ཕར་ཕྱིན་མདོ་ལུགས་མ།

དང་པོར་རེ་ཞིག་མོས་པ་བཤད་པ་ནི། དབུ་མ་མདོ་སྡེའི་རྒྱན་ལས་མོས་པའི་དབྱེ་བ། མོས་པའི་བར་གཅོད། མོས་པའི་ཕན་ཡོན་མོས་པའི་དཔེ། མོས་པ་ལ་མི་ཞུམ་པ་མོས་པའི་འབྲས་བུ་སྟེ་དྲུག་བསྟན་པ་ལས་སྐབས་འདིའི་མོས་པ་ནི། རྒྱ་ཆེན་པོ་དང་འཁོར་བ་ལས་རིང་དུ་སོང་བ་དང༌། རྒྱལ་པོ་ལྟ་བུའི་མོས་པ་དང༌། བསོད་ནམས་རྒྱ་ཆེན་པོ་རྒྱུན་མི་འཆད་པ་དང༌། དེ་འཕེལ་བ་དང་དེའི་རྒྱུས་མཐར་ཐུག་སངས་རྒྱས་ཀྱི་མཐར་ཐུག་གི་འབྲས་བུ་འཛིན་བའི་མོས་པ་ཡིན་ནོ། །མོས་པ་འདི་ཉིད་ཉི་ཁྲིའི་ལེའུ་བཅོ་བརྒྱད་པའི་སྔོན་ནས་བརྒྱ་བྱིན་གྱིས་ཤེར་ཕྱིན་གྱི་གླེགས་བམ་དང༌། སྐུ་གདུང་གི་མཆོད་རྟེན་ལ་མཆོད་པ་གཉིས་བསོད་ནམས་གང་ཆེ་ཞུས་པ་ནས་བརྩམས་དེ། ལེའུ་ཉེར་གསུམ་པ་ཡོངས་སུ་རྫོགས་པའི་འཚམས་ཀྱི་བར་གྱི་མདོས་སྟོན་ཏོ། །མདོ་འདི་རྣམས་ཀྱིས་ནི་ཤེར་ཕྱིན་ལ་མོས་པའི་རྟགས་ཤེར་ཕྱིན་ལ་བརྟོད་བཀུར་བསྔགས་པ་རྣམས་ཁོ་ན་སྟོན་གྱི། ཤེར་ཕྱིན་ལ་བསྟོད་བཀུར་བསྔགས་པ་ལས་མོས་པ་སྟོན་པའི་མདོ་གུང་དུ་བཙལ་པར་མི་བྱ་སྟེ། གང་དང་གང་ལ་མོས་པ་ནི་སེམས་ཀྱི་འགྱུ་བ་ཡིན་པས་དེ་དང་དེ་བསྟོད་སོགས་ཀྱི་སྒོ་ནས་དེ་དང་དེ་ལ་མོས་པར་གཞན་གྱིས་ཤེས་དགོས་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་ན་ཡང་སྟོད་ར་དང་བཀུར་སྟི་ལ་སོགས་པའི་སྒོ་ནས་མོས་གུས་ཆེ་ཆུང་གཞན་གྱིས་རིགས་པ་བཞིན་ནོ། །གལ་ཏེ་གཞན་གྱིས་མ་རིག་ཀྱང་རང་ཉིད་མོས་པས་སྐབས་དོན་འགྲུབ་པའི་ཕྱིར་བསྟོད་སོགས་ཅི་དགོས་ཞེ་ན་རང་དོན་མོས་པ་དེ་ལྟ་ཡིན་དུ་ཆུག་ཀྱང་གཉིས་དོན་དང༌། གཞན་དོན་མོས་པ་ལ་བསྟོད་སོགས་མེད་ན་གཞན་མོས་པའི་སྒོ་ནས་མི་འཇུག་པའི་ཕྱིར་གཞན་འཇུག་པའི་ཡན་ལག་ཏུ་གང་ལ་མོས་པའི་གནས་སྐབས་དེ་ལ་བསྟོད་བཀུར་སོགས་ངེས་པར་དགོས་སོ། །དེས་ན་འདིར་ཡང་རང་དོན་མོས་པ་དགུའི་གནས་སྐབས་ལ་ཤེར་ཕྱིན་ལ་བསྟོད་པ་དགུ་གཉིས་དོན་མོས་པ་དགུའི་གནས་སྐབས་ལ་བཀུར་བ་དགུ་དང༌། གཞན་དོན་མོས་པ་དགུའི་གནས་སྐབས་སུ་ཤེར་ཕྱིན་ལ་བསྔགས་པ་དགུ་སྟོན་པའི་མདོ་རྣམས་འབྱུང་བ་ནི་རྒྱལ་བའི་དགོངས་པ་ཡིན་ངེས་སོ། །ཁ་ཅིག་ན་རེ་བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་ལ་སོགས་པས་བསྟོད་སོགས་འདི་དག་མཛད་ཅིང་དེ་ཡང་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ཙམ་ཡིན་གྱི་བརྗོད་པའི་ངོ་བོ་ནི་མ་ཡིན་ཟེར་རོ། །དེ་ལྟར་ན་མདོ་དང་འགལ་ཏེ། སྐབས་འདིའི་མདོ་ལས་ཤེར་ཕྱིན་ལ་མེ་ཏོག་ལ་སོགས་པས་མཆོད་པ་དང༌། བསྟོད་པ་དང༌། བཀུར་སྟི་དང༌། ཤེར་ཕྱིན་གྱི་ཡོན་ཏན་བསྔགས་པ་འབའ་ཞིག་བྱུང་བའི་ཕྱིར། དེས་ན་མདོ་ལས་བྱུང་བ་ལྟར་ཚིགས་སུ་བཅད་པར་འབྱུང་བ་འདི་ལྟ་སྟེ། མོས་པ་རང་གི་དོན་དང་ནི། །རང་གཞན་དོན་དང་གཞན་དོན་དང༌། །རྣམ་གསུམ་ཤེས་བྱ་དེ་ཡང་ནི། །ཆུང་དང་འབྲིང་དང་ཆེན་པོ་སྟེ། །སོ་སོར་རྣམ་པ་གསུམ་དུ་འདོད། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་གསུམ་དེ་ལྟར་ན། །རྣམ་པ་ཉི་ཤུ་རྩ་བདུན་འདོད། །མོས་པའི་གནས་སྐབས་རྣམས་ལ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་ལ། །དགུ་ཚན་གསུམ་གྱིས་བསྟོད་པ་དང༌། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་པ་ལྟར་བསྒྱུར་ན་འཁྲུལ་གཞི་ཆུང་ངོ༌། ། དེ་ལ་མོས་པ་རང་གི་དོན་དང་ནི་རང་གཞན་དོན་དེ་གཉིས་དོན་དང་གཞན་དོན་དང༌། རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང་གསུམ་པོ་དེ་རེ་རེ་ཡང་ནི་ཆུང་དང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་སྟེ་སོ་སོར་རྣམ་པ་གསུམ་གསུམ་དུ་འདོད་དོ། །ཆུང་ངུ་ལ་ཡང་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུ་ཆེན་པོ་དང༌། འབྲིང་པོའི་ཆུང་ངུ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་ཆེན་པོ་དང༌། ཆེན་པོའི་ཆུང་ངུ་ལ་སོགས་པར་དབྱེ་བ་ཡིས། ཆུང་ངུ་ལ་སོགས་ཏེ་ཡང་སོ་སོར་རྣམ་པ་གསུམ་གསུམ་དུ་ཕྱེ་བ་སྟེ་དེ་ལྟ་ན་རང་དོན་དགུ་དང་གཉིས་དོན་དགུ་དང༌། གཞན་དོན་དགུ་སྟེ། སྡོམས་པས་རྣམ་པ་ཉེ་ཤུ་རྩ་བདུན་དུ་འདོད་ཅིང་བསྟན་ཏོ། །རང་དོན་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྟོད་པ་དགུ་ཚན་གཅིག་དང༌། དོན་གཉིས་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་ནི་ཤེས་རབ་ཕ་རོལ་ཕྱིན་པ་ལ་བཀུར་བ་དགུ་ཚན་གཅིག་དང༌། གཞན་དོན་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་བསྔགས་པ་དགུ་ཚན་གཅིག་སྟེ། དེ་ལྟར་ན་ཤེས་རབ་ཕ་རོལ་ཕྱིན་པ་ལ་དགུ་ཚན་གསུམ་གྱི་བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་ཅིང་བསྟོད་ཏོ། །དེ་རྣམས་ཀྱིས་མོས་པ་དང༌། བསྟོད་དང་བཀུར་དང་བསྔགས་པ་དང༌། ཞེས་པ་དེ་བཤད་ཟིན་ཏོ། ། ༨༽ཐེག་ཆེན་འཕགས་པའི་བསྔོ་བ་ཁྱད་པར་ཅན་བཤད་པ། ད་ནི་ཐེག་ཆེན་འཕགས་པའི་བསྔོ་བ་ཁྱད་པར་ཅན་བཤད་པར་བྱའོ། །ཚུལ་ཇི་ལྟར་ཞེ་ན། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། ། ཕྱིན་ཅི་མ་ལོག་མཚན་ཉིད་དོ། །དབེན་དང་སངས་རྒྱས་བསོད་ནམས་ཚོགས། །རང་བཞིན་དྲན་པའི་སྤྱོད་ཡུལ་ཅན། །ཐབས་བཅས་མཚན་མ་མེད་པ་དང༌། །སངས་རྒྱས་རྗེས་སུ་ཡི་རང་དང༌། ། ཁམ་གསུམ་གཏོགས་པ་མ་ཡིན་དང༌། །ཆུང་དང་འབྲིང་དང་ཆེན་པོ་ཡི། །བསྔོ་བའི་མཆོག་ནི་རྣམ་གསུམ་པོ། །བསོད་ནམས་ཆེ་འབྱུང་བདག་ཉིད་དོ། །ཞེས་པའི་ཚུལ་གྱི་འཆད་དོ། །འདི་ནི་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་ཆེ། མཛད་པ་དེ་ཡིན་ནོ། །དམིགས་པ་དང་མཚན་མའི་དུག་ཐམས་ཅད་དང་བྲལ་བ་ཐེག་པ་ཆེན་པོ་འཕགས་པའི་ཡེ་ཤེས་ཁམས་གསུམ་ལས་འདས་པ་དོན་དམ་པའི་བསྔོ་བ་ཡིན་པས་བསྔོ་བ་འདི་ལས་ཁྱད་པར་དུ་འཕགས་པའི་བསྔོ་བ་མེད་པའི་ཕྱིར་རོ། །འདི་ཉིད་རྣམ་པ་བདུན་གྱིས་གཏན་ལ་འབེབས་པ་ལ། བསྔོ་བའི་ངོ་བོ་ནི་གང་བྱེད་པ་ནི་གང༌། རྣམ་པ་ནི་གང༌། མཚན་ཉིད་ནི་གང༌། དུག་མེད་ཅིང་བདུད་རྩིའི་མཆོག་ཏུ་གྱུར་པའི་བསྔོ་ཚུལ་ནི་གང༌། ཁམས་གསུམ་ལས་འདས་པའི་ཚུལ་ནི་གང༌། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའི་བསྔོ་བ་འདིའི་ངོ་བོ་ཁྱད་པར་གྱི་ཆོས་གསུམ་གྱིས་ཉན་རང་གི་བསྔོ་བ་ལས་ཡོངས་སུ་བསྔོ་བའི་ངོ་བོ་ཁྱད་པར་ཅན་ཡིན་ཏེ། ཉན་རང་གི་བསྔོ་བ་ནི། རང་གཅིག་པུ་མྱ་ངན་ལས་བཟླ་བའི་ཕྱིར་དམིགས་པའི་ཚུལ་གྱི་ཉེ་བར་གནས་པ་ཙམ་དུ་ཟད་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར་དང༌། མི་དམིགས་པའི་ཚུལ་གྱིས་དང༌། བླ་མེད་བྱང་ཆུབ་ཏུ་བསྔོ་བ་དེས་ནི། ཡོངས་སུ་བསྔོ་པའི་ངོ་བོ་ནི་ཁྱད་པར་ཅན་ཡིན་ནོ། །བསྔོ་བ་དེའི་བྱེད་པ་ནི། མཆོག་སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ་བསྔོ་བ་དེ་ནི་དམིགས་པ་མེད་པའི་རྣམ་པ་ཅན་ནོ། །འདུ་ཤེས་དང་སེམས་དང་ལྟ་པ་ཕྱིན་ཅི་མ་ལོག་པ་ནི་བསྔོ་བ་དེའི་མཚན་ཉིད་དོ། །བསྔོ་བྱའི་བསོད་ནམས་དེ་དངོས་པོ་ཐམས་ཅད་ཀྱི་དབེན་པར་ཤེས་པའི་ཚུལ་དང༌། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྔོ་ན་ཇི་ལྟར་སངས་རྒྱས་དེ་དག་ལྟར་དེ་དག་གི་དགེ་བའི་ཚོགས་དང༌། མྱ་ངན་ལས་འདས་པའི་རང་བཞིན་དྲན་པའི་སྤྱོད་ཡུལ་ཅན་བསྔོ་བའི་སེམས་དེ་ཡང་མྱ་ངན་ལས་འདས་པར་ཤེས་པའི་ཚུལ་དང༌། ཤེར་ཕྱིན་ལ་བརྟེན་ནས་མཚན་མེད་དང་བསྔོ་བ་མི་འགལ་བའི་ཐབས་ལ་མཁས་པ་དང་བཅས་པའི་ཚུལ་དང༌། བསྔོ་བྱའི་དགེ་བ་མི་དམིགས་ཤིང་མཚན་མ་མེད་པའི་ཚུལ་དང༌། སངས་རྒྱས་ཀྱི་དགེ་བ་དེ་དག་གི་རང་བཞིན་ཇི་ལྟར་ཐུགས་སུ་ཆུད་པ་དེ་ལྟར་བསྔོས་པ་ནི་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་ཚུལ་གྱིས་བསྔོས་པ་སྟེ། ཚུལ་དེ་ལྟར་བསྔོ་བ་ནི། དུག་མེད་ཅིང་བདུད་རྩིར་འགྱུར་བའི་བསྔོ་ཚུལ་ལོ། །ཁམས་གསུམ་དང་དུས་གསུམ་དུ་མ་གཏོགས་པའི་གཟུག་སོགས་ཆོས་ཐམས་ཅད་རང་བཞིན་མེད་པས་དངོས་པོ་མེད་པ་ནི་དངོས་པོ་མེད་པས་དམིཊ་པའི་ཚུལ་གྱིས་བསྔོ་བར་མི་ནུས་སོ། །ཞེས་བྱ་བར་ཤེས་ན། བསྔོ་བ་དུག་མེད་ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་བ་ནི་ཁམས་གསུམ་ལས་འདས་པའི་ཚུལ་ལོ། །བསྔོ་བ་ཁྱད་པར་ཅན་དེ་ཉིད་དོ། ། ཆུང་འབྲིང་ཆེ་གསུམ་དུ་ཕྱེས་ནས་བསོད་ནམས་ཆེན་པོ་འབྱུང་བ་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་དགེ་བ་བཅུ་བསམ་གཏན་ཚད་མེད་གཟུགས་མེད་མངོན་ཤེས་ཐོབ་པ་ལས་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཆགས་པ་མེད་པའི་བསྔོ་བ་ཆུང་ངུ་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་རང་འཕགས་པར་གྱུར་པ་ལ། གང་ཟག་ལ་ལས་ནམ་འཚོའི་བར་དུ་ཆོས་གོས་བསོད་སྙོམས་མལ་ཆ་ནད་ཀྱི་རྐྱེན་རྩི་སྟེ་རྐྱེན་བཞིས་མཆོད་པ་ལས་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་ཆགས་པ་མེད་པའི་བསྔོ་བ་འབྲིང་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའ་པར་གྱུར་པ་ལ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རེ་རེ་ལ་ཡང་རྐྱེན་བཞིས་མཆོད་པ་ལས་ཀྱང་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་ཆགས་པ་མེད་པའི་བསྔོ་བ་ཆེན་པོ་སྟེ། དེ་ལྟར་ན་ཆུང་དང་འབྲིང་ཆེན་པོའི་རང་བཞིན་གསུམ་དུ་ཕྱེ་བའི་བསྔོ་བ་གཞན་ནམ་མཆོག་གི་རྣམ་པ་གསུམ་པོ་དེ་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དོ། །དེས་ན་བསྒོམ་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ཡོད་པ། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང༌། །ཞེས་འཁོར་འདས་ཀྱི་དགེ་བ་ཐམས་ཅད་བློས་ཕྱོགས་གཅིག་ཏུ་བསྡུས་པ་ལས་མི་དམིགས་པའི་སྒོ་ནས་རྗེས་སུ་ཡི་རང་བ་ལས་བྱུང་བའི་བསོད་ནམས་དེ་མཚན་མ་མེད་པའི་ཚུལ་གྱིས་བསྔོ་བ་ནི། སྐབས་སྐབས་འདིའི་མདོའི་དགོངས་པར་སྣང་ངོ༌། །ཇི་ལྟར་བསྔོ་བའི་ཚུལ་ཡང༌། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིནཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྔོ། །ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ་དེ་དག་གི་ཇི་ལྟར་མཁྱེན་པའི་དམིགས་པ་དང༌། མཚན་མ་ཐམས་ཅད་མེད་པ་དེ་བཞིན་ཉིད་ཀྱི་ཚུལ་དུ་བསྔོ་བ་ཡང་སྐབས་འདིའི་དགོངས་པ་ཡིན་པར་སྣང་ངོ༌། །བསྔོ་བ་འདི་ནི་ཐེག་ཆེན་གྱི་འཕགས་པ་མ་གཏོགས་པ་མཚན་མར་འཛིན་པའི་བློ་གང་གི་ཡང་སྤྱོད་ཡུལ་མ་ཡིན་ཏེ། རྒྱལ་བ་ཀུན་གྱིས་མཆོག་ཏུ་བསྔགས་པ་དོན་དམ་པའི་བསྔོ་བ་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །བསྔོ་བ་འདི་ནི་བསྡུད་པ་ལས་ཀྱང་ཤིན་ཏུ་གསལ་བར་སྟོན་ནོ། །ཉི་ཁྲི་སྣང་བ་ན་བསྔོ་བ་འདིའི་བཤད་པ་མདོ་དང་མཐུན་པ་ལེགས་པོ་ཡོད་དོ། །སློབ་དཔོན་སེང་བཟང་ལ་སོགས་པ་བཤད་པ་ནི་མདོ་དང་མི་འགྲིགས་པར་སྣང་ངོ༌། །བསྔོ་བ་དང་རྗེས་སུ་ཡི་རང་འདི་དག་ཉི་ཁྲིའི་ལེའུ་ཉེར་བཞི་པས་སྟོན་ནོ། །དེ་རྣམས་ཀྱིས་བསྔོ་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༨༽རྗེས་སུ་ཡི་རང་བཤད་པ། ད་ནི་རྗེས་སུ་ཡི་རང་གི་ངོ་བོ་རང་གི་བསྔོ་བའི་སྐབས་སུ་བསྟན་པ་དེ་ཉིད་ཇི་ལྟར་བསྒོམས་ན་རྗེས་སུ་ཡི་རང་བའི་དམ་པ་ཁྱད་པར་ཅན་དུ་འགྱུར་ཚུལ་སྟོན་ཏེ། མདོ་ལས། བཅོམ་ལྡན་འདས་ཅི་ཙམ་གྱིས་ན་རྗེས་སུ་ཡི་རང་བའི་དོན་དམ་པར་འགྱུར་ཞེས་སོགས་ནི་བསྟན་བཅོས་སོ། །ཐབས་དང་མི་དམིགས་པ་དག་གིས། །དགེ་བའི་རྩ་ལ་ཡི་རང་ལ། །རྗེས་སུ་ཡི་རང་ཡིད་བྱེད་པ། །བསྒོམ་པ་ཡིན་པར་འདིར་བརྗོད་དོ། །ཞེས་སོ། །ཆོས་ཐམས་ཅད་དངོས་པོའི་རང་བཞིན་མེད་པ་དང༌། རྗེས་སུ་ཡི་རང་བ་མི་འགལ་བར་བསྒྲུབ་པ་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་དང༌། མཚན་མ་ཐམས་ཅད་མི་དམིགས་པ་དག་གིས། དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་པ་ནི་དེ་བཞིན་ཉིད་ཇི་ལྟ་བཞིན་དུ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་དམ་པ་བསྒོམ་པའི་ཚུལ་ནི་ཡིན་པར་སྐབས་འདིར་བརྗོད་ཅིང་བསྟན་པ་ཉིད་དོ། །མོས་བསྔོ་དང་རྗེས་སུ་ཡི་རང་འདི་དག་ཟག་བཅས་སུ་འཆད་པ་ནི་མདོ་དང་འགལ་ཞིང་ཟག་བཅས་བཏགས་པ་པར་བཤད་པ་ལ་ཡང་དགོས་པ་མེད་དོ། །མདོ་ལས་མོས་སོགས་འདི་དག་ཟག་པ་མེད་པ་དང༌། མཚན་མ་མེད་པ་དང༌། དམིགས་པ་མེད་པ་དང༌། ཁམས་གསུམ་ལས་འདས་པར་གསུངས་པའི་ཕྱིར་རོ། །དེ་རྣམས་ཀྱིས་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་དང༌། ཞེས་པ་དེ་བཤད་ཟིན་ཏོ། ། ༡༠༽སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་སྒྲུབ་པ་བསྟན་པ། ད་ནི་སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་བསྟན་ཏོ། །ཉི་ཁྲིའི་ལེའུ་ཉེར་ལྔ་པ་ལས་ཤེར་ཕྱིན་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །ཞེས་སོགས་དང༌། གཟུགས་སོགས་སྒྲུབ་པ་མེད་པའི་ཕྱིར་ཤེར་ཕྱིན་སྒྲུབ་པར་བྱའོ། །ཞེས་སོགས་ནི་བསྟན་བཅོས་སུ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་པ་མེད་པར་ནི། །གཏོང་པར་བྱེད་པ་དོན་ཆེན་ཉིད། །ཅེས་སོ། །དེ་ལ་ཤེར་ཕྱིན་ཟབ་མོ་དེའི་ངོ་བོ་ནི་་སྐྱོན་དང་མུན་པ་ཐམས་ཅད་བསལ་བས་ཤིན་ཏུ་རྣམ་པར་དག་ཅིང་སྣང་བར་བྱེད་པའི་ངོ་བོ་ཉིད་དང༌། ཤེར་ཕྱིན་དེ་ཕར་ཕྱིན་གཞན་རྣམས་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མཆོག་ཉིད་དང༌། གཟུགས་སོགས་སྒྲུབ་པ་མེད་པ་ནི་གཟུགས་སོགས་ཀུན་ལ་མངོན་པར་འདུ་མི་བྱེད་ཅིང་ཆོས་གང་ཡང་ཐོབ་པར་མི་བྱེད་པའི་ཤེར་ཕྱིན་དེ་བསྒྲུབ་པ་དང༌། ཤེར་ཕྱིན་དེས་དམིགས་པའི་ཚུལ་གྱིས་ཆོས་གང་ཡང་ཐོབ་པར་མི་བྱེད་ཀྱི། ཆོས་རྣམས་དམིགས་པ་མེད་པར་རྣལ་འབྱོར་པའི་རྒྱུད་གང་ཡིན་པ་དེ་ལ་ཅི་གཏོད་ཅིང་ཐོབ་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་ཡིད་ཆེས་པས་གཟུགས་སོགས་བཏགས་པའི་ཆོས་ཐམས་ཅད་ལ་ཡིད་མི་ཆེས་ཤིང༌། བཏགས་པའི་ཆོས་ཐམས་ཅད་མི་དམིགས་པས་ཤེར་ཕྱིན་ལ་ཡིད་ཆེས་པའི་ཕྱིར་ཤེར་ཕྱིན་དེ་ནི་དོན་དམ་ཆེན་པོ་ཉིད་ཡིན་ནོ། །ཤིན་ཏུ་ཟབ་པས་མོས་པར་དཀའ་བའི་ཤེར་ཕྱིན་དེ་ལ་མོས་པའི་རྒྱུ་གང་ཞེ་ན། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཐབས་ལ་མཁས་པ་གང་ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན་ནོ། ། སེམས་དང་པོ་བསྐྱེད་ཕྱིན་ཆད་དགེ་བའི་བཤེས་གཉེན་སངས་རྒྱས་གྲངས་མེད་པ་བསྟེན་ཅིང་བསྙེན་བཀུར་བ་དང༌། སྦྱིན་སོགས་ཕ་རོལ་ཕྱིན་དྲུག་སྤྱད་པ་ནི། སྐལ་པ་དཔག་ཏུ་མེད་པ་ནས་བླ་མེད་བྱང་ཆུབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ཟབ་མོ་འདི་ལ་མོས་རྒྱུ་དང༌། སྦྱིན་སོགས་ལ་མི་དམིགས་པའི་ཚུལ་གྱིས་བརྩོན་ཅིང་ཆོས་ཐམས་ཅད་ཀྱི་འཕེལ་འགྲིབ་མ་མཐོང་བའི་ཐབས་ལ་མཁས་པ་གང་ཡིན་པ། དེ་ནི་བྱང་ཆུབ་སེམས་དཔའ་དབང་རྣོན་ལ་ལས་སེམས་དང་པོ་བསྐྱེད་མ་ཐག་ནས་ཤེར་ཕྱིན་ཟབ་མོ་འདི་ལ་མོས་པའི་རྒྱུ་དག་ཡིན་ནོ། །འོ་ན་མ་མོས་ཤིང་ཤེར་ཕྱིན་ཟབ་མོའི་ཆོས་ཀྱི་འཕོངས་པའི་རྒྱུ་གང་ཡིན་ཞེ་ན། ཆོས་ཀྱི་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་དང༌། །ཕུང་པོ་ལ་སོགས་མངོན་ཞེན་དང༌། །སྡིག་པའི་གྲོགས་པོས་ཡོངས་འཛིན་པའོ། །དེ་ལ་འདིར་དམ་པའི་ཆོས་སྤོང་བ་ལ་སོགས་པའི་རྒྱུ་བཞི་བསྟན་ཏེ། བདུད་ཀྱི་ཐིབས་ཀྱིས་ནོན་ཞིང་བྱིན་གྱིས་བརླབས་པ་དང༌། དེ་བཞི་ན་ཉིད་ལ་སོགས་པ་ཡོངས་གྲུབ་ཟབ་མོའི་ཆོས་ལ་ཡིད་མ་ཆེས་ཤིང་མ་མོས་པ་དང༌། ཕུང་པོ་ལ་སོགས་པ་ལ་བདེན་པའི་དངོས་པོར་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་འཛིན་པ་དང་བཞིའོ། །མདོ་ལས། ཕུང་པོ་ལ་སོགས་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཟྀན་པ་གཉིས་གཅིག་ཏུ་བྱས་ནས། བདག་བསྟོད་ཅིང་གཞན་སྨོད་པ་ལ་རྒྱུ་བཞི་པར་བྱས་སོ། ། བདུད་ཀྱིས་བྱིན་གྱིས་བརླབས་པའི་ངོ་བོ་ནི་བདུད་ལས་འབའ་ཞིག་ལ་དགའ་བའི་སེམས་ཡིན་ནོ། ། སྡིག་པའི་གྲོགས་པོས་ཟིན་པའི་ངོ་བོ་ཡང་ཆོས་སྤོང་ལ་སོགས་པའི་སྡིག་པའི་གྲོགས་དེས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་ལེན་པའི་སེམས་ཡིན་ནོ། །ཤེར་ཕྱིན་ཟབ་མོ་ལ་མོས། མ་མོས་ཀྱི་རྒྱུ་སྟོན་པའི་སྐབས་དོན་ལས་གྲོལ་པའི་བཤད་པ་བྱས་ཡོད་དོ། །འདི་དག་ཉི་ཁྲིའི་ལེའུ་ཉེར་དྲུག་པའི་ཕྱེད་སྔ་མས་སྟོན་ཏོ། །དེ་རྣམས་ཀྱིས་སྒྲུབ་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༡༡༽དག་པ་བཤད་པ།