རྣམ་མཁྱེན་མེད་པར་འགྱུར་རོ། །རྣམ་མཁྱེན་མེད་ན་སུ་ཞིག་འཚང་རྒྱ་བར་འགྱུར་ཞེས་ཞུས་པ་ནི། དངོས་པོ་བརྗོད་དུ་མེད་པ་ལ། །ཉམས་པ་དང་ནི་འཕེལ་མི་རུང༌། །སྒོམ་ཞེས་བྱ་བའི་ལམ་གྱིས་ནི། །ཅི་ཞིག་ཉམས་ཤིང་ཅི་ཞིག་འཐོབ། །ཅེས་སོ། །སྟོང་ཉིད་ཟབ་མོ་དངོས་པོར་བརྗོད་དུ་མེད་ཅིང་མ་གྲུབ་པ་ལ་ཆོས་ནག་པོའི་དབང་གིས་ཉམས་པ་དང་ནི་དཀར་པོའི་དབང་གིས་འཕེལ་བ་ཡང་མི་རུང་བས། དེས་གཟུང་བའི་སྦྱིན་སོགས་ཡང་འཕེལ་འགྲིབ་མེད་ན། འོ་ན་སྟོང་ཉིད་དེ་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་ཇི་ཞིག་ཉམས་ཤིང་གཉེན་པོ་ཇི་ཞིག་འཕེལ་བའི་སྒོ་ནས་བླ་མེད་བྱང་ཆུབ་ཅི་ཞིག་འཐོབ་ཅེས་ཞུས་པ་དང༌། གཉིས་པ་དེའི་ལན་ནི་མདོ་ལས། ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སྦྱིན་སོགས་འཕེལ་ལོ་སྙམ་དུ་མི་སེམས་ཤིང་མིང་ཙམ་མོ་སྙམ་དུ་སྤྱོད་པའི་ཚེ་སེམས་བསྐྱེད་པ་དེ་དང་དགེ་བ་དེ་དག་བླ་ན་མེད་པའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་བསྔོའོ། །ཞེས་པའི་དོན། བྱང་ཆུབ་ཇི་ལྟར་དེ་བཞིན་དུ། །འདིས་ན་འདོད་པའི་དོན་སྒྲུབ་བྱེད། །བྱང་ཆུབ་དེ་བཞིན་ཉིད་མཚན་ཉིད། །དེ་ཡང་དེ་ཡི་མཚན་ཉིད་བཞེད། །སྐབས་འདིའི་བསྔོ་བ་ནི། སྒོམ་ལམ་གྱི་ངོ་བོ་ཡིན་པའི་ཕྱིར། ཐབས་མཁས་པས་རྨི་ལམ་ལྟ་བུའི་དགེ་བ་དེ་དག་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་བསྔོ་བའི་སྒོམ་ལམ་དེས་ནི་འདོད་པའི་དོན་གྱི་མཆོག་ཏུ་བླ་མེད་བྱང་ཆུབ་བསྒྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ནི་ཆོས་ཐམས་ཅད་གྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་དམ་ངོ་བོ་ཡིན་ཞིང་དེ་བཞིན་ཉིད་དེ་ཡང་བྱང་ཆུབ་དེའི་མཚན་ཉིད་དམ་ངོ་བོ་ཡིན་པར་བཅོམ་ལྡན་འདས་བཞེད་དོ། །ཆོས་ཀྱི་བདག་པོ་དབྱིག་གཉེན་གྱིས་བརྗོད་དུ་མེད་པ་ཉིད་སྟོང་པ་ཉིད་ལ་བྱ་ཞིང༌། སྟོང་པ་ཉིད་ནི་ཆོས་དཀར་པོའི་དབང་གིས་འཕེལ་བ་ཡང་མེད། ཆོས་ནག་པོའི་དབང་གིས་འགྲིབ་པ་ཡང་མེད་པས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་འཕེལ་བ་དང་འགྲིབ་པ་གཉིས་མེད་ན། འོ་ན་རྒྱུ་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པའི་བསྐལ་བ་ཅན་དུ་འགྱུར་ཞེས་ཞུས་པ་སྟེ། དེ་སྐད་ཅེས་ཞུས་པ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་ལྟར་ཡོངས་སུ་བསྔོ་བར་བྱེད་དོ། །ཞེས་བྱ་བའི་ཚིག་ཐམས་ཅད་ཐབས་ལ་མཁས་པས་ཡོངས་སུ་བསྔོས་པའི་སྟོབས་ཀྱི་འགྱུར་བ་སྟོན་ནོ། །ཞེས་གསུངས་པའི་དོན་ནོ། ། ༦ ཟབ་མོའི་ཆོས་ཉིད་བཤད་པ། དྲུག་པ་ཟབ་མོའི་ཆོས་ཉིད་བཤད་པ་ལ་ཞུས་པ་དང་ལན་གཉིས་ལས་དང་པོ་ནི། སེམས་ནི་སྔ་མས་བྱང་ཆུབ་པར་རིགས་མིན་ཕྱི་མས་ཀྱང་མ་ཡིན། ཞེས་པ་ལ་སེམས་བསྐྱེད་པ་དང་པོ་ནི་ཕྱི་མ་དང་མི་འགྲོགས། སེམས་བསྐྱེད་པ་ཕྱི་མ་ནི་སྔ་མ་དང་མི་འགྲོགས་ལམ་འགྲོགས་ན་དགེ་བའི་ཚོགས་སུ་མི་འགྱུར་ཞིང༌། དགེ་བ་མ་བསགས་ན་བྱང་ཆུབ་ཐོབ་པར་མི་ནུས་སོ། །སེམས་བསྐྱེད་པ་རེ་རེའི་སྒོ་ནས་ཀྱང༌། སེམས་བསྐྱེད་པ་ནི་སྔ་མ་གཅིག་པུས་བྱང་ཆུབ་ཐོབ་པར་རིགས་པ་མ་ཡིན་ཞིང༌། སེམས་བསྐྱེད་པ་ཕྱི་མ་གཅིག་པུས་ཀྱང་ཐོབ་པར་རིག་མ་ཡིན་ནོ། །ཞེས་ཞུས་པ་དང༌། གཉིས་པའི་ལན་ལ། དཔེའི་སྒོ་ནས་མདོར་བསྟན་པ་དང༌། དོན་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། མེ་ལྕེ་ཕྲད་པ་དང་པོ་གཅིག་པུས་ཀྱང་སྙིང་པོ་དེ་མ་ཚིག ཕྱི་མ་འབའ་ཞིག་གིས་ཀྱང་མི་ཚིག ཕྲད་པ་སྔ་ཕྱི་མ་བརྟེན་པར་མི་ཚིག །འོན་ཀྱང་སྙིང་པོ་དེ་ཚིག་གོ་ཞེས་བྱ་བ་མར་མེ་དཔེའི་ཚུལ་གྱིས་ནི། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། ཅེས་པ་ལ། མར་མེ་ཕྲད་པའི་སྐད་ཅིག་གིས་སྙིང་པོ་ཚིག་པ་ཟབ་པའི་དཔེའི་ཚུལ་གྱིས་སེམས་སྔ་ཕྱི་བག་ཆགས་བརྒྱུད་པར་བྱང་ཆུབ་ཐོབ་པར་བྱེད་པའི་རྟེན་འབྲེལ་ཟབ་མོ་ནི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱི་བསྟོན་ཏོ། །གཉིས་པ་དོན་གྱི་སྒོ་ནས་རྒྱས་པར་བཤད་པ་ནི། སྐྱེ་བ་དང་ནི་འགག་པ་དང༌། དེ་བཞིན་ཉིད་དང་ཤེས་བྱ་དང༌། །ཤེས་དང་སྤྱོད་དང་གཉིས་མེད་དང༌། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་པ་ལ་སེམས་བསྐྱེད་སྔ་མ་འགགས་པ་ནི་ཕྱིར་མི་སྐྱེ་ཡང་སྔ་མ་འགགས་པ་ལ་བརྟེན་ནས་སེམས་བསྐྱེད་པའི་ཕྱི་མ་སྐྱེ་བ་ཟབ་པ་དང༌། འགག་པ་ལ་འགག་པ་གཅིག་པ་མེད་པས་འགགས་དེ་མི་འགག་པའི་ཕྱིར་འགག་པ་ཟབ་པ་དང༌། ཕྲ་ཞིང་རྟོགས་པར་དཀའ་བས་དེ་བཞིན་ཉིད་ཟབ་པ་དང༌། སེམས་དང་སེམས་ཀྱི་ཆོས་ཉིད་དེ་ཉིད་དང་གཞན་དུ་མེད་པས་ཤེས་བྱ་བདེན་པ་གཉིས་ཟབ་པ་དང༌། མཐོང་བྱ་མཐོང་བྱེད་གཉིས་མེད་པས་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཤེས་པ་ཟབ་པ་དང༌། ཅི་ལ་ཡང་མི་སྤྱོད་པའི་ཚུལ་གྱིས་ཤེར་ཕྱིན་ལ་སྤྱོད་པ་ཟབ་པ་དང༌། དེ་བཞིན་ཉིད་ལ་གནས་པ་ལ་གནས་བྱ་གནས་བྱེད་གཉིས་མེད་པས་ཟབ་པ་དང༌། མཚན་མ་དང་མཚན་མ་མེད་ཀྱི་འགྱུ་བ་ཐམས་ཅད་མེད་ཀྱང་སངས་རྒྱས་ཀྱི་ཆོས་མ་རྫོགས་པར་འཚང་རྒྱ་མི་རྒྱ་བ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ལ་ཟབ་པ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་སྐྱེ་འགག་ལ་སོགས་པའི་ཡིན་ལུགས་ཟབ་མོའི་ཆོས་ཉིད་རྨི་ལམ་དང་མཚུངས་པ་ནི་དངོས་པོར་ཞེན་པའི་བློ་ལས་འདས་པའི་ཕྱིར་ཟབ་པ་ཉིད་དུ་བསྟན་ཏོ། །དེ་རྣམས་ཀྱིས་སློབ་པའི་ཕྱིར་མི་ལྡོག་པའི་ཚོགས་ཞེས་པ་དེ་བཤད་ཟིན་ཏོ། ། ༡༡༽སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་བཤད་པ། ད་ནི་སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་ཞེ་གཉིས་པར་བྱང་ཆུབ་སེམས་དཔའ་ཉིན་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པར་ཤེར་ཕྱིན་བསྒོམས་པ་འཕེལ་ན་རྨི་ལམ་སྒོམས་པས་ཀྱང་འཕེལ་ལོ་ཞེས་སོགས་ཀྱི་དོན། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་པར་མི་རྟོག་པ། །ལས་མེད་ལ་སོགས་གླན་ཀ་ཡི། །ལན་ནི་ཇི་སྐད་བཤད་པ་ཟད། །ཅེས་པ་ལ་སད་པ་དང་རྨི་ལམ་ཁྱད་མེད་པའི་བྱང་ཆུབ་སེམས་དཔའ་སྲིད་ཞིས་བསྡུས་པའི་ཆོས་རྣམས་དངོས་པོ་མེད་པ་རྨི་ལམ་དང་འདྲ་བར་མཐོང་བའི་ཕྱིར། སྲིད་དང་ཞི་བའི་དངོས་པོ་ཐ་དད་པར་མི་རྟོག་པ་ནི་སྲིད་ཞི་མཉམ་པ་ཉིད་ཡིན་ནོ། །ཐམས་ཅད་རྨི་ལམ་དང་འདྲ་ན་ལས་མེད་པ་དང་ལ་སོགས་པ་ཤེར་ཕྱིན་སྒོམ་པ་དང་བྱང་ཆུབ་ཏུ་བསྔོ་བ་མེད་པར་འགྱུར་ཞེས་པའི་ཀླན་ཀའི་ལན་ནི་ཤཱ་རིའི་བུས་སྨྲས་པ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོགས་པའི་མི་འབྲི་བར་འགྱུར་བ་མེད་དོ། །ཞེས་དང༌། སད་ནས་རྟོག་ན་ནི་དེ་ལ་སོགས་པའམ་འབྲི་བར་ཡང་འགྱུར་རོ། །ཞེས་སོགས་མདོ་ལས་ཇི་སྐད་བཤད་ཟིན་ཏོ། །དོན་ནི་རྨི་ལམ་ལ་དངོས་པོ་མེད་པས་ལས་མེད་ལ་སད་ནས་རྟོག་ན་ནི་སད་དུས་ཀྱི་བློ་དེ་ལས་སོགས་པ་དང༌། ཐམས་ཅད་རྨི་ལམ་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ལ་ཤེར་ཕྱིན་བསྒོམ་པ་དང་བསྔོ་བ་ཡོད་མེད་ཀྱིས་སྦྲོས་བ་དང་བྲལ་ཞེས་པ་མདོའི་དགོངས་བར་སྣང་ངོ༌། །འཕགས་པ་འཇམ་དཔལ་གྱི་ཞལ་སྔ་ནས་ཀྱང༌། སེམས་ཅན་ཕན་ལས་བསོད་ནམས་དང༌། །སེམས་ཅན་གནོད་ལས་སྡིག་པ་སྟེ། །ཕན་དང་གནོད་པ་རྣམས་མེད་ན། །ལས་མེད་འབྲས་མེད་པའོ། །ཞེས་གསུངས་པས། རྒྱལ་བ་སྲས་བཅས་རྣམས་དགོངས་པ་གཅིག་ཏུ་བྱུང་ངོ༌། །ལ་ལ་དག་གིས་རྨི་ལམ་སེམས་ནི་གཉིད་ཀྱིས་ཉམས། ཞེས་སོགས་ལ་ཀྱོག་བཤད་བྱས་ནས་རྨི་ལམ་དུ་ལ་སོགས་པར་བཤད་པ་ནི་འདི་རྣམས་དང་འགལ་ལོ། །དེ་རྣམས་ཀྱིས་སྲིད་དང་ཞི་བ་མཉམ་ཉིད་དང་ཞེས་པ་དེ་བཤད་ཟིན་ཏོ།