ཕར་ཕྱིན་མདོ་ལུགས་མ།

དེ་དག་གི་འབྲས་བུ་མཐོང་བའི་ལམ་ནི། བདེན་དང་བདེན་ལ་བཟོད་པ་དང༌། །ཤེས་པའི་སྐད་ཅིག་རྣམ་བཞི་ཡིས། །ལམ་ཤེས་ཉིད་ལ་མཐོང་བའི་ལམ། །ཕན་ཡོན་བཅས་པ་འདི་བཤད་དོ།། ཞེས་པ་ལ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དང༌། འགོག་པ་དང་ལམ་གྱི་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུུ་ཤེས་པའི་སྐད་ཅིག་རྣམ་པ་བཞི་བཞི་བསྟན་པ་ཡིས་ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ལ་མཐོང་བའི་ལམ་མཐོང་ལམ་ཤེས་ཉིད་ལ་སྐད་ཅིག་མ་བཅུ་དྲུག་ཕན་ཡོན་དང་བཅས་པ་འདི་མདོ་ལས་བཤད་དོ། །ལམ་ཤེས་པའི་བདག་ཉིད་ཀྱི་སྐད་ཅིག་མ་རྣམས་གང་ཞེ་ན། དེ་བཞིན་ཉིད་དང་སངས་རྒྱས་དག །ཕན་ཚུན་རྟེན་པ་རྟེན་མེད་ཕྱིར། །རྣམ་གྲངས་ཁས་མི་ལེན་པ་དང༌། །ཆེན་པོ་ཚད་ནི་མེད་བཅས་དང༌། ། དཔག་མེད་པ་དང་མཐའ་མེད་དང༌། །དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །བླང་མེད་དོར་བ་མེད་སོགས་དང༌། །བྱམས་ལ་སོགས་དང་སྟོང་ཉིད་དང༌། ། སངས་རྒྱས་ཉིད་ནི་འཐོབ་པ་དང༌། །རྣམ་པར་བྱང་ཀུན་ཡོངས་སྡུད་དང༌། །ཉམ་ང་བ་དང་ནད་ཀུན་སེལ། །མྱ་ངན་འདས་འཛིན་ཞི་ཉིད་དང༌། །སངས་རྒྱས་རྣམས་ཀྱིས་བསྲུང་ལ་སོགས། །སྲོག་མི་གཅོད་པ་ལ་སོགས་པ། །རྣམ་པ་ཀུན་མཁྱེན་ཚུལ་ལ་ནི། །བདག་ཉིད་གནས་ཏེ་སེམས་ཅན་དག ། འཁོར་དང་སྦྱིན་པ་ལ་སོགས་པ། །རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ། །ལམ་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་པ་འདི་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་བཞིན་ཉིད་དང་སངས་རྒྱས་དག་ཕན་ཚུན་གཅིག་ལ་གཅིག་དམིགས་སུ་མེད་པ་ལ་རྟེན་པ་དང༌། རྟེན་གྱི་དངོས་པོ་མེད་པའི་ཕྱིར་ངོ་བོ་ཐ་དད་པའི་རྣམ་གྲངས་ཁས་མི་ལེན་པའི་ཡེ་ཤེས་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཆེ་བའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཆེ་བ་དང༌། ཡུལ་ཆོས་ཉིད་གཟུགས་སོགས་ཚད་མེད་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཚད་མེད་པ་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་དཔག་ཏུ་མེད་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་དཔག་པ་མེད་པ་སྟེ། དེ་ལྟར་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །དཔག་ཏུ་མེད་པའི་འགྲེས་ནི་ཁྲི་བརྒྱད་སྟོང་པ་ན་ཡོད་ཅིང་དབུ་མ་པ་ཆེན་པོ་དབྱིག་གཉེན་ཀྱིས་ཀྱང་བཀྲལ་ལོ། །ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་ནི་ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་མཐའ་དང་དབུས་མེད་པའི་ཕྱིར་ཡུལ་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་མཐའ་མེད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་ནི་ཆོས་སྐུའི་བདག་ཉིད་ཀྱི་སྦྱིན་སོགས་ནས་རྣམ་མཁྱེན་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་དེར་གནས་ཤིང་སློབ་པའི་བྱང་ཆུབ་སེམས་དཔའི་གཟུགས་ལ་སོགས་པ་ཕུང་པོ་ལ་སངས་རྒྱས་ཉིད་དུ་ངེས་པར་འཛིན་སྐབས་ཀྱི་ཡེ་ཤེས་ཏེ། དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དོ། ། དེ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དོན་དམ་པར་སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མེད་པས་དེ་བཞིན་མེད་པས་དེ་བཞིན་གཤེགས་པ་ཉིད་དོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་ལ་བྱེ་བྲག་མེད་པས་དེ་བཞིན་གཤེགས་པ་ཉིད་དོ་ཞེས་བརྗོད་པར་བྱའོ། ། ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བཟང་པ་དང་ངན་པའི་དངོས་པོ་མེད་པས་གཟུགས་སོགས་བླང་བ་མེད་པ་དང༌། དོར་བ་མེད་པ་དང་ལ་སོགས་པའི་སྒྲས་གཟུགས་སོགས་མི་འཛིན་མི་འདོར་བའི་ཚུལ་གྱིས་རྣམ་མཁྱེན་ཉིད་ཡོངས་སུ་འཛིན་པའི་ཡེ་ཤེས་དང། ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་སེམས་ཅན་ཐམས་ཅད་ལ་བྱམས་སོགས་ཚད་མེད་པ་བཞི་མི་དམིགས་པའི་ཚུལ་གྱིས་བསྒོམ་པས་མི་དང་མི་མ་ཡིན་པས་གླགས་མི་རྙེད་པའི་ཡེ་ཤེས་སྟེ། དེ་ལྟར་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞིའོ། །འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ནིམི་དམིགས་པའི་ཚུལ་གྱིས་སྟོང་ཉིད་ཐམས་ཅད་བསྒོམས་པའི་གང་དུ་འདུག་ཀྱང་བག་ཚ་བ་འམ་འཇིག་པ་གང་ཡང་མེད་པའི་ཡེ་ཤེས་དང༌། འགོག་པ་ལ་ཆོས་ཤེས་པ་ནི་ཚེ་འདིའི་ཡོན་ཏན་གྱི་ཕན་ཡོན་སེམས་ཅན་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་ལ་སོགས་པ་དང་བདུད་རིས་རྣམས་ཀྱི་བསམ་ངན་ཞི་བ་དང་ཚེ་ཕྱི་མ་ལ་ཡང་སངས་རྒྱས་ཉིད་ནི་འཐོབ་པར་བྱེད་པའི་ཡེ་ཤེས་དང༌། འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་སྦྱིན་སོགས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་འཛིན་པས་རྣམ་པར་བྱང་བའི་ཆོས་ཀུན་ཡོངས་སུ་བསྡུས་པའི་ཡེ་ཤེས་དང༌། འགོག་པ་ལ་རྗེས་སུ་ཤེས་པ་ནི་མུ་སྟེགས་ཅན་ལ་སོགས་པས་བྱས་པའི་ཉམ་ང་བའི་གནོད་པ་ཀུན་དང་དུག་གི་ནད་ལ་སོགས་པ་ནད་ཀུན་སེལ་བའི་ཡེ་ཤེས་དེ་དེ་ལྟར་འགོག་པའི་བདེན་པའི་སྐད་ཅིག་མ་བཞིའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་གཟུགས་སོགས་ནས་རྣམ་མཁྱེན་གྱི་བར་དངོས་པོར་འཛིན་པ་དང་མྱ་ངན་ལས་འདས་པའི་དངོས་པོར་འཛིན་པ་ཞི་བར་བྱེད་པའི་ཡེ་ཤེས་གང་ཡིན་པ་ཉིད་དང༌། ལམ་ལ་ཆོས་ཤེས་པ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྲུང་བ་དང་ལ་སོགས་པའི་སྒྲས་བསྐྱབས་པ་དང་བསྐྱང་བར་མཛད་པའི་ཡེ་ཤེས་དེ་ཕྱི་རོལ་གྱི་གནོད་པ་ལས་བསྲུང་བ་དང༌། ནང་གི་ནད་ལ་སོགས་པ་ལས་བསྐྱབས་པ་དང༌། ལུས་ཀྱི་བདེ་བར་བསྒྲུབ་པས་བསྐྱང་བར་མཛད་པའོ། །ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུ་དང༌། སྦྱིན་པ་ལ་སོགས་པ་རྣམ་པ་ཀུན་མཁྱེན་པའི་ཚུལ་ནི། བདག་ཉིད་གནས་ཏེ་སེམས་ཅན་གཞན་དག་ཀྱང་དེ་ལ་འགོད་པའི་ཡེ་ཤེས་དང༌། ལམ་ལ་རྗེས་སུ་ཤེས་པ་ནི་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་གཏོང་བ་ལ་སོགས་པ་ཤེས་རབ་བསྒོམ་ཡང་དེ་དག་སེམས་ཅན་ཐམས་ཅད་ཐུན་མོང་དུ་བྱས་ཤིང༌། མི་དམིགས་པའི་ཚུལ་གྱིས་རྫོགས་པའི་བྱང་ཆུབ་དུ་བསྔོ་བའི་ཡེ་ཤེས་དེ་དེ་ལྟར་ལམ་བདེན་པའི་སྐད་ཅིག་མ་བཞིའོ། །དེ་ལྟར་ན་ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ལ་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་གནས་སྐབས་དང་མཐུར་ཐུག་གི་ཕན་ཡོན་ཆེན་པོ་དང་བཅས་པའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྔོན་དུ་སོང་བ་དེ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་རྣམ་པར་མི་རྟོག་པ་མཐོང་སྤང་གི་དྲི་མ་མེད་ཅིང་གཟུངས་འཛིན་གཉིས་དང་བྲལ་བའི་ས་དང་པོ་ཐོབ་པ་ནི་མཐོང་བའི་ལམ་སྐད་ཅིག་མ་བཅུ་དྲུག་དེ། དབུ་མ་ཆེན་པོ་མོད་སྡེའི་རྒྱན་ལས། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། ། རྣམ་པར་མི་རྟོག་དྲི་མ་མེད། ། འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། ཅེས་སོ། །དེ་རྣམས་ཀྱིས། འདི་དང་གཞན་པའི་ཡོན་ཏན་གྱིས་ཕན་ཡོན་ཆེ་བ་མཐོང་བའི་ལམ། ཞེས་པ་དེ་བཤད་ཟིན་ཏོ། ། ༦༽སྒོམ་ལམ་གྱི་བྱེད་པ་སྟོན་པ། ད་ནི་སྒོམ་ལམ་གྱི་བྱེད་པ་སྟོན་ཏེ། མདོ་ལས། ཤེར་ཕྱིན་ནི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་དུལ་བ་དང༌། ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཤེར་ཕྱིན་བསྒོམས་པས་རང་བཞིན་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་པ་དང༌། དུག་དང་བྱད་དང་མེ་ལ་སོགས་པས་མི་གནོད་པ་དང༌། བླ་ན་མེད་པའི་བྱང་ཆུབ་འཐོབ་པ་དང༌། ཤེར་ཕྱིན་གྱི་སྙིང་པོ་རྡོ་རྗེ་གདན་གྱི་ས་ཕྱོགས་མཆོད་རྟེན་དུ་བྱས་ཞེས་བསྟན་ཏེ་བསྟན་བཅོས་སུ། ཀུན་ནས་ཞི་དང་ཐམས་ཅད་ལ། །བདུད་དང་ཉོན་མོངས་ལས་རྒྱལ་དང༌། །གནོད་པས་རྫི་བ་མེད་ཉིད་དང༌། །བྱང་ཆུབ་དང་ནི་མཆོད་རྟེན་ཉིད། །ཅེས་སོ། །དེ་ལ་ཤེར་ཕྱིན་གྱིས་བྱང་ཆུབ་སེམས་དཔའ་ཀུན་ནས་ཞི་ཞིང་དུལ་བ་དང་ཐམས་ཅད་དུ་གཞན་ལ་འདུད་ཅིང་ང་རྒྱལ་དང་རློམ་སེམས་མེད་པ་དང༌། ཆགས་སོགས་ཉོན་མོངས་ལས་རྒྱལ་བ་དང༌། དུག་དང་མཚོན་ལ་སོགས་པའི་གནོད་པས་རྫི་བ་མེད་པ་ཉིད་དང༌། བྱང་ཆུབ་འཐོབ་པར་བྱེད་པ་དང་ནི་ཤེར་ཕྱིན་སྒོམ་པའི་ལམ་ཡོངས་སུ་རྫོགས་པའི་ཚེ་སྙིང་པོ་རྡོ་རྗེ་གདན་དུ། བཞུགས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ས་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་ཉིད་དུ་བྱས་པས་མེ་ཏོག་ལ་སོགས་པས་མཆོད་པར་གྱུར་ཏོ། །དེ་རྣམས་ཀྱིས་བྱེད་པ་དང་ནི་ཞེས་པ་དེ་བཤད་ཟིན་ཏོ། ། ད་ནི་སྒོམ་པའི་ལམ་ཉིད་སྟོན་ཏེ། དེ་ལ་མོས་པ་དང་བསྔོ་བ་དང༌། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་དང༌། སྒྲུབ་པ་དང་ཤིན་ཏུ་དག་པ་སྟེ་ལྔ་ཡོད་པ་ལས། ༧༽མོས་པ་བཤད་པ།