ཕར་ཕྱིན་མདོ་ལུགས་མ།

། ཤེར་ཕྱིན་ཟབ་མོ་འདི་མཁས་ཤིང་འཛངས་པས་དམིགས་ཤིང་རིག་པར་བྱ་བ་སྔར་ཁྱད་པར་གྱིས་མཚན་ཉིད་ཀྱི་སྐབས་སུ་བསྟན་པ་གང་ཡིན་པ་དེ་ཉིད་དང༌། གཟུང་འཛིན་ཐམས་ཅད་བྲལ་བས་འཇིག་རྟེན་ཐམས་ཅད་བྲལ་བས་འཇིག་རྟེན་ཐམས་ཅད་ཡིད་ཆེས་པར་དཀའ་བའི་ཆོས་འཇིག་རྟེན་ཐམས་ཅད་མི་མཐུན་པ་དང༌། འཇིག་རྟེན་དང་མི་མཐུན་ཡང་སྦྱིན་སོགས་རྣམ་བྱང་གི་ཆོས་ཐམས་ཅད་དང་མཐུན་པའི་ཆོས་ནི་གཟུགས་སོགས་ལ་ཐོགས་པ་མེད་པ་དང༌། དེ་བཞིན་ཉིད་ཀྱི་ཤེར་ཕྱིན་ཟབ་མོའི་ཆོས་འདི་ལ་དངོས་པོའི་རྟེན་ནམ་གཞི་མེད་པ་དང༌། འཕགས་པ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱི་ངོ་བོ་གྱུར་པའི་ཤེར་ཕྱིན་འདི་ལ་སྤྲོས་བཅས་ཀྱི་འགྲོ་འོང་མེད་པ་དང༌། སྐྱེ་བའི་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། རབ་འབྱོར་གྱི་ངོ་བོར་གྱུར་པའི་ལམ་ཤེས་ཀྱི་ཤེར་ཕྱིན་འདི་ཆོས་གང་གི་ཡང་རྗེས་སུ་སྐྱེ་བ་མེད་པ་དང༌། ཆོས་དབྱིངས་ཟབ་མོའི་ཤེར་ཕྱིན་འདི་ལ་མཚན་མའི་ཚུལ་གྱིས་གཟུགས་སོགས་དང་དེའི་དེ་བཞིན་ཉིད་ནི་མི་དམིགས་པ་དང༌། མཚན་ཉིད་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་རིལ་པོ་གཅིག་ཏུ་གྱུར་པ་འདིས་མཚན་གཞི་ལ་ཐ་དད་པ་ལྟ་བུར་མཚོན་བྱ་ལམ་ཤེས་ཀྱི་ངོ་བོ་ཉིད་མཚོན་པར་བྱེད་པས་ནི། སྦྱིར་མཚན་ཉིད་བཞི་སྟོན་པའི་སྐབས་ཡིན་པ་ལ། སྔར་གསུམ་བཤད་ནས་ངོ་བོ་ཉིད་ཀྱི་མཚན་ཉིད་འདི་བཞི་པར་བཤད་པ་ཡིན་ནོ། །ཁ་ཅིག་གིས་ངོ་བོ་ཉིད་འདི་རྣམ་མཁྱེན་གསུམ་ལ་སོ་སོར་སྦྱར་ནས་འཆད་པ་ནི་ཤེས་བྱེད་ཡིད་ཆེས་པ་མི་སྣང་ངོ༌། །སྤྱིར་མཚན་ཉིད་དེ་རྣམས་ཀྱིས་སྦྱོར་བ་མཚོན་པ་དང་ཁྱད་པར་ངོ་བོ་ཉིད་ཀྱི་བཅུ་དྲུག་གིས་མཁྱེན་གསུམ་གྱི་སྦྱོར་བ་མཚོན་པར་འཆད་པ་ནི་མདོ་དང་གཞུང་གི་དོན་ལས་གོལ་བ་ཡིན་ནོ། །དེས་ན་མཁྱེན་པ་གསུམ་ག་བསྒོམ་པའི་སྦྱོར་བ་དེ་ཉིད་མཁྱེན་པ་གསུམ་ག་སྒོམ་པའི་སྦྱོར་བ་ཡིན་པས་མཁྱེན་གསུམ་གྱི་སྦྱོར་བ་སོ་སོར་ངེས་པ་མེད་པའི་ཕྱིར་དེ་དག་གི་སྦྱོར་བ་སོ་སོར་མཚོན་པའི་མཚན་ཉིད་ནི་རྒྱལ་བ་དང༌། རྒྱལ་ཚབ་ལ་སོགས་པ་ཆོས་ཀྱི་བདག་པོ་རྣམས་ཀྱིས་མ་གསུངས་སོ། །འོ་ན་སྐབས་གསུམ་པ་དང༌། འདིར་བཤད་པའི་ཁྱད་པར་ཅི་ཞེ་ན། དེ་ནི་དགོས་པ་དང༌། གདུལ་བྱ་གཞན་དང་གཞན་ལ་བརྟེན་ནས་སྦྱོར་བའི་དོན་གཅིག་ཉིད་ཟློས་ནས་གསུངས་པ་ཡིན་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། སླར་ཡང་དོན་གཞན་ལ་བརྟེན་ནས་དོན་དེ་ཉིད་ནི་ཟློས་པ་ཡིན། ཞེས་གསུངས་པའི་དོན་ཏོ། །དེ་བཞིན་དུ་སྦྱོར་ལམ་དང་མཐོང་བསྒོམ་ལ་སོགས་པ་ཡང་ཡང་གསུངས་པ་རྣམས་ཀྱང་དགོས་པའི་དབང་གིས། སྒྲ་མ་ཟློས་ཀྱང༌། དོན་བཟློས་པ་ཡིན་པར་ཤེས་པར་བྱའོ། །ཟློས་པ་ལ་ཡང་སྒྲ་ཟློས་པ་དང༌། དོན་ཟློས་པ་དང༌། སྐྱོན་ཅན་དང་སྐྱོན་མེད་དེ་བཞི་ཡོད་པར་རྟོགས་པ་དགོས་སོ། །དེ་རྣམས་ཀྱིས་མཚན་ཉིད་བཅས་ཞེས་པ་སྟེ་བཤད་ཟིན་ཏོ། ། ༧༽ཚོགས་ལམ་ཀྱི་ངོ་བོ་ཐར་པ་ཆ་མཐུན་བཤད་པ། ད་ནི་ཚོགས་ལམ་ཀྱི་ངོ་བོ་ཐར་པ་ཆ་མཐུན་བཤད་པར་བྱའོ། །མདོ་ལས། མཚན་མ་དང་བྲལ་བར་སྦྱིན་སོགས་སྦྱོང་ཞིང་སྒོམ་པ་ནི་ཐབས་མཁས་པའོ། །ཞེས་སོགས་ཀྱི་དོན་དང༌། ཐབས་མཁས་པ་བསྟན་པ་དང༌། ཆོས་ལྔ་བཤད་པ་གཉིས་ལས་དང་པོ་ནི། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཡང་དག་སྒྲུབ་ལ་མཁས་པ་ནི། །རྣམ་པ་ཐམས་ཅད་རྟོགས་འདི་ལ། །ཐར་པའི་ཆ་དང་མཐུན་པར་འདོད། །ཞེས་པ་ལ་མཚན་མ་མེད་པའི་རབ་ཏུ་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ཡང་དག་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཐབས་ལ་མཁས་པ་ཚོགས་ལམ་གྱི་ངོ་བོ་ནི། གཞི་ཤེར་ཕྱིན་ཆོས་ཀྱི་དབྱིངས་ཟབ་མོའི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་ཐམས་ཅད་མངོན་སུམ་དུ་རྫོགས་པར་རྟོགས་པའི་སྦྱོར་བ་སྟོན་པའི་སྐབས་འདི་ལ། ཐར་པའི་ཆ་དང་མཐུན་པར་འདོད་ཅིང་བསྟན་ཏོ། །གཉིས་པ་དད་སོགས་ཆོས་ལྔ་བཤད་པ་ནི། སངས་རྒྱས་སོགས་དམིགས་དད་པ་དང༌། ། སྦྱིན་སོགས་སྦྱོད་ཡུལ་བརྩོན་འགྲུས་དང༌། །བསམ་པ་ཕུན་ཚོགས་དྲན་པ་དང༌། །རྣམ་པར་མི་རྟོག་ཏིང་འཛིན་དང༌། །ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ་དང་རྣམ་ལྔ། །རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། ཞེས་པ་ལ་སངས་རྒྱས་ལ་སོགས་པ་དཀོན་མཆོག་གསུམ་དང་ཐེག་ཆེན་གྱི་ཆོས་ལ་དམིགས་པའི་དད་པ་ཕུན་སུམ་ཚོགས་པ་དང༌། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པའི་ཡུལ་ཅན་གྱི་བརྩོན་འགྲུས་ཕུན་སུམ་ཚོགས་པ་དང༌། ཐོས་པའི་ཆོས་ཀྱི་ཚིག་དོན་མི་བརྗེད་པ་འཛིན་པ་བསམ་པའི་ཤེས་རབ་ཕན་སུམ་ཚོགས་པའི་དྲན་པ་དང༌། སྒོམ་པའི་ཤེས་རབ་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང༌། བདེན་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱི་ཡིན་ལུགས་ཀྱི་རྣམ་པ་ཐམས་ཅད་ཕྱིན་ཅི་མ་ལོག་པ་ཉིད་དུ་ཤེས་པའི་ཤེས་རབ་དང་རྣམ་པ་ལྔ་ཡིན་ནོ། །གང་གི་ཕྱིར་མཚན་འཛིན་དང་བཅས་བས་དད་སོགས་དེ་དག་དབང་པོ་རྟུལ་པོའི་ལམ་དང་མཚན་འཛིན་དང་བྲལ་བས་དད་སོགས་དེ་དག་དབང་པོ་རྣོན་པོའི་ལམ་དུ་འགྱུར་བ་དེའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མཚན་མ་དང་དམིགས་པ་མེད་པར་སྦྱོར་པའི་དབང་པོ་རྣོན་པོ་ཐབས་ལ་མཁས་པ་ཡིས་རྟོགས་པར་སླ་བ་དང་དམིགས་པ་དང་མཚན་མ་ལ་སྤྱོད་པའི་དབང་པོ་རྟུལ་པོ་ཐབས་ལ་མཁས་པ་དང་བྲལ་བས་རྟོགས་པར་དཀའ་བར་བཞེད་དོ། །བླ་མེད་བྱང་ཆུབ་ཀྱི་ངོ་བོར་གྱུར་པའི་གཟུགས་སོགས་ཆོས་ཐམས་ཅད་དམིགས་པ་དང་མཚན་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཐར་དང་ཞེས་པ་ཏེ། བཤད་ཟིན་ཏོ། ། ༨༽སྦྱོར་ལམ་གྱི་ངོ་བོ་ངེས་འབྱེད་ཆ་མཐུན་བཤད་པ། ད་ནི་སྦྱོར་ལམ་གྱི་ངོ་བོར་ངེས་འབྱེད་ཆ་མཐུན་བཤད་པར་བྱ་སྟེ། དེ་ལ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་དེ་བཞི་རིམ་པ་ལྟར་འབྱུང་བ་ནི་མདོ་ལས། སེམས་ཅན་ཐམས་ཅད་ལ་མཉམ་པ་དང༌། བྱམས་པ་དང༌། སྙིང་རྗེའི་སེམས་ཀྱིས་དམིགས་པར་བྱའོ། །ཞེས་སོགས་ཀྱི་དོན། དྲོ་བ་རྣམས་ཀྱིས་དམིགས་པ་འདིར། །སེམས་ཅན་ཐམས་ཅད་ཡིན་པར་བསྔགས། །དེ་དག་ཉིད་ལ་སེམས་མཉམ་སོགས། །རྣམ་པ་དག་ནི་བཅུར་བཤད་དོ། །བདག་ཉིད་སྡིག་པ་ལས་ལྡོག་ཅིང༌། །སྦྱིན་ལ་སོགས་ལ་གནས་པས་གཞན། །དེ་དག་ལ་ནི་འགོད་པ་དང༌། །བསྔགས་པ་བརྗོད་དང་མཐུན་པ་ཉིད། །རྩེ་གྱུར་དེ་བཞིན་བཟོད་པ་ནི། །རང་གཞན་རྟེན་ཅན་བདེན་ཤེས་པ། ཆོས་མཆོག་དེ་བཞིན་སེམས་ཅན་རྣམས། །སྨིན་བྱེད་སོགས་ཀྱིས་ཤེས་པར་བྱ། །ཞེས་པ་ལ་སྦྱོར་ལམ་དྲོ་བ་ཆུང་ངུ་འབྲིང་ཆེན་པོ་རྣམས་ཀྱི་དམིགས་པ་ནི་སྐབས་འདིར་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་པ་སྟེ་བསྟན་པའི་ཕྱིར། སྐབས་དང་པོར་བསྟན་པ་དང་མི་གཅིག་གོ །སེམས་ཅན་དེ་དག་ཉིད་ལ་ཚུལ་ཇི་ལྟར་དམིགས་ནས། བྱང་ཆུབ་ཀྱི་སེམས་རང་གཞན་མཉམ་པ་ཉིད་དམིགས་པ་དང༌། བྱམས་སྙིང་རྗེའི་སེམས་དང༌། ང་རྒྱལ་དང་གཡོ་བ་མེད་པའི་སེམས་དང༌། ཕན་པའི་སེམས་དང༌། ཁོང་ཁྲོ་མེད་ཅིང་མི་འཚེ་བའི་སེམས་དང༌། ཕ་མའི་སེམས་དང༌། ཕུ་ནུའི་སེམས་དང༌། གྲོགས་པོའི་སེམས་དང༌། གཉེན་གྱི་སེམས་དང༌། རུས་གཅིག་པའི་སེམས་ཀྱིས་དམིགས་པ་ལ་སོགས་པ་དམིགས་ཚུལ་གྱི་རྣམ་པར་དག་ནི་བཅུར་བཤད་དོ། །སྦྱོར་ལམ་རྩེ་མོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བདག་ཉིད་མི་དགེ་བ་བཅུའི་སྡིག་པ་ལས་ལྡོག་ཅིང་སྦྱིན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་གནས་པས། སེམས་ཅན་གཞན་སྡིག་པ་སྤོང་བ་དང༌། སྦྱིན་སོགས་སྤྱོད་པ་དེ་དག་ལ་ནི་འགོད་པ་དང༌། སྡིག་པ་སྤོང་བ་དང་སྦྱིན་སོགས་དེ་དག་གི་བསྔགས་པ་བརྗོད་པ་དང༌། སྡིག་པ་སྤངས་པ་དང་སྦྱིན་སོགས་ལ་སྤྱོད་པར་བྱེད་བཞིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཉིད་རྩེ་མོར་གྱུར་པ་ཡིན་ནོ། །རྩེ་མོར་རང་གཞན་གཉི་གའི་དོན་ལ་བརྩོན་པ་དེ་བཞིན་དུ་སྦྱོར་ལམ་བཟོད་པ་ནི་རང་ཉིད་སྡུག་བསྔལ་ཤེས་པར་བྱེད། ཀུན་འབྱུང་སྤོང་བར་བྱེད། འགོག་པ་མངོན་སུམ་དུ་བྱེད། ལམ་བསྒོམ་པར་བྱེད་པ་དང༌། སེམས་ཅན་གཞན་ཡང་དེ་དག་ལ་བསྐུལ་ཞིང་འགོད་པ་དང༌། དེ་དག་གི་ལེགས་པ་བརྗོད་པ་དང༌། གཞན་དང་དེ་དག་ལ་ཞུགས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པའི་ཕྱིར། རང་གཞན་གཉིས་ཀ་ལ་བརྟེན་པ་ཅན་གྱི་བདེན་པ་བཞིའི་ཡུལ་ཅན་གྱི་ཤེས་པ་ཡིན་ནོ། །སྦྱོར་ལམ་ཆོས་མཆོག་ཀྱང༌། རྩེ་མོ་དང་བཟོད་པ་དེ་བཞིན་དུ་རང་ཉིད་སེམས་ཅན་རྣམས་སྨིན་པར་བྱེད་སོགས་པས་བསྡུས་པ་སངས་རྒྱས་ཀྱི་ཞིང་དག་བར་བྱེད། མངོན་ཤེས་དང༌། རྣམ་མཁྱེན་གྱི་ཡེ་ཤེས་བསྐྱེད་པར་བྱེད། ཆོས་ཕུན་སུམ་ཚོགས་པ་དང༌། དམིགས་པའི་ཆོས་གནས་པའི་འཛིན་པ་འཛིན་པར་བྱེད། གཞན་ཡང་དེ་དག་ལ། བསྐུལ་ཞིང་འགོད་པ་དང༌། དེ་དག་གི་ལེགས་པ་བརྗོད་པ་དང༌། གཞན་གང་དེ་དག་ལ་ཞུགས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཞེས་བྱ་བ་རྣམས་ཀྱིས་ཤེས་པར་བྱའོ། །དེ་རྣམས་ཀྱིས་ངེས་འབྱེད་ཆ་མཐུན་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༩༽ཐེག་ཆེན་ལ་སློབ་པའི་ཕྱིར་མི་ལྡོག་གི་དགེ་འདུན་གྱི་ཚོགས་བཤད་པ། ད་ནི་ཐེག་ཆེན་ལ་སློབ་པའི་ཕྱིར་མི་ལྡོག་གི་དགེ་འདུན་ཀྱི་ཚོགས་བཤད་པར་བྱ་སྟེ། དེ་ལ་སྦྱོར་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་དང༌། མཐོང་ལམ་པའི་ཕྱིར་མི་ལྡོག་པའི་རྟགས་དང༌། བསྒོམ་ལམ་གྱི་རང་བཞིན་བཤད་པ་དང་གསུམ་ཡོད་པ་ལ། སྦྱིར་བསྡུས་ཏེ་བསྟན་པ་དང༌། སོ་སོར་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ཉི་ཁྲིའི་ལེའུ་སོ་དགུ་པར། དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་ཞུགས་ནས་དོན་དང་ལྡན་པར་སྨྲ་ཞིང༌། ལེགས་བཤད་ཚོལ་བའི་རྣམ་པ་དང་ཚུལ་དང་མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རིག་པར་བྱའོ། །ཞེས་པའི་དོན། ངེས་འབྱེད་ཡན་ལག་ནས་བཟུངས་ཏེ། མཐོང་དང་གོམས་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པ་ལ་ངེས་པར་འབྱེད་པའི་ཡན་ལག་སྦྱོར་ལམ་ནས་ཐོག་མ་བཟུངས་ཏེ། མཐོང་བའི་ལམ་དང༌། སྒོམ་པ་གོམས་པ་བྱེད་པའི་ལམ་དག་ལ་འཆད་འགྱུར་གྱི་རྟགས་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་དག་ནི་སྐབས་འདིར་ཐེག་ཆེན་ལ་སློབ་པའི་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་ཡིན་ནོ། ། གཉིས་པ་ལ་གསུམ་ལས་ཐོག་མར་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་རྟགས་འཆད་པ་ལ་བསྟན་པ་དང༌། བཤད་པ་གཉིས་ལས། དང་བོ་ནི། གཟུགས་ལ་སོགས་ལས་ལྡོག་སོགས་རྟགས། རྣམ་པ་ཉི་ཤུ་བརྗོད་པ་ཡིས། ངེས་འབྱེད་ཡན་ལག་ལ་གནས་པའི། ཕྱིར་མི་ལྡོག་པའི་མཚན་ཉིད་འདི། ཞེས་པ་ལ། གཟུགས་ལ་སོགས་པ་ལས་ལྡོག་པ་དང༌། ཐེ་ཚོམ་དང༌། མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་ཉི་ཤུ་མདོ་ལས་བརྗོད་ཅིང་བསྟན་པ་ཡིས། ངེས་འབྱེད་ཡན་ལག་གནས་པའི་བྱང་ཆུབ་སེམས་དཔའ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་མཚན་ཉིད་འདི་བསྟན་པ་འདི་ལྟ་སྟེ། གཉིས་པ་མདོ་ལས་གཟུགས་སོགས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་འབྲེལ་ལས་ལྡོག་པ་དེ་ནི་བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་ཀྱི་དོན། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ཐེ་ཚོམ་མི་དལ་ཟད་པ་དང༌། །བདག་ཉིད་དགེ་བ་ལ་གནས་ཤིང༌། །གཞན་དག་དེ་ལ་འགོད་པ་དང༌། །གཞན་གྱི་རྟེན་ཅན་སྦྱིན་སོགས་དང༌། །ཟབ་མོའི་དོན་ལའང་སོམ་ཉི་མེད། །བྱམས་ལུས་སོགས་དང་སྒྲུབ་པ་ནི། །རྣམ་པ་ལྔ་དང་མི་འགྲོགས་དང༌། །བག་ལ་ཉལ་ཀུན་འཇོམས་པ་དང༌། །དྲན་པ་དང་ནི་ཤེས་བཞིན་དང༌། །གོས་ལ་སོགས་པ་གཙང་བ་དང༌། ། ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །གྱ་གྱུ་མེད་སེམས་སྦྱངས་པ་ནི། །ལེན་དང་སེར་སྣ་མེད་སོགས་དང༌།། ཆོས་ཉིད་ལྡན་པར་འགྲོ་ཉིད་དང༌། །སེམས་ཅན་དོན་དུ་དམྱལ་བར་ཚོལ། །གཞན་གྱི་དཀྲི་བར་མི་བཏུབ་དང༌། །ལམ་གཞན་ཉེ་བར་སྟོན་བདུད་ལ། །བདུད་ཅེས་བྱ་བར་རྟོགས་པ་དང༌། །སངས་རྒྱས་དགྱེས་པའི་སྤྱོད་པ་སྟེ། །རྟགས་ནི་ཉི་ཤུ་དེ་དག་གིས། །དྲོད་དང་རྩེ་མོ་བཟོད་བཅས་དང༌། །ཆོས་མཆོག་རྣམས་ལ་གནས་པ་ནི། །རྫོགས་པའི་བྱང་ཆུབ་ལས་མི་ལྡོག། ཅེས་པ་གཟུགས་ལ་སོགས་པ་ལ་དངོས་པོར་ཞེན་པ་ལས་ལྡོག་པ་དང༌། ཕྱི་རོལ་པའི་ལྟ་བ་ལ་བཟང་པོ་ཡིན་ནམ་སྙམ་པའི་ཐེ་ཙོམ་དང་མི་དལ་བ་དམྱལ་བ་དང༌། ཡི་དྭགས་དང་དུད་འགྲོ་དང་ལྷ་ཚེ་རིང་པོ་དང་དབང་པོ་མ་ཚང་བ་དང་ཡུལ་མཐའ་འཁོབ་ཏུ་སྐྱེས་པ་དང༌། ལྟ་བ་ལོག་པ་དང༌། སངས་རྒྱས་བྱོན་པ་ལ་དགའ་བར་མི་བྱེད་པ་རྣམས་ཟད་པ་ནི་མི་ཁོམ་པའི་འགྲོ་བར་སྐྱེ་བ་ཟད་པ་དང༌། བདག་ཉིད་དགེ་བ་བཅུ་ལ་གནས་ཤིང་བརྩོན་པ་དང༌། གཞན་དག་དགེ་བ་དེ་ལ་བསྐྲུན་ཞིང་འགོད། དགེ་བ་དེ་དག་གི་ལེགས་པ་བརྗོད། དེ་ལ་ཞུགས་པ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་དང་གཞན་གྱི་དོན་ལ་རྟེན་པ་ཅན་གྱི་སྦྱིན་སོགས་སྦྱོད་པ་དང༌། ཐེ་ཙོམ་དུ་འགྱུར་བའི་དངོས་པོའི་གཟུགས་སོགས་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར་གཤིས་ལུགས་ཟབ་མོའི་དོན་ལའང་སོམ་ཉི་མེད་པ་དང༌། བྱམས་པའི་ལུས་དག་ཡིད་གསུམ་དང་ལ་སོགས་པ་བྱམས་པའི་ལུས་ངག་ཡིད་ཀྱི་ལས་དང་ལྡན་པ་དང༌། འདོད་པ་ལ་མོས་པ་དང༌། གནོད་སེམས་དང༌། གཉིད་རྨུགས་དང༌། རྒོད་འགྱོད་ཐེ་ཙོམ་གྱི་སྒྲིབ་པ་རྣམ་པ་ལྔ་དང་མི་འགྲོགས་པ་དང་བག་ལ་ཉལ་བ་ཀུན་འཇོམས་ཤིང་ཐམས་ཅད་དུ་མེད་པ་དང༌། འགྲོ་འོང་ལ་སོགས་པ་ཐམས་ཅད་ཀྱི་ཚེ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པ་དང༌། གོས་ཚགས་ལ་སོགས་པ་གཙང་སྦྲ་དང་ནད་ཉུང་ཞིང་དྲི་ང་བ་མེད་པས་གཙང་བ་དང༌། ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས་མི་འབྱུང་བ་དང༌། །ལུས་ངག་སེམས་གསུམ་རྣམ་པར་དག་ཅིང་ཐེག་པ་འོག་མར་གྱ་གྱུ་མེད་པའི་སེམས་དང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། དགོན་པ་དང༌། བསོད་སྙོམས་པ་དང༌། ཕྱག་དར་ཁྲོད་བ་དང༌། གདན་གཅིག་པ་དང༌། ཟས་ཕྱིས་མི་ལེན་པ་དང༌། དུར་ཁྲོད་པ་དང༌། བླ་གབ་བས་མེད་པ་དང༌། ཤིང་དྲུང་པ་དང༌། ཅོག་བུ་པ་དང༌། གཞི་ཇི་བཞིན་པ་དང༌། ཆོས་གོས་གསུམ་པ་དང༌། ཕྱིང་བ་པ་རྣམས་དེ་དག་དང་དུ་ལེན་ཅིང་སྤྱོད་པ་དང༌། སེར་སྣ་མེད་པ་ལ་སོགས་པ་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་སེམས་མེད་པ་དང༌། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཤེར་ཕྱིན་ལ་བརྟེན་ནས་ཆོས་ཉིད་ཀྱི་ངང་ཚུལ་དང་ལྡན་པར་འགྲོ་ཞིང་སྦྱོར་བ་ཉིད་དང༌། ལས་ཀྱི་དབང་གིས་ངན་འགྲོར་མི་སྐྱེ་ཡང་སེམས་ཅན་གྱི་དོན་དུ་དམྱལ་བ་ཚོལ་བར་བྱེད་པ། དེ་བདུད་ཀྱི་སྦྲུལ་བའི་དམྱལ་བ་བསྟན་པ་ལ་འཁྲུག་ཅིང་དོགས་པ་མེད་པ་དང༌། དགེ་བའི་བཤེས་གཉེན་ལས་གཞན་བདུད་དང་བདུད་ཀྱི་སྤྲུལ་པས་ལམ་ལོག་པར་བཀྲི་བར་མི་བཏུབ་པ་དང༌། ཐེག་ཆེན་གྱི་ལམ་ལས་གཞན་དམན་པའི་ལམ་ཉེ་བར་སྟོན་པའི་བདུད་ཀྱི་སྤྲུལ་བ་དགེ་སློང་གི་ཆ་བྱད་ལ་སོགས་པ་ལ་བདུད་ཅེས་བྱ་བར་རྟོགས་པ་དང༌། སངས་རྒྱས་དགྱེས་པའི་སྦྱོད་པ་དེ་བཞིན་གཤེགས་པས་ཇི་སྐད་བསྟན་པ་ལྟར་སྦྱོད་ཅིང་སྦྱིན་སོགས་ལས་མི་ཉམས་པར་བདུད་ལས་ཐམས་ཅད་རིག་པ་སྟེ། དེ་ལྟར་བསྟན་པའི་རྟགས་ནི་ཉི་ཤུ་པོ་དེ་དག་གང་རུང་དམ་ཕལ་ཆེར་ཚང་པ་དག་གིས་སྦྱོར་ལམ་དྲོད་དང་རྩེ་མོ་བཟོད་པ་དང་བཅས་པ་དང་ཆོས་མཆོག་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་བླ་མེད་རྫོགས་པའི་བྱང་ཆུ་བ་ལས་ཕྱིར་མི་ལྡོག་པར་སྒྲུབ་ཅིང་རྟོགས་པར་བྱའོ། །ཁ་ཅིག་རྟགས་འདི་རྣམས་བགོས་ནས་དྲོད་སོགས་ལ་སོ་སོར་སྦྱོར་བ་ནི་ཡིད་ཆེས་པའི་ཤེས་བྱེད་མི་སྣང་ངོ༌། །རྟགས་འདི་དག་གང་རུང་ངམ་ཕལ་ཆེར་ཚངས་པས་ནི་དྲོད་སོགས་གང་ལ་གནས་ཀྱང་ཕྱིར་མི་ལྡོག་དུ་བསྒྲུབ་ནུས་དེ། མདོ་ལས། རྟགས་རེ་རེ་སྨོས་པའི་རྗེས་སུ་ཡང༌། རྣམ་པ་དང་ཚུལ་དང་མཚན་མ་དེ་དག་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་ཅེས་པ་རེ་རེ་བྱུང་བའི་ཕྱིར་རོ། །དེ་རྣམས་ཀྱིས་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་མཚན་ཉིད་བཤད་ཟིན་ཏོ།