ཕར་ཕྱིན་མདོ་ལུགས་མ།

ད་ནི་དག་པ་བཤད་པར་བྱའོ། །མདོ་ལས། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ། །ཞེས་པ་ལ་སོགས་པ་ཉི་ཁྲིའི་ལེའུར་ཉེར་དྲུག་པའི་ཕྱེད་ཕྱི་མ་ལ་སོགས་པ་རྣམས་སོ། །དག་པའི་ངོ་བོ་གང་ཞེ་ན། །དེ་ནི་དེ་བཞིན་ཉིད་ཡིན་ཏེ། །ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཅེས་སངས་རྒྱས་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །བྱམས་མགོན་གྱི་ཞལ་སྔ་ནས་ཀྱང༌། དེ་བཞིན་ཉིད་འདི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པ་རྣམ་པར་དག་པ་ཞེས་བྱ་བ་གུད་ན་གང་ཡང་མེད་ཀྱིས། ཆོས་ཉིད་ཀྱིས་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། དེ་ལ་གཟུགས་སོགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ན་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་མཐའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། ། དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་བུ་རྣམ་པར་དག་པ་སྟེ། རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ །དེ་བས་ན་དེ་བཞིན་ཉིད་དང་རྣམ་པར་གྲོལ་བ་དང༌། ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་མེད་དེ་གཅིག་གོ །ཞེས་གསུངས་པ་རྣམས་ཀྱི་དོན། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང༌། །གཅད་དུ་མེད་པས་དག་པར་བརྗོད། །ཅེས་པས་འདིས་གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པའི་རང་བཞིན་རྣམ་དག་སྟོན་ཏོ། །ཉོན་མོངས་ཤེས་བྱ་ལམ་གསུམ་གྱི་ཉམས་ཕྱིར་སློབ་མ་བསེ་རུ་དང༌། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་པ་འདིས་ལམ་བདེན་གྱི་ཆོས་ཉིད་གློ་བུར་གྱི་དྲི་མས་ཀྱང་དག་པར་སྟོན་ཏོ། །ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་པ་འདིས་བསྒོམ་ལམ་ཆུང་འབྲིང་ལ་སོགས་དགུའི་ཆོས་ཉིད་རང་རང་གི་སྤང་བྱའི་ངོ་སྐལ་གྱིས་དག་པ་སྟོན་ནོ། །དེ་ལ་འབྲས་བུ་མྱང་འདས་ཀྱི་ཆོས་ཉིད་རང་བཞིན་གྱིས་དག་པ་དེ་ཆོས་ཉིད་ཀྱི་གཟུགས་ལ་སོགས་རང་བཞིན་གྱིས་དག་པ་དེ་ཉིད་ཡིན་ཏེ། གང་གི་ཕྱིར། གཅིག་པའི་ཕྱིར་གཉིས་སུ་མེད་དེ་ཐ་དད་དུ་དབྱེ་བར་མི་ནུས་པའི་ཕྱིར་གཉིས་སུ་བྱར་མེད་བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པར་མ་ཆད་ཅིང་རྟག་པའི་ཕྱིར་ཐ་མི་དད་པའི་སྒོ་ནས་དེ་གཉིས་ཐ་དད་མ་ཡིན་ཞིང་གཅད་དུ་མེད། གཞོམ་དུ་མེད། གཤིག་ཏུ་མེད་པས་དེའི་ཕྱིར་དག་པའི་ཆོས་ཉིད་དེ་གཉིས་ངོ་བོ་གཅིག་ཡིན་པར་བརྗོད་ཅིང་བསྟན་ཏོ། །སློབ་མ་རྒྱུན་ཞུགས་ནས་དགྲ་བཅོམ་པར་གྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱིས་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱའི་ཉོན་མོངས་ཉམས་ཤིང་མེད་པའི་ཕྱིར་རོ། །བསེ་རུ་ལྟ་བུ་རང་སངས་རྒྱས་ཀྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱིས་སྤང་བྱ་ཉོན་མོངས་དང༌། ཤེས་བྱའི་སྒྲིབ་པ་ཉམས་ཤིང་སྤངས་པའི་ཕྱིར་རོ། །སར་གནས་ཀྱི་རྒྱལ་སྲས་རྣམས་ཀྱི་ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་ལམ་གསུམ་གྱི་སྒྲུབ་པ་ཉམས་ཤིང་དག་པའི་ཕྱིར་རོ། །སངས་རྒྱས་ཀྱི་དེ་བཞིན་དེ་དུས་དང་རྣམ་པ་ཀུན་ཏུ་རྣམ་པར་དག་པ་ཡིན་ཏེ། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་གཏན་ནས་སྤངས་པའི་ཕྱིར་རོ། །ཁམས་གསུམ་ས་དགུ་ནི། སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པའི་དྲི་མའི་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་བསྒོམ་ལམ་གྱི་ཆོས་ཉིད་ནི་རང་རང་གི་ངོ་སྐལ་གྱི་ཆོས་ནི་རང་རང་གི་ངོ་སྐལ་གྱི་སྤང་བྱའི་དྲི་མས་དག་པ་ཡིན་ཏེ། རང་རང་གི་སྤང་བྱའི་གཉེན་པོ་དག་ཅིང་གསལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་དང་སྤང་བྱ་ཆུང་ངུ་གཉེན་པོ་ཆེན་པོས་སེལ་བར་མི་འོས་པའི་ཕྱིར་དང༌། ཁམས་གཅིག་ན་ཡོད་པའི་གཉེན་པོས་ཁམས་གསུམ་ཅན་གྱི་སྒྲིབ་པ་སེལ་བ་ཡང་མི་འཐད་པའི་ཕྱིར་སྒོམ་ལམ་དེ་དག་མི་རིགས་སོ། །ཞེ་ན། དེ་ལ་གླན་ཀ་སྤངས་པ་ཡིས། །ལམ་ནི་འཇལ་དང་གཞལ་བྱ་དང༌། མཉམ་པ་ཉིད་ཀྱིས་ཁམས་གསུམ་གྱི། །གཉེན་པོ་ཉིད་དུ་འདོད་པ་ཡིན། །དྲི་མ་སེལ་ཚུལ་དང་གཉེན་པོར་འགྱུར་ཚུལ་དུ་གཉིས་ཡོད་པ་དེ་ལ་སྐྱོན་བརྗོད་པའི་ལན་གདབ་དགོས་པས། གླན་ཀ་དང་པོ་སྣང་བ་ཆུང་ངུས་མུན་པ་ཆེན་པོ་དང༌། མུན་པ་ཆུང་ངུ་ནི་སྣང་བ་ཆེན་པོས་སེལ་བ་ལ་སོགས་པའི་དཔེས་སྤངས་པ་ཡིས་སྐྱོན་མེད་ལ། ཁམས་གཅིག་ན་ཡོད་པའི་ལམ་ནི་འཇལ་བྱེད་ཡུལ་ཅན་གྱི་ཡེ་ཤེས་དང༌། གཞལ་བྱ་འོད་གསལ་ཆོས་ཀྱི་དབྱིངས་དག་ཡུལ་དང་ཡུལ་ཅན་གཅིག་ཏུ་གྱུར་ཅིང༌། གཉིས་སུ་མེད་པར་མཉམ་པ་ཉིད་དུ་གོམས་པ་ཉིད་ཀྱི་ཁམས་གསུམ་ཅར་གྱི་སྒྲིབ་པ་གཅིག་ཅར་དུ་སེལ་བའི་ཕྱིར་ཁམས་གསུམ་ཅར་གྱི་གཉེན་པོ་གཅིག་ཅར་བ་ཉིད་དུ་འདོད་ཅིང་བསྟན་པ་ཡིན་ནོ། །རྣམ་དག་གི་སྐབས་འདིར། གཞན་དག་གིས་གཞུང་དོན་སྒྲིབ་པའི་བཤད་པ་མང་པོ་བྱས་ཡོད་དོ། །དེ་རྣམས་ཀྱིས་ཤིན་ཏུ་དག་པ་ཞེས། བྱ་བ་འདི་ནི་བསྒོམ་པའི་ལམ། །བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་པ་དེ་བསྟན་ཟིན་ཏོ། །དངོས་པོ་བརྒྱད་ལས་ལམ་ཤེས་ཉིད་ཀྱི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་གཉིས་པའི་འགྲེལ་པའོ། ། གསུམ་པ། གཞི་ཤེས་རྒྱས་པར་བཤད་པ། ༡༽སྲིད་ཞི་ལ་མི་གནས་པའི་ཤེར་ཕྱིན་བཤད་པ། ད་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་སྟེ། ཉི་ཁྲིའི་ལེའུ་ཉེར་བདུན་པའི་སྐབས་སུ་ཚུར་རོལ་གྱི་འགྲམ་མམ། ཕ་རོལ་གྱི་འགྲམ་མམ། གཉིས་ཀྱིདབུས་ན་ཡང་མི་གནས་ན་དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱི་དོན་ཐམས་ཅད་ཤེས་པ་ཉིད་ཀྱི་དངོས་པོ་དགུ་ལས་རིམ་པ་ལྟར་འབྱུང་བ་ནི། ཚུར་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་ཞི་མཉམ་པ་ཉིད་དང༌། དུས་གསུམ་མཉམ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཚུར་རོལ་སྲིད་པའི་མཐའ་དང༌། ཕ་རོལ་ཞི་བའི་མཐའ་དང་སྲིད་ཞི་དེ་དག་གི་པར་ན་ཡང་རྟོག་པ་དང་དམིགས་པའི་ཆོས་ཚུལ་གྱིས་མི་གནས་པ་དེས་དུས་གསུམ་པོ་རྣམས་གཅིག་ཅར་གྱིས་མཉམ་པ་ཉིད་དུ་ཤེས་པའི་ཕྱིར། དེ་ནི་སྲིད་ཞི་དང་དུས་གསུམ་མཉམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་འདོད་ཅིང་བསྟན་ཏོ། །དེ་རྣམས་ཀྱིས་ཤེས་པས་སྲིད་ལ་མི་གནས་ཤིང༌། སྙིང་རྗེ་ཞི་ལ་མི་གནས་དང༌། ཞེས་པ་དེ་དག་བཤད་ཟིན་ཏོ། ། ༢༽ཤེར་ཕྱིན་ཟབ་མོ་དེ་ལ་རིང་བ་དང་ཉེ་བ་བཤད་པ། ད་ནི་ཤེར་ཕྱིན་ཟབ་མོ་དེ་ལ་རིང་བ་དང་ཉེ་བ་བཤད་པར་བྱའོ། །དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །མིང་དང་མཚན་མ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེར་ཕྱིན་ལ་མཚན་མར་དམིགས་པའི་སྒོ་ནས་ཐབས་ལ་མཁས་པ་མ་ཡིན་པས། དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་དེ་རིང་དུ་སྤོང་བ་སྟེ། ཤེར་ཕྱིན་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །ཅིར་ཡང་མི་ཞེན་ཅིང་མི་རྟོག་པའི་ཚུལ་གྱི་དུས་གསུམ་གཅིག་ཆར་ཤེས་པའི་བྱང་ཆུབ་སམེས་དཔའ་དེ་ནི་སྲིད་ཞི་དང་དུས་གསུམ་པ་མཉམ་པ་ཉིད་ཤེས་པའི་ཤེར་ཕྱིན་དང༌། ཉེ་བའི་ཐབས་ལ་མཁས་པ་ཡིས། ཤེར་ཕྱིན་དེ་དང་ཡང་དག་པར་ཉེ་བ་ཉིད་དུ་བཤད་དོ། །དེ་རྣམས་ཀྱིས་ཐབས་མ་ཡིན་པས་རིང་བ་དང༌། ཐབས་ཀྱིས་རིང་བ་མ་ཡིན་དང༌། ཞེས་པ་དེ་དག་བཤད་ཟིན་ཏོ། ། ༣༽ཤེར་ཕྱིན་ཟབ་མོ་དེའི་མི་མཐུན་ཕྱོགས་བཤད་པ། ད་ནི་ཤེར་ཕྱིན་ཟབ་མོ་དེའི་མི་མཐུན་ཕྱོགས་བཤད་པར་བྱ་སྟེ། མདོ་ལས། གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་སོགས་དང༌། དུས་གསུམ་གྱི་ཆོས་རྣམས་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ། །ཞེས་དང༌། དམིགས་པའི་ཚུལ་གྱིས་སྦྱིན་སོགས་དང༌། །དྲན་པ་ཉེར་བཞག་སོགས་ལ་སྤྱོད་ན་ཆགས་པའོ། ། ཞེས་པའི་དོན་གཟུགས་སོགས་ཕུང་པོ་སྟོང་ཉིད་དང༌། དུས་གསུམ་གཏོགས་པའི་ཆོས་རྣམས་དང། ། སྤྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་གསུངས་སོ། ། མཚན་མ་དང་དམིགས་པ་ལ་ཞེན་པའི་ཚུལ་གྱིས། གཟུགས་དང་ཚོར་བ་ལ་སོགས་པའི་ཕུང་པོ་སྟོང་པ་ཉིད་ཅེས་བྱ་བར་འདུ་ཤེས་པ་དང་བ། ཆགས་ཤིང་ཞེན་པའི་ཚུལ་གྱིས་དུས་གསུམ་དུ་གཏོགས་པའི་ཆོས་རྣམས་ལ་འདས་པའི་ཆོས་དང་མ་འོངས་པའི་ཆོས་དང་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་དང༌། དམིགས་པའི་ཚུལ་གྱིས་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་ལ་སྤྱོད་པའི་འདུ་ཤེས་དང༌། དམིགས་པའི་ཚུལ་གྱིས་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྤྱོད་པའི་འདུ་ཤེས་ནི། ཆགས་ཤིང་ཞེན་པའི་སྒོ་ནས་འདུ་ཤེས་ཕྱིན་ཅི་ལོག་ཡིན་པས་དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་ཟབ་མོའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་རྣམས་ཀྱིས་མི་མཐུན་ཞེས་པ་དེ་བཤད་ཟིན་ཏོ། ། ༤༽མཚན་མར་འཛིན་པའི་འདུ་ཤེས་དེའི་གཉེན་པོའི་ཕྱོགས་བཤད་པ། ད་ནི་མཚན་མར་འཛིན་པའི་འདུ་ཤེས་དེའི་གཉེན་པོའི་ཕྱོགས་བཤད་པར་བྱ་སྟེ། མདོ་ལས། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ནི་འདི་སྙམ་དུ། བདག་གིས་སྦྱིན་པ་ཞིག་སྦྱིན་ནོ། །འདི་ལ་སྦྱིན་ནོ། །འདི་ལྟ་བུ་ཞིག་སྦྱིན་ནོ།།སྙམ་དུ་སེམས་པ་མེད་དོ། །ཞེས་སོཊ་ཀྱི་དོན་ནི། སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་འཛུད་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་པ་ཆགས་པ་ཕྲ། །འཁོར་གསུམ་དུ་རྟོག་ཅིང་ཆགས་པས་ནི་ཆགས་པ་མེད་པའི་ཤེར་ཕྱིན་ལ་སྤྱོད་པར་མི་ནུས་པའི་ཕྱིར། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འཁོར་གསུམ་ཏུ་རྟོག་པ་ངར་འཛིན་ཅིང་ཆགས་པ་མེད་པ་ནི་ཆགས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་ནོ། །རང་ཉིད་སྦྱིན་སོགས་ལ་དེ་ལྟར་སྤྱོད་ཅིང་གདུལ་བྱ་གཞན་དག་ཀྱང་འཁོར་གསུམ་དུ་མི་རྟོག་པའི་སྦྱིན་སོགས་ཀྱི་སྤྱོད་པ་ལ་འཛུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆགས་པའི་མཐའ་ཐམས་ཅད་འགོག་པ་ཡིན་པས་ཆགས་པ་ཕྲ་ཞིང་ཕྲ་བ་ཡང་སྤོང་བ་ཡིན་ནོ། །ཆགས་པ་ཕྲ་མོ་དེ་གང་ཞེ་ན། །ཅི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་པའི་ཕྱིར་རོ། །རྒྱལ་བ་སངས་རྒྱས་མཚན་མར་ཡིད་ལ་བྱས་པ་དང༌། སངས་རྒྱས་ཀྱི་དགེ་བའི་མཚན་མར་ཡིད་ལ་བྱས་པ་དང༌། སངས་རྒྱས་དེ་དག་གི་ཉན་ཐོས་ཀྱི་དགེ་བ་ལ་སོགས་མཚན་མར་ཡིད་ལ་བྱས་ནས་བྱང་ཆུབ་ཏུ་བསྔོ་ན་ཆགས་པ་ཕྲ་མོ་ཡིན་ནོ། །ཆགས་པ་དེ་ལྟ་བུས་ཀྱང་མ་གོས་པའི་ཤེར་ཕྱིན་དེ་ནི་ཟབ་པ་ཡིན་ཏེ་གང་གི་ཕྱིར། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་ཀྱི་སྐུའི་ལམ་དུ་གྱུར་པའི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྤྲོས་དང་ཆགས་པས་དབེན་པའི་ཕྱིར་ན་དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་དེ་ཟབ་པ་ཉིད་ཡིན་ནོ། །ཟབ་མོ་དེ་ལྟ་བུ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཅི་ཤེས་པས་ཆགས་པ་ཐམས་ཅད་སྤོང་ཞེ་ན། ཆོས་རྣམས་རང་བཞིན་གཅིག་པ་སྟེ། ཤེས་པས་ཆགས་པ་སྤོང་བ་ཡིན་ནོ། །གཤིས་ལུགས་དོན་དམ་ཡོངས་གྲུབ་ཀྱི་ཆོས་རྣམས་མ་བྱས་པའི་རང་བཞིན་འོད་གསལ་དུ་གཅིག་པ་ནི་མི་རྟོག་ཡེ་ཤེས་ཀྱིས་མངོན་གསུམ་དུ་སོ་སོར་རིག་པའི་ཚུལ་གྱིས་ཤེས་པས་ཆགས་པའི་རྣམ་པ་ཐམས་ཅད་སྤོང་བ་ཡིན་ནོ། །གལ་ཏེ་མཚན་མ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཀྱང་དོན་དམ་པའི་རང་བཞིན་དུ་གཅིག་པའི་ཤེར་ཕྱིན་དེ་རྟོགས་པས་ཆགས་པ་ཐམས་ཅད་སྤོང་ངོ༌། །ཞེ་ན། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོག་པར་དཀའ་བར་བཤད། །མཚན་འཛིན་གྱི་བློས་ཤེར་ཕྱིན་དེ་མཐོང་བ་དང་རྟོག་པ་དང་ཤེས་པ་ལ་སོགས་པ་བཀག་པ་ཡིས། ཤེར་ཕྱིན་ཟབ་མོ་དེ་ནི་དམིགས་པ་ལ་ཆགས་པའི་གང་ཟག་གིས་རྟོགས་པརདཀའ་པར་བཤད་པ་ཡིན་ནོ། །རྟོགས་པར་དཀའ་བ་ཙམ་དུ་མ་ཟད་མཚན་འཛིན་ཅན་གྱི་བསམ་པའི་ཡུལ་ལས་ཀྱང་འདས་པར་སྟོན་པ། གཟུགས་ལ་སོགས་པས་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །མཚན་འཛིན་གྱིས་བསྡུས་པའི་གཟུགས་དང་རྣམ་པར་ཤེས་པ་ལ་སོགས་པས་མི་ཤེས་པའི་ཕྱིར། སྲིད་ཞི་མཉམ་ཉིད་ཀྱི་ཤེར་ཕྱིན་ཟབ་མོ་དེ་ནི་དམིགས་པ་ཅན་གྱི་བསམ་གྱིས་མི་ཁྱབ་པར་འདོད་ཅིང་བསྟན་ཏོ། དེ་དག་གི་མཇུག་བསྡུ་ནི། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །མི་མཐུན་གཉེན་པོའི་ཕྱོགས་དག་གི །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། གོང་དུ་བཤད་པ་དེ་ལྟར་ཀུན་ཤེས་པ་ཉིད་ཀྱི་ལུགས་སམ་སྐབས་ལ། དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་ཟབ་མོའི་མི་མཐུན་པའི་ཕྱོགས་འཁོར་གསུམ་དུ་རྟོགས་པའི་ཆགས་པ་དང༌། ཆགས་པ་དེའི་གཉེན་པོ་འཁོར་གསུམ་དུ་རྣམ་པར་མི་རྟོག་པ་ཤེས་རབ་ཡིན་ལུགས་ཀྱི་ཆོས་ཀྱི་རང་བཞིན་གཅིག་པར་ཤེས་པའི་ཕྱོགས་དག་གི་རྣམ་པར་དབྱེ་བ་མ་ལུས་པར་སྔར་ཇི་སྐད་བཤད་པ་འདི་མཐའ་དག་ཤེས་པར་བྱའོ། །དེ་རྣམས་ཀྱིས་གཉེན་པོའི་ཕྱོགས་དག་དང༌། ཞེས་པ་དེ་བཤད་ཟིན་ཏོ། ། ༥༽ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་བཤད་པ། ད་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་བཤད་པར་བྱའོ། །མདོ་ལས། གཟུགས་སོགས་རྟག་ཅེས་བྱ་བ་དང༌། མི་རྟག་ཞེས་བྱ་བ་ལ་སོགས་པ་དང༌། གཟུགས་སོགས་མ་རྫོགས་ཞེས་བྱ་བ་དང༌། རྫོགས་ཤེས་བྱ་བ་དང༌། གཟུགས་སོགས་ལ་ཆགས་ཞེས་བྱ་བ་དང་མ་ཆགས་ཞེས་བྱ་བར་མི་སྤྱོད་ན་ཤེར་ཕྱིན་ལ་སྤྱོད་དོ། །ཞེས་སོགས་ཀྱི་དོན། གཟུགས་སོགས་དེ་མི་རྟག་སོགས་དང་དེ་མ་རྫོགས་དང༌། རབ་རྫོགས་དང༌། དེ་ལ་ཆགས་པ་མེད་ཉིད་ལ། །སྤྱོད་པ་བཀག་པས་སྦྱོར་བ་དང༌། །མི་འགྱུར་བྱེད་པོ་མེད་ཉིད་དང༌། །བྱ་དཀའ་རྣམ་གསུམ་སྦྱོར་བ་དང༌། །སྐལ་པ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་དེ་དང་ནི། །གཞན་ལས་རག་ལས་མིན་གང་དང༌། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །རྣལ་འབྱོར་འདི་ཉི་ཁྲིའི་ལེའུ་ཉེར་བརྒྱད་པས་སྟོན་ནོ། །སྐབས་འདིར་ཤེར་ཕྱིན་ཟབ་མོའི་སྦྱོར་བ་གཅིག་དང༌། ཤེར་ཕྱིན་མི་འགྱུར་བ་དང༌། དེ་ལ་བྱེད་པ་པོ་མེད་པ་དང༌། བྱང་ཆུབ་སེམས་དཔའི་བྱ་བ་དཀའ་བ་རྣམ་པ་གསུམ་དང༌། ཤེར་ཕྱིན་དེ་ལ་བསླབས་པས་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་ཡོད་པ་དང༌། ཤེར་ཕྱིན་གྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་པ་དེ་གང་ཟག་གཞན་གྱི་བསྲུང་བ་ལ་རག་མ་ལས་པ་དང༌། རག་མ་ལས་པ་དེའི་ཤེས་བྱེད་དེ་དོན་ཚན་པ་བདུན་སྟོན་ནོ། །འདི་ཐམས་ཅད་སྦྱོར་བར་འཆད་པ་ནི་མི་རིགས་ཏེ། སྦྱོར་བ་ནི་རྣལ་འབྱོར་ཡིན་ལ་འདིར་རྣལ་འབྱོར་མ་ཡིན་པས་དེའི་ཚན་པ་དྲུག་ཡོད་པའི་ཕྱིར་རོ། །སྦྱོར་བ་མ་ཡིན་པ་སྦྱོར་བའི་སྐབས་སུ་སྟོན་པར་མི་འོས་པ་ནི་མ་ཡིན་ཏེ། དོན་གྱི་གཙོ་བོ་མ་ཡིན་ཀྱང་གཙོ་བོ་བསྟན་པའི་ཞར་ལ་སྐབས་སུ་བབ་པའི་དོན་དུ་མ་སྟོན་པ་ནི་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པོ། །དེས་ན་གཟུགས་སོགས་རྟག་པ་དང༌། མི་རྟག་པ་ལ་སོགས་པ་དང༌། སློབ་པའི་ཚེ་ཆོས་ཉིད་ཀྱི་གཟུགས་སོགས་མ་རྫོགས་པ་དང༌། མི་སློབ་པ་འབྲས་བུའི་ཚེ་རྫོགས་པ་དང༌། གཟུགས་དེ་ལ་ཆགས་པ་དང༌། ཆགས་པ་མེད་པ་ཉིད་ལ་དམིགས་པའི་ཚུལ་གྱིས་སྤྱོད་ཅིང་རྣལ་འབྱོར་དུ་བྱེད་པ་བཀག་པས། མི་དམིགས་པའི་ཚུལ་གྱི་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་རྣལ་འབྱོར་དུ་བྱེད་ཅིང་སྦྱོར་བ་དང་སྤྱོད་པ་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་ཡིན་ནོ། ། བསྒོམ་བྱའི་ཤེར་ཕྱིན་ཆོས་ཀྱི་དབྱིངས་དེ་བསྟན་པ་དང་མ་བསྟན་པས་འཕེལ་འགྲུབ་ཏུ་མི་འགྱུར་བ་དང༌། ལེགས་ཉེས་བརྗོད་ཀྱང་དེ་ལ་ཆགས་སྡང་གི་བྱེད་པ་པོ་མེད་པ་ཉིད་དང༌། ནམ་མཁའ་ལྟ་བུའི་ཤེར་ཕྱིན་དེ་བསྟན་པའི་ཚེ་སེམས་མ་ཞུམ་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུ་དེ་ལ་བརྩོན་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུའི་བྱང་ཆུབ་ལས་མི་ལྡོག་པ་བྱ་དཀའ་བ་སྟེ། བྱ་དཀའ་བ་གསུམ་པོ་དེ་ལ་བྱང་ཆུབ་དེ་སྦྱོར་ཞིང་གོ་ཆ་བགོས་པའོ། །མདོ་ལས། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་བསྟན་པའི་ཚེ་མི་ཞུམ་པ་དང་དེ་ལ་བརྩོན་པ་དང༌། བླ་མེད་བྱང་ཆུབ་ལས་མི་ལྡོག་པ་ནི་དཀའ་བ་བགྱིད་པའོ། །ཞེས་གསུངས་པའི་དོན་ཏོ། །དེ་ནས་དེ་ཅིའི་སླད་དུ་ཞེ་ན། ཤེར་ཕྱིན་བསྒོམ་པ་ནི་ནམ་མཁའ་བསྒོམ་པ་སྟེ་ཞེས་སོགས་ཀྱིས་བྱ་དཀའ་བ་གསུམ་པོ་དེ་དཀའ་བའི་རྒྱུ་མཚན་འབའ་ཞིག་མདོ་ལས་བྱུང་ངོ༌། །དེར་འདུས་པའི་དགེ་སློང་གཅིག་འདི་སྙམ་དུ་སྐྱེ་འགག་མེད་པའི་ཤེར་ཕྱིན་གང་ལ་བསླབས་ན་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་འདུག་པས། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང་རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་དང་རང་བྱང་ཆུབ་དང་སངས་རྒྱས་དང་དཀོན་མཆོག་གསུམ་དང་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཡང་ཡོད་པའི་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །སྙམ་དུ་འདོད་པ་དེ་དང་ནི། ཤེར་ཕྱིན་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བརྒྱ་བྱིན་ལ་སོགས་པ་གང་ཟག་གཞན་གྱིས་བསྲུང་བ་ལ་རག་ལས་པ་མ་ཡིན་ཏེ། རྒྱུ་གང་གི་ཕྱིར་དང་དཔེ་ཇི་ལྟ་བུ་ཞེ་ན། ཤེར་ཕྱིན་དེ་ལ་གནས་པ་དེ་ཉིད་དེའི་བསྲུང་བའི་མཆོག་ཡིན་པའི་ཕྱིར་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང་རྨི་ལམ་དང༌། སྒྲ་བརྙན་དང༌། མི་གཡོ་དང༌། ཆུ་ཟླ་དང༌། སྤྲུལ་པའི་སྣང་བ་རྣམ་པ་བདུན་ལ་བསྲུང་བ་བསྐྱབ་པར་མི་ནུས་པ་བཞིན་དུ། ཞེས་ཤེས་བྱེད་ཀྱི་དཔེར་བཀོད་པ་ཉིད་དོ། །གཞན་དག་གིས་ནི་སྐབས་འདི་མདོ་དང་མི་མཐུན་པའི་བཤད་པ་བྱས་ཡོད་དེ། དེ་རྣམས་ཀྱིས་སྦྱོར་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༦༽རྣལ་འབྱོར་སྦྱོར་བའི་ཡན་ལག་ཕན་ཡོན་མཉམ་པ་ཉིད་བཤད་པ། ད་ནི་རྣལ་འབྱོར་རྣམ་པར་སྦྱོར་བའི་ཡན་ལག་ཕན་ཡོན་ཆོས་ཐམས་ཅད་མཉམ་པ་ཉིད་བཤད་པར་བྱའོ། །མདོ་ལས་ཤེར་ཕྱིན་ལ་སྤྱོད་པས་རྨི་ལམ་དང་སྒྱུ་མ་ལྟ་བུའི་ཆོས་རྣམས་ཡོངས་སུ་ཤེས་ཞེས་སོགས་དང༌། གཟུགས་དང་གཟུགས་བདག་གི་དང༌། གཟུགས་ལ་སོགས་དང་གཟུགས་ཀྱི་མཚན་མར་རློམ་སེམས་སུ་མི་བྱེད་ཞེས་སོགས་ཀྱི་དོན། གཟུགས་ལ་སོགས་ལ་རློམ་མེད་པ། རྣམ་བཞི་དེ་ཡི་མཉམ་པ་ཉིད། དེ་ལ་གཟུགས་སོགས་བྱེད་པའི་མཚན་ཉིད་ལ་སོགས་པའི་དངོས་པོར་རློམ་སེམས་སུ་མེད་པ་དང༌། གཟུགས་སོགས་བདག་གི་ཞེས་བྱ་བ་རྗེ་ཁོལ་གྱི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ཞེས་བྱ་བ་ལ་རྟེན་དང་བརྟེན་པའི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ཀྱི་མཚན་མར་ཞེས་བྱ་བ་བརྡར་བརྟག་པའི་དངོས་པོར་རློམ་སེམས་མེད་པ་སྟེ། རྣམ་པ་བཞི་པོ་དེ་ནི་སྦྱོར་བ་དེའི་ཕན་ཡོན་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང༌། སྨིག་རྒྱུ་དང༌། སྒྲ་བརྙན་དང༌། མིག་ཡོར་དང༌། ཆུ་ཟླ་དང༌། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ནོ། །དེ་རྣམས་ཀྱིས། དེའི་མཉམ་པ་ཉིད་དང་ཞེས་པ་དེ་བ་ཤད་ཟིན་ཏོ། ། ༧ ཀུན་ཤེས་ཚུལ་མཐོང་བའི་ལམ་གང་ཡིན་བཤད་པ། ད་ནི་ཀུན་ཤེས་ཚུལ་མཐོང་བའི་ལམ་གང་ཡིན་པ་དེ་བཤད་པར་བྱའོ། །འདི་ལ་བདེན་བཞིའི་སྒོ་ནས་མདོར་བསྟན་པ་དང༌། སྐད་ཅིག་མའི་སྒོ་ནས་རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། སྡུག་བསྔལ་ལ་སོགས་བདེན་པ་ལ། ཆོས་ཤེས་རྗེས་སུ་ཤེས་པ་དང༌། །བཟོད་ཤེས་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལ་མཐོང་བའི་ལམ། །ཞེས་པ་ལ་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་བཞི་པོ་རེ་རེ་ལ་ཡང་ཆོས་ཤེས་པའི་བཟོད་པ་དང་ཆོས་ཤེས་པ་དང༌། རྗེས་སུུ་ཤེས་པའི་བཟོད་པ་དང༌། རྗེས་སུུ་ཤེས་པ་བཞི་བཞིའོ། །དེ་ལྟར་ན་ཤེས་པའི་སྐད་ཅིག་བཞི་བཞི་བཅུ་དྲུག་གི་བདག་ཉིད་འདི་ཀུན་ཤེས་པ་ཉིད་ཀྱི་ཚུལ་ལམ་རང་བཞིན་ལ་མཐོང་བའི་ལམ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། །གཟུགས་རྟག་མ་ཡིན་མི་རྟག་མིན། ། མཐའ་ལས་འདས་དང་རྣམ་དག་དང༌། །མ་སྐྱེས་མ་འགག་ལ་སོགས་དང༌། །མཁའ་འདྲ་ཆགས་པ་སྤངས་པ་དང༌། །ཡོངས་སུ་འཛིན་ལས་གྲོལ་བ་དང༌། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང༌། གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་ལ་སྦྱིན་དུ་མེད་པ་དང༌། །དམིགས་པ་མེད་པར་བྱེད་པ་དང༌།། ཤིན་ཏུ་རྣམ་དག་ནད་མི་འབྱུང༌། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། ། མཚན་མ་དག་དང་མ་འབྲེལ་དང༌། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི།། ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་རྟག་མི་རྟག་ལ་སོགས་ཀྱི་སྤྲོས་པ་མ་ཡིན་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྟག་མི་རྟག་སོགས་ཀྱི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་དུས་གསུམ་གྱི་མཐའ་ལས་འདས་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་ཆོས་ཤེས་པ་མཐའ་ཐམས་ཅད་ལས་འདས་པའི་ཡེ་ཤེས་དང༌། །ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཆགས་པའི་བཟོད་པ་རྣམ་པར་དག་པའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་མ་སྐྱེས་ཤིང་མ་འགག་པ་དང་ཉོན་མོངས་རྣམ་བྱང་ལ་སོགས་མེད་པའི་ཕྱིར། ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པ་མ་སྐྱེས་མ་འགག་པ་ལ་སོགས་པའི་ཡེ་ཤེས་ཏེ། དེ་ལྟར་ན་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །ཡུལ་དོན་དམ་གྱི་གཟུགས་སོགས་ནམ་མཁའ་དང་འདྲ་བར་དག་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནམ་མཁའ་དང་འདྲ་བར་དག་པའི་ཡེ་ཤེས་དང༌། ཡུལ་དོན་དམ་གྱི་གཟུགས་སོགས་ཆགས་པ་སྤངས་པའི་ཕྱིར་ཡུལ་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་ཆགས་པ་ཐམས་ཅད་སྤངས་པའི་ཡེ་ཤེས་དང༌། ཡུལ་ཅན་དོན་དམ་གྱི་གཟུགས་སོགས་གཟུང་དུ་མེད་པའི་ཕྱིར་ཡུལ་ཅན་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡོངས་སུ་འཛིན་པ་ཐམས་ཅད་ལས་གྲོལ་པའི་ཡེ་ཤེས་དང༌། ཡུལ་དོན་དམ་གྱི་གཟུགས་སོགས་ངོ་བོ་ཉིད་ཀྱིས་བརྗོད་པའི་བདག་ཉིད་མེད་པའི་ཕྱིར་ཡུལ་ཅན་ཀུན་འབྱུང་ལ་རྗེས་སུ་ཤེས་པ་བརྗོད་པའི་ངོ་བོར་མེད་པའི་ཡེ་ཤེས་ཏེ། དེ་ལྟར་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞིའོ། །གང་གི་ཕྱིར་ཡུལ་འགོག་བདེན་ཟབ་མོ་དང་ཡུལ་ཅན་འགོག་པ་ཆོས་ཤེས་པའི་བཟོད་པ་དག་ཚིག་གི་སྤྱོད་ཡུལ་འདས་པ་དེའི་ཕྱིར་ཡུལ་དང་ཡུལ་ཅན་འདི་དག་གི་དོན་བརྗོད་པ་ཙམ་གྱིས་གཞན་གྱི་རྒྱུད་ལ་མངོན་གསུམ་དུ་བཞིན་ཏུ་མེད་པ་དང༌། ཡུལ་འགོག་བདེན་ཟབ་མོ་དམིགས་སུ་མེད་པའི་ཕྱིར། ཡུལ་ཅན་འགོག་པ་ལ་ཆོས་ཤེས་པ་དམིགས་པ་ཐམས་ཅད་མེད་པར་བྱེད་པའི་ཡེ་ཤེས་དང༌། ཡུལ་འགོག་བདེན་ཟབ་མོ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡུལ་ཅན་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང༌། འགོག་པའི་རྗེས་སུ་ཤེས་པ་ནི་མིག་གི་ནད་ལ་སོགས་པ་ནད་ཐམས་ཅད་སེལ་ཞིང་མི་འབྱུང་པའི་ཡེ་ཤེས་དེ། དེ་ལྟར་འགོག་པའི་བདེན་པའི་སྐད་ཅིག་མ་བཞི་འོ། ། ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ངན་སོང་ཆད་ཅིང་ལེགས་པ་ཐམས་ཅད་འབྱིན་པའི་ཡེ་ཤེས་དང༌། །ལམ་ལ་ཆོས་ཤེས་པ་ནི་ཤེར་ཕྱིན་རིན་པོ་ཆེས་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ནི་མངོན་གསུམ་དུ་བྱ་བ་ལ་ཡང་མི་རྟོག་པའི་ཡེ་ཤེས་ཉིད་དང༌། ཡུལ་ཆོས་ཀྱི་དབྱིངས་མཚན་མ་དང་མ་འབྲེལ་བའི་ཕྱིར་ཡུལ་ཅན་དུ་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མཚན་མ་དག་དང་མ་འབྲེལ་བའི་ཡེ་ཤེས་དང༌། ལམ་ལ་རྗེས་སུ་ཤེས་པ་ནི་དངོས་བརྗོད་བྱ་དང་མང་བརྗོད་བྱེད་དང༌། དེ་གཉིས་པོ་གཉིས་ཀ་ལ་དམིགས་པའི་མཚན་འཛིན་གྱི་ཤེས་པ་སྐྱེ་བ་མེད་པའི་ཡེ་ཤེས་ཏེ། དེ་ལྟར་ལམ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །སྐབས་འདིའི་ཡུལ་དང་ཡུལ་ཅན་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་ཡིན་པའི་ཕྱིར་གཟུང་བ་འཛིན་བཞིན་དུ་སོ་སོ་མི་བསམ་མོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་དངོས་སུ་བསྟན་པས་ཐེག་པ་འོག་མའི་མཐོང་ལམ་ཡང་དོན་གྱིས་གོ་བར་བྱ་སྟེ། ཐེག་པ་ཐམས་ཅད་ཀྱི་ཡོན་ཏན་བསྡུས་པའི་ཕྱིར། དེ་ལྟར་བསྟན་པའི་སྐད་ཅིག་མ་རྣམས་ནི་ཀུན་ཤེས་པའི་ངོ་བོར་གྱུར་པ་ཉིད་ཀྱི་མཐོང་ལམ་གྱིས་སྐདཅིག་མ་བཅུ་དྲུག་བསྟན་པ་ཡིན་ནོ། །དེ་རྣམས་ཀྱིས། ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་པ་བཤད་ཟིན་ཏོ། །དངོས་པོ་བརྒྱད་ལས་ཐམས་ཅད་ལམ་ཤེས་ཉིད་ཀྱི་དངོས་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཡིན་ནོ། །   མཁྱེན་པ་གསུམ་གྱི་མཇུག་བསྡུ་བ། སྔར་བཤད་པའི་མཁྱེན་པ་གསུམ་གྱི་མཇུག་བསྡུ་བ་ནི། དེ་ལྟར་འདི་དང་ཡང་འདི་དང༌། ། ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདི་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་སུ་བསྟན་པ་ཡིན། །སྔར་བཤད་པ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་ཉིད་འདི་དང༌། ཡང་ལམ་ཤེས་པ་ཉིད་འདི་དང་ཡང་ཐམས་ཅད་ཤེས་པ་ཉིད་འདི་ཡིན་ཏེ། མཁྱེན་པ་རྣམ་པ་གསུམ་པོ་ཡོངས་སུ་བསྟན་པ་འདི་ནི། མཁྱེན་པའི་གནས་སྐབས་གསུམ་པོ་དག་ཀྱང་རྫོགས་པར་ཡོངས་སུ་བསྟན་པ་ཡིན་ནོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པའོ། ། བཞི་བ། རྣམ་རྫོགས་སྦྱོར་བ་རྒྱས་པར་བཤད་པ། ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་སྟེ། འདི་ལ་བཅུ་ཡོད་པ་ལས། ༡༽རྣམ་པ་བཤད་པ། དང་པོ་རྣམ་པ་སྟོན་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། ༡ རྣམ་པ་མདོར་བསྟན་པ།