ཕར་ཕྱིན་མདོ་ལུགས་མ།

དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཞེས་སོ། །རྣམ་པ་འདི་རྣམས་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་བདག་ཉིད། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ལམ་ཆོས་སུ་འཆད་པ་དང་བཟང་ངན་དུ་མར་འབྱེད་པ་དང༌། སྒོམ་ཚུལ་སྣ་ཚོགས་ཀྱི་ཆོས་སུ་འཆད་པ་ནི་མདོ་དང་མི་མཐུན་ནོ། །མདོ་ལས། རབ་འབྱོར་ཀྱི་དམ་བཅས་པ་དང་བཅོམ་ལྡན་འདས་ཀྱིས་གཏན་ཚིག་གསུངས་པའི་སྒོ་ནས་ཤེར་ཕྱིན་གཅིག་འབའ་ཞིག་གི་རྣམ་པ་བསྟན་པའི་ཕྱིར་རོ། །བསྟན་བཅོས་སུ་དམ་བཅར་གསུངས་པ་རྣམས་བྱུང་ངོ༌། །སྐབས་འདི་ཉི་ཁྲིའི་ལེའུ་ཉེར་དགུ་པ་ནས་འབྱུང་ངོ༌། །དྲན་པ་ཉེར་བཞག་ལ་སོགས་པ་རྣམས་ཀྱི་སྒོམ་ཚུལ་ཚོགས་སྒྲུབ་ཀྱི་སྐབས་སུ་འཆད་པ་མདོའི་དགོངས་པ་ཡིན་པས། དེར་མདོ་ཇི་ལྟ་བ་བཞིན་དུ་ཞི་བ་ལ་རྒྱས་པར་ཕྱེས་ནས་ཡོད་པ་རྣམས་ལ་བལྟ་བར་བྱའོ། །གཞི་དང་ལམ་དང་འབྲས་བུ་གསུམ་ལས་འདི་ནི་སློབ་པ་ལམ་གྱི་གནས་སྐབས་དང༌། མ་འདྲེས་པ་གཞིའི་ཤེར་ཕྱིན་ཟབ་མོ་དེ་བཞིན་ཉིད་ཀྱི་རྣམ་པ་ཡུལ་མཁྱེན་པ་གསུམ་གྱི་ངོ་བོ་སྟོན་ལ། མཚན་ཉིད་ཀྱི་སྐབས་སུ་འབྲས་བུའི་མཁྱེན་པ་གསུམ་གྱི་ངོ་བོ་སྟོན་ཅིང༌། ལམ་གྱི་མཁྱེན་པ་གསུམ་ནི་སྦྱོར་བ་བཞི་དང་སྒྲུབ་པ་བཞི་ལ་སོགས་པ་ཡིན་ནོ། །སྐབས་དང་པོ་གསུམ་པོ་ནི་རྒྱལ་བའི་ཡུམ་གཅིག་ཉིད་གང་ཟག་གསུམ་གྱི་མངོན་རྟོགས་མི་འདྲ་བ་གསུམ་དང་འབྲེལ་པའི་དབང་གིས་གནས་སྐབས་མི་གཅིག་པ་གསུམ་དུ་བསྟན་ཏོ། །རྣམ་པ་འདི་རྣམས་ལམ་བདེན་གྱི་གནས་སྐབས་ནི་མ་ཡིན་ཏེ། ལམ་གྱི་བདེན་པ་དང་རྗེས་སུ་མཐུན་པར་ཕྱེ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་ཀྱི་དོན་ནི། སློབ་པ་ལམ་གྱི་གནས་སྐབས་དང་མ་འདྲེས་པ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱེ་བྲག་རྣམས་སྟོན་པ་ལ་འདིར་རྣམ་པ་ཞེས་བྱ་བའི་མིང་གི་བྱེ་ཕྲག་དེ་རྣམས་ཀྱི་མཚན་ཉིད་དམ་ངོ་བོ་སྟོན་ཏོ། །དེ་རྣམས་ཀྱང་ཀུན་མཁྱེན་པ་ཉིད་ནི་རྣམ་གསུམ་དུ་ཕྱེ་བའི་ཕྱིར། རྣམ་པར་དེ་རྣམས་ནི་མཁྱེན་པའི་རྣམ་པ་ཚན་པ་གསུམ་དུ་འདོད་ཅིང་སྟོན་ཏོ། ། ༢ རྒྱས་པར་བཤད་པ། གཉིས་པ་རྒྱས་པར་བཤད་པ་ལ་མཁྱེན་པ་གསུམ་ལས།  དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉེར་བདུན་ནི་མེད་པའི་རྣམ་པ་ནས་བཟུང་སྟེ། མི་གཡོ་བའི་རྣམ་པའི་བར། བདེན་པ་སོ་སོ་ལ་བཞི་དང༌། ལམ་ལ་དེ་ནི་བཅོ་ལྔར་བཤད་པ་རྣམས་འདི་ལྟ་སྟེ། ནམ་མཁའ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་མེད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་མཉམ་ཉིད་ཀྱི་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་དབེན་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཐུབ་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པའོ། །ཕུང་པོ་ལྔ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་གནས་མེད་པའི་དང༌། དབུགས་ཕྱི་ནང་དུ་རྒྱུ་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ནམ་མཁའི་དང༌། རྟོག་དཔྱོད་དམིགས་སུ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་བརྗོད་དུ་མེད་པའི་དང༌། མིང་བཞིའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར། །ཤེར་ཕྱིན་འདི་ནི་མིང་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་ཀུན་འབྱུང་གི་བདེན་པའི་རྣམ་པའོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འགྲོ་བ་མེད་པའི་དང༌། ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་དང༌། ཤེར་ཕྱིན་འདི་ནི་མི་འཕྲོག་པའི་དང༌། ཆོས་ཐམས་ཅད་བྱང་ཞིང་ཟད་པའི་ཕྱིར༌། ཤེར་ཕྱིན་འདི་ནི་སྐད་ཅིག་མ་མེད་པའི་དང༌། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྐྱེ་བ་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བཞི་ནི་འགོག་པའི་བདེན་པའི་རྣམ་པའོ། །བྱེད་པ་པོ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་བྱེད་པ་པོ་མེད་པའི་དང༌། ཤེས་པ་པོ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཤེས་པ་པོ་མེད་པའི་དང༌། སྐྱེ་འཆི་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འཕོ་བ་མེད་པའི་དང༌། ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འཇིག་པ་མེད་པའི་དང༌། རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྨི་ལམ་གྱི་དང༌། ཉན་པ་དང་བརྗོད་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྒྲ་བརྙན་གྱི་དང༌། མེ་ལོང་གི་བཞིན་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མིག་ཡོར་གྱི་དང༌། ཆུུ་བབ་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྨིག་རྒྱུ་ཡི་དང༌། མཚན་མ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྒྱུ་མའི་དང༌། མ་རིག་པའི་མུན་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྨོངས་པ་མེད་པའི་དང༌། ཉོན་མོངས་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉོན་མོངས་མེད་པའི་དང༌། ཉོན་མོངས་པ་མེད་པའི་ཕྱིར་འདི་ནི་རྣམ་བྱང་མེད་པའི་དང་གནས་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་དམིགས་སུ་མེད་པའི་དང༌། སྤྲོས་པ་ཐམས་ཅད་བཅོམ་པའི་ཕྱིར། ཤེར་ཕྱིན་འདི་ནི་སྤྲོས་པ་མེད་པའི་དང༌། རློམ་སེམས་ཐམས་ཅད་བཅོམ་པའི་ཕྱིར། ཤེར་ཕྱིན་འདི་ནི་རློམ་སེམས་མེད་པའི་དང༌། ཆོས་ཀྱི་དབྱིངས་གནས་པའི་ཕྱིར། ཤེར་ཕྱིན་འདི་ནི་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པ་སྟེ་བཅོ་ལྔ་ནི་ལམ་གྱི་བདེན་པའི་རྣམ་པའོ། ། གཉིས་པ་ལམ་ཤེས་པ་ཉིད་ཀྱི་རྣམ་པ་བཅུ་དྲུག་ནི། རྒྱུ་དང་ལམ་དང་སྡུག་བསྔལ་དང༌། འགོགས་པ་ལ་ནི་གོ་རིམས་བཞིན། །དེ་དག་བརྒྱད་དང་བདུན་དང་ནི། །ལྔ་དང་བཅུ་དྲུག་ཅེས་བསྒྲགས་སོ། ། ཆོས་ཐམས་ཅད་མ་ནོར་བར་འཚང་རྒྱ་བར་བྱེད་པའི་ཕྱིར་འདི་ནི་འདོད་ཆགས་དང་བྲལ་བའི་དང༌། ཆོས་ཐམས་ཅད་རྟོག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཀུན་ནས་ལྡང་བ་མེད་པའི་དང༌། ཆོས་ཐམས་ཅད་མཚན་མ་མེད་ཅིང་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཞི་བ་དང༌། འདོད་ཆགས་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་འདོད་ཆགས་མེད་པའི་དང༌། ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར། ཤེར་ཕྱིན་འདི་ནི་ཞེ་སྡང་མེད་པའི་དང༌། མི་ཤེས་པའི་མུན་པ་ཐམས་ཅད་སེལ་བའི་ཕྱིར། ཤེར་ཕྱིན་འདི་ནི་གཏི་མུག་མེད་པའི་དང༌། རྟོག་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉོན་མོངས་པ་མེད་པའི་དང༌། སེམས་ཅན་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སེམས་ཅན་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། བརྒྱད་ནི་རྒྱུ་ཀུན་འབྱུང་གི་རྣམ་པའོ། །ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྤངས་པའི་དང༌། མཐའ་རྣམ་པར་སྤོང་བའི་ཕྱིར། ཤེར་ཕྱིན་འདི་ནི་མཐའ་གཉིས་སུ་མི་འགྱུར་བའི་དང༌། ཆོས་ཐམས་ཅད་འདྲེས་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཐ་མི་དད་པའི་དང༌། ཉན་རང་གི་ས་ལ་འདའ་བར་བྱེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཉམས་པ་མེད་པའི་དང༌། རྟོགས་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྟོག་པ་མེད་པའི་དང༌། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་ཚད་མེད་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར༌། ཤེར་ཕྱིན་འདི་ནི་ནམ་མཁའི་ཕ་རོལ་ཏུ་ཕྱིན་པ་སྟེ། བདུན་ནི་ལམ་གྱི་རྣམ་པའོ། །ཆོས་ཐམས་ཅད་འཇིགས་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མི་རྟག་པའི་དང༌། ཆོས་ཐམས་ཅད་ཚོལ་བར་སྦྱོར་བ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྡུག་བསྔལ་གྱི་ཕ་རོལ་དང༌། ཆོས་ཐམས་ཅད་ཆགས་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་བདག་མེད་པའི་དང༌། ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་སྟོང་པ་ཉིད་ཀྱི་དང༌། ཆོས་ཐམས་ཅད་གྲུབ་པ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་མཚན་ཉིད་མེད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ལྔ་ནི་སྡུག་བསྔལ་གྱི་རྣམ་པའོ། །ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་དམིགས་སུ་མེད་པ་དང༌། དབེན་པ་དང༌། དངོས་པོ་མེད་པའི་ཆོས་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ནང་སྟོང་པ་ཉིད་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་དྲུག་ནི་འགོག་པའི་རྣམ་པའོ། ། གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ནི། དྲན་པ་ཉེར་བཞག་ནས་བཟུང་སྟེ། སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །སློབ་མ་བྱང་ཆུབ་སེམས་དཔའ་དང༌། །སངས་རྒྱས་རྣམས་ལ་རིམ་བཞིན་ཏེ། ། སུམ་ཅུ་བདུན་དང་སུམ་ཅུ་བཞི། །སུམ་ཅུ་རྩ་དགུ་དག་ཏུ་བཞེད། །ས་ལ་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར་ཕྱེ་བ་ལ་གསུམ་ལས། སློབ་མའི་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པ། ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སོ་བདུན་ནི། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དང་དགེ་མི་དགེའི་ཆོས་དང༌། རྫུུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང༌། ལམ་དམིགས་སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་བདུན་པོ་དེའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་སོ་བདུན་ནོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་རྣམ་པ། རྗེས་སུུ་མཐུན་པ་ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སོ་བཞི་ནི། དབེན་པ་དང༌། ཞི་བ་དང༌། སྨོན་པ་མེད་པ་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་རྣམ་ཐར་གསུམ་གྱི་དང༌། རྣམ་པར་ཐར་པ་བརྒྱད་དང༌། སྙོམས་འཇུག་དགུ་དང༌། བདེན་པ་བཞི་དམིགས་སུ་མེད་པའི་ཕྱིར། ཤེར་ཕྱིན་འདི་ནི་དེ་དག་གི་དང་སྦྱིན་པ་དང་སེར་སྣ་ལ་སོགས་པར་ཕྱིན་བཅུ་དང་བཟློག །ཕྱོགས་བཅུ་དམིགས་སུ་མེད་པའི་ཕྱིར། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕར་ཕྱིན་བཅུའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་སྟེ། དེ་ལྟར་སུམ་ཅུ་རྩ་བཞིའོ། །གསུམ་པ་སངས་རྒྱས་ཀྱི་རྣམ་མཁྱེན་ཉིད་ཀྱི་རྣམ་པ་དང་རྗེས་སུ་མཐུན་པ་ཡུམ་ཤེར་ཕྱིན་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་སོ་དགུ་ནི། ཆོས་ཐམས་ཅད་ཐུབ་པ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་སྟོབས་བཅུའི་དང༌། ལམ་ཤེས་ཀྱི་ཡེ་ཤེས་ཞུམ་པ་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་མི་འཇིག་པ་བཞི་དང༌། རྣམ་མཁྱེན་ཉིད་ཆགས་ཐོགས་མེད་པའི་ཕྱིར་ཤེར་ཕྱིན་འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་དང༌། ཉན་རང་གི་ཆོས་ཐམས་ཅད་ལས་འདས་པའི་ཤེར་ཕྱིན་འདི་ནི་མ་འདྲེས་བ་བཅོ་བརྒྱད་ཀྱི་དང༌། བརྗོད་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་ཕྱིར། ཤེར་ཕྱིན་འདི་ནི་དེ་བཞིན་གཤེགས་པའི་དང༌། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར། ཤེར་ཕྱིན་འདི་ནི་རང་བྱུང་གི་དང༌། ཆོས་ཐམས་ཅད་འཚང་རྒྱ་བའི་ཕྱིར་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་སངས་རྒྱས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་སུམ་ཅུ་རྩ་དགུའོ། །དེ་རྣམས་བསྡོམས་པས་བརྒྱ་དང་བདུན་ཅུ་རྩ་གསུམ་ནི་རྒྱུ་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་ངོ་བོ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཟབ་མོ་གཅིག་རྣམ་པ་ངོ་བོ་ལ་བཟང་ངན་ལ་སོགས་ཀྱི་ཁྱད་པར་མེད་ཅིང༌། རྣམ་པ་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་སུ་སྣང་བ་པྲ་ཕབ་པ་དང་མཚུངས་པའོ། །དེ་རྣམས་ཀྱི་རྣམ་པ་ཞེས་པ་དེ་བཤད་ཟིན་ཏོ། ། ༢༽སྒོམ་པ་པོའི་གང་ཟག་གི་ཁྱད་པར་བཤད་པ། ད་ནི་གཞི་ཤེར་ཕྱིན་གྱི་ཡུལ་མཁྱེན་པ་གསུམ་པོ་དེ་ལ་རྒྱུ་སྦྱོར་བ་བཞིའི་སློབ་པ་པོའི་གང་ཟག་ཤེར་ཕྱིན་གྱི་གཞུང་ཉན་པ་ལ་སོགས་པའི་སྣོད་ལྡན་ལ་བཤད་པར་བྱའོ། །ཉི་ཁྲིའི་ལེའུ་སུམ་ཅུ་པ་ལས། ཤེར་ཕྱིན་འདི་གང་གི་རྣ་ལམ་དུ་གྲགས་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་པ་དང༌། དགེ་བའི་རྩ་བ་བསྐྱེད་པའོ། །ཞེས་སོགས་ཀྱི་དོན། སངས་རྒྱས་རྣམས་ལ་ལྷག་པར་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། ། ཞེས་པ་ལ་སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་པར་བསྙེན་བཀུར་བྱས་པ་དང༌། སངས་རྒྱས་དེ་ལས་དགེ་བའི་རྩ་བ་བསྐྲུན་ཅིང་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་སྒོ་ནས་མཚན་མགོན་དང་བཅས་པ་ནི་ཤེར་ཕྱིན་ཟབ་མོ་འདི་མཉན་པའི་སྣོད་ལྡན་གྱི་གང་ཟག་ཡིན་ནོ། ། ཤེར་ཕྱིན་ཟབ་མོ་འདི་ཐོས་ནས་མི་སྐྲག་ཅིང་སློབ་པའི་སྣོད་དུ་རུང་བའི་རྒྱུ་གང་ཞེ་ན། སངས་རྒྱས་བརྟེན་དང་ཀུན་འདྲི་དང༌། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་པས། །ལེན་དང་འཛིན་པ་ལ་སོགས་པའི། །སྣོད་དུ་དམ་པ་རྣམ་བཞེད་དོ། །ཞེས་པ་ལ་སྔོན་གྱི་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་དུ་བསྟེན་པ་དང༌། དེ་དག་ལ་ཤེར་ཕྱིན་གྱི་དོན་ཀུན་མ་ཤེས་པར་ལ་འདྲི་ཞིང་ནུས་པའི་སྒོ་ནས་ཤེས་པ་དང༌། སྐལ་པ་མང་པོར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ཕར་ཕྱིན་རྣམས་ལ་སྔར་སྤྱོད་པའི་རྒྱུས། ད་ལྟ་མི་སྐྲག་ཅིང་དད་པས་དང་དུ་ལེན་པ་དང༌། ཚིག་དོན་འཛིན་པ་དང༌། ལ་སོགས་པ་དོན་ཁོང་དུ་ཆུད་པར་བྱེད་པ་དང༌། སྒོམ་པའི་སྣོད་དུ་རུང་བར་དམ་པ་སངས་རྒྱས་ལ་སོགས་པ་རྣམས་བཞེད་དོ། ། ༣༽བསྒོམ་བྱ་སྦྱོར་བའི་ཁྱད་པར་བཤད་པ། ད་ནི་སྣོད་ལྡན་གྱི་གང་ཟག་དེ་ལྟ་བུས་ཡུལ་ཆོས་ཉིད་ཀྱི་མཁྱེན་པ་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་ཀུན་མངོན་སུམ་དུ་རྫོགས་པར་རྟོགས་པའི་རྣལ་འབྱོར་བཤད་པར་བྱ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་ཏེ། གང་གི་ཚེ་གཟུགས་ལ་མི་གནས་དེའི་ཚེ་གཟུགས་ལ་བརྩོན་པར་བྱེད་དོ། །ཞེས་སོགས་ཀྱི་དོན་གཟུགས་ལ་སོགས་ལ་མི་གནས་ཕྱིར། དེ་ལ་སྦྱོར་བ་བཀག་པའི་ཕྱིར། །དེ་ཡི་དེབཞིན་ཉིད་ཟབ་ཕྱིར། །དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། །དེ་དག་ཚད་ནི་མེད་ཕྱིར་དང༌། །ཚོགས་ཆེན་ཡུན་རིང་རྟོགས་པའི་ཕྱིར། །ལུང་བསྟན་ཕྱིར་མི་ལྡོག་ཉིད་དང༌། །ངེས་འབྱུང་བར་ཆད་མེད་བཅས་དང༌། བྱང་ཆུབ་ཉེ་དང་མྱུར་བ་དང༌། །གཞན་དོན་འཕེལ་མེད་འགྲིབ་མེད་ཕྱིར། །ཆོས་དང་ཆོས་མིན་སོགས་མི་མཐོང༌། ། གཟུགས་སོགས་བསམ་མི་ཁྱབ་མི་མཐོང༌། །གཟུགས་སོགས་དེ་ཡི་མཚན་མ་དང༌། །དེ་ཡི་ངོ་བོར་རྣམ་མི་རྟོག །འབྲས་བུ་རིན་ཆེན་སྦྱིན་བྱེད་དང༌། དེ་ནི་དག་པ་འཚམས་དང་བཅས། །ཞེས་པ་འདི་ཐམས་ཅད་སྦྱོར་བར་འཆད་པ་མདོ་དང་མི་མཐུན་ནོ། །མདོ་ལ་སྦྱོར་བ་གཅིག་དང་ལྷག་མ་སྦྱོར་བ་དང་འབྲེལ་ཞིང་སྐབས་སུ་བབ་པའི་གཞན་དང་གཞན་རྣམས་བསྟན་པའི་ཕྱིར་རོ། ། སྐབས་འདིའི་སྦྱོར་བ་ནི་ཤེར་ཕྱིན་ཟབ་མོ་རྣལ་འབྱོར་ཡིན་ལ་དེ་ལ་ཉིན་མཚན་གྱི་རྣལ་འབྱོར་དུ་བྱེད་པ་ཙམ་མ་གཏོགས་པ་རིགས་མི་འདྲ་བ་དུ་མ་ནི། གསུང་རབ་ཁྱད་འཕགས་རྣམས་སུ་གསུངས་པ་མེད་དོ། །དེས་ན་འདིར་གཟུགས་ལ་སོགས་ལ་མི་གནས་ཞེས་སོགས་ཚིག་རྐང་པ་གཉིས་ཀྱི་སྦྱོར་བ་དང༌། དེའི་དེ་བཞིན་ཉིད་ཞེས་པ་ནས་ཚད་ནི་མེད་ཕྱིར་དང་ཞེས་པའི་བར་གྱིས་བསྒོམ་པའི་ཤེར་ཕྱིན་དེ་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པར་སྟོན་ལ། ཚིག་ཆེན་ཞེས་པའི་ཚིག་རྐང་གཉིས་ཀྱིས་ཤེར་ཕྱིན་ཟབ་མོ་དེ་སྣོད་མིན་ལ་བསྟན་པའི་ཉེས་དམིགས་དང་ལུང་བསྟན་ཞེས་པ་ནས་གཞན་དོན་ཞེས་པའི་བར་གྱིས་སྣོད་ལྡན་གྱིས་ཉམས་སུ་བླངས་པའི་ཕན་ཡོན་དང༌། འཕེལ་མེད་ནས་མི་ཁྱབ་མི་མཐོང་གི་བར་གྱིས་ཤེར་ཕྱིན་བསྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚད་དང་གཟུགས་སོགས་རྣམ་པར་མི་རྟོག་གི་བར་གྱིས་ཡུན་རིང་བོ་ནས་ཕར་ཕྱིན་དྲུག་ལ་སྦྱང་པའི་རྟགས་དང༌། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱིས་ཤེར་ཕྱིན་དེས་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྦྱིན་པར་བྱེད་པ་དང༌། དེ་ནི་དག་པ་ཞེས་པས་ཤེར་ཕྱིན་དེ་ཆོས་དག་པ་ཐམས་ཅད་ཀྱི་ཕུང་པོ་ཡིན་པ་དང༌། འཚམས་དང་བཅས་ཞེས་པས་ཤེར་ཕྱིན་ལ་ཆོས་སྤྱོད་ཀྱི་རིམ་པ་ལ་སོགས་པའི་དུས་མཚམས་བསྟན་པ་ཡིན་ནོ། །དེ་ལ་དམིགས་པའི་ཚུལ་གྱིས་མདོ་ལས་གཟུགས་ལ་སོགས་པ། ཆོས་གང་ལ་ཡང་མི་གནས་པའི་ཕྱིར། མཚན་མ་དང་རྣམ་རྟོག་གིས་རང་གི་སྒྲུབ་པ་ལ་སྦྱོར་བ་ཡང་བཀག་པའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་ཤེས་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་གང་ལ་ཡང་མི་གནས་ཏེ། དེ་བས་ན་མི་གནས་པ་ཉིད་དེའི་རྣལ་འབྱོར་དུ་བྱེད་པ་ཞེས་བྱའོ། །ཞེས་དང༌། འགྲེལ་སྔ་མར་ནི་གནས་པ་བཀག་གོ །འདིར་བསྒྲུབ་པ་བཀག་གོ། ཞེས་གསུངས་པའི་དོན་དོ། །གཟུགས་སོགས་དེའི་དེ་བཞིན་ཉིད་ཟབ་པའི་ཕྱིར་ཤེར་ཕྱིན་ཟབ་པ་དང༌། ཆོས་ཉིད་ཀྱི་གཟུགས་སོགས་དེ་རྣམས་གཏིང་དཀའ་བའི་ཕྱིར་ཤེར་ཕྱིན་གཏིང་དཔག་དཀའ་བ་དང༌། ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་ཚད་མེད་པའི་ཕྱིར་ཤེར་ཕྱིན་ཚད་མེད་པ་ཡིན་ནོ། །དེ་ཙམ་དུ་གཏིང་དཔག་དཀའ་བ་དང་རྟོགས་པར་དཀའ་བའི་ཕྱིར་ཤེར་ཕྱིན་འདི་ཐེག་པ་ལ་གསར་དུ་ཞུགས་པའི་སྣོད་མིན་ལ་བཤད་པར་མི་བྱ་སྟེ། བཤད་ན་སྐྲག་ཅིང་མ་དད་པས་ཆོས་སྤོང་གི་ལས་བསགས་པའི་རྒྱུས་ཕྱིས་ཚོགས་ཆེན་པོས་ཀྱང་བླ་མེད་བྱང་ཆུབ་ཡུན་རིང་པོར་རྟོགས་པར་དཀའ་བའི་ཕྱིར་རོ། །ཤེར་ཕྱིན་ཐོས་ནས་མི་སྐྲག་པའི་སྣོད་ལྡན་སངས་རྒྱས་རྣམས་ལ་ལྷགས་པར་བྱས་པའི་བྱང་ཆུབ་སེམས་དཔའ་ནི་སྔར་ལུང་མ་བསྟན་ཡང་རིང་བོར་མི་ཐོག་པར་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་དང༌། ཤེར་ཕྱིན་འདི་ལ་དད་ཅིང་དེ་བཞིན་ནན་ཏན་བྱེད་པ་དེ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཉིད་དང༌། སྐྱེས་བུ་འབྲོག་དགོན་པ་ནས་འབྱུང་བའི་དཔེས་ཤེར་ཕྱིན་འདི་ལ་དད་ཅིང་སློབ་པ་དེ་འཁོར་བའི་འབྲོག་དགོན་པ་ནས་ངེས་པར་འབྱུང་ཞིང་ས་གཉིས་ཀྱི་བར་ཆད་མེད་པ་དང་བཅས་པར་འཚང་རྒྱ་བར་འགྱུར་བ་དང༌། དཔྱིད་ཀྱི་དཔེས་དགེ་བ་སྨིན་ཅིང་ཤེར་ཕྱིན་ལ་སློབ་པ་དེ་བླ་མེད་བྱང་ཆུབ་ལ་ཉེ་བར་གྱུར་པ་དང༌། སྦྲུམ་མ་མྱུར་དུ་བཙའ་བའི་དཔེས་ཤེར་ཕྱིན་འདི་ལ་རབ་ཏུ་དད་ཅིང་སློབ་པ་དེ་མྱུར་དུ་བླ་མེད་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་དང༌། དེ་ལྟར་ཤེར་ཕྱིན་ལ་སློབ་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། བསྡུ་བ་བཞིས་སེམས་ཅན་གཞན་གྱི་དོན་རྒྱ་ཆེན་པོ་བྱེད་པ་དང༌། མདོ་ལས། ཇི་ལྟར་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་བསྒོམ་པ་རྫོགས་པར་འགྱུར་ཞེས་ཞུས་པའི་ལན། གཟུགས་སོགས་ཀྱི་འཕེལ་བ་མཐོང་བ་མེད་པ་དང་འགྲིབ་པ་མཐོང་བ་མེད་པ་དེའི་ཚེ་ཤེར་ཕྱིན་བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་དང༌། ཆོས་དང་ཆོས་མ་ཡིན་པ་དང༌། དུས་གསུམ་ལ་སོགས་པའི་དངོས་པོ་ཐམས་ཅད་མི་མཐོང་བ་དང༌། གཟུགས་སོགས་བསམ་གྱིས་མི་ཁྱབ་པར་བཏགས་པ་ཐམས་ཅད་ཀྱང༌། མི་མཐོང་བ་དེའི་ཚེ་ཤེར་ཕྱིན་རྫོགས་པར་བྱེད་པའོ། ། བྱང་ཆུབ་སེམས་དཔའ་ཡུན་རིང་པོ་ནས་ཕར་ཕྱིན་དྲུག་ལ་སྤྱད་ཅིང་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་རྟགས་ནི། གཟུགས་སོགས་ནི་གཞན་པར་དབང་དང༌། གཟུགས་སོགས་དེའི་མཚན་མ་ཀུན་བཏགས་དང༌། གཟུགས་སོགས་དེའི་ངོ་བོ་ཡོངས་གྲུབ་ལ་དང་པོ་མི་རྟོག་ཅིང་རྗེས་སུ་ཡང་རྣམ་པར་མི་རྟོག་པ་ཡིན་ནོ། །ཤེར་ཕྱིན་འདི་ནི་འདོད་དགུ་ཐམས་ཅད་འབྱུང་བའི་འབྲས་བུའི་ཆོས་རིན་པོ་ཆེ་དགེ་བ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་དྲན་པ་ཉེར་བཞག་ནས་རྣམ་མཁྱེན་གྱི་བར་བྱང་ཆུབ་སེམས་དཔའ་ལ་བསྒྲུབ་ཅིང་སྦྱིན་པར་བྱེད་པ་དང༌། དོན་དམ་གྱི་གཟུགས་སོགས་ཆོས་ཐམས་ཅད་དག་པའི་སླད་དུ་ཤེར་ཕྱིན་དེ་ནི་དག་པའི་ཕུང་པོའོ། །ཤེར་ཕྱིན་བྲི་བ་ལ་སོགས་པ་མྱུར་དུ་བྱ་བ་དང༌། ཟླ་བ་གཅིག་ནས་ལོའི་བར་གྱིས་བྲི་བ་སོགས་བྱ་ན་ཡང་དེ་བཞིན་དུ་བྱའོ། །ཞེས་ཤེར་ཕྱིན་གྱི་ཆོས་སྤྱོད་ཀྱི་དུས་མཚམས་ངེས་པ་དང་བཅས་པ་མདོ་ལས་གསུངས་པའོ། ། དེ་རྣམས་ཀྱིས་སྦྱོར་བར་བཅས་རྣམས་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༤༽ཤེར་ཕྱིན་དེ་ལ་སྤྱོད་པའི་ཡོན་ཏན་བཤད་པ། ད་ནི་ཤེར་ཕྱིན་དེ་ལ་སྤྱོད་པའི་ཡོན་ཏན་བཤད་པར་བྱ་སྟེ། མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ཟབ་མོ་འདི་འདྲི་ཀློག་ཁ་དོན་བྱེད་སྒོམ་པ་ལ་བར་ཆད་བྱེད་པར་མི་ནུས་སོ། །ཞེས་སོགས་ཀྱི་དོན། བདུད་ཀྱི་མཐུ་བཅོམ་ལ་སོགས་པ། །ཡོན་ཏན་རྣམ་པ་བཅུ་བཞིའོ། །ཞེས་པའི་ཡོན་ཏན་འདི་དག་ཡུམ་གྱི་ཆོས་སྦྱོད་ཐམས་ཅད་ཀྱི་ཕན་ཡོན་དུ་མདོ་ལས་གསུངས་པ་སྟེ། བདུད་གྱི་མཐུ་བཅོམ་ཞིང་ནུས་པ་མེད་པ་དང་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པས་མཁྱེན་ཞིང་ལ་སོགས་པ་ཡོན་ཏན་རྣམ་པ་བཅུ་བཞིའོ། །དེ་རྣམས་ཀྱིས་ཡོན་ཏན་ཞེས་པ་རྣམས་བཤད་ཟིན་ཏོ། ། ༥༽བར་ཆད་ཀྱི་སྐྱོན་བཤད་པ།