ཕར་ཕྱིན་མདོ་ལུགས་མ།

ས་བདུན་པའི་བར་དུ་ནི་རྩོལ་བ་དང་བཅས་པར་མཚན་མ་མེད་པ་གནས་པ་དག་གོ། ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དག་གོ། དེ་ནས་ས་བཅུ་པའི་པར་དུ་ནི་སྤྱོད་པ་ལ་ངེས་པ་ཞུགས་པ་དག་གོ། དེ་ཡན་ཆད་ནི་སྐྱེ་བ་ནི་གཅིག་གིས་ཐོགས་པ་དག་གོ། ཞེས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། འགྲེལ་ཆེན་དྲི་མེད་འོད་རྣམས་སུ་བྱང་ཆུབ་སེམས་དཔའི་འོད་རྣམས་སུ་བྱང་ཆུབ་སེམས་དཔའི་རྣམ་པར་བཞག་པ་བཅུ་གསུངས་སོ། །ལམ་ཤེས་ཉིད་ཅེས་པ་ནི། བྱང་ཆུབ་སེམས་དཔའ་དང་པོའི་སེམས་བསྐྱེད་ཅིང་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་ཆོས་ཀྱི་སྦྲིན་ལ་ཐུག་པའི་པར་དུ་ཀུན་འགྲོ་བའི་དོན་དང༌། མཆོག་གི་དོན་ལ་སོགས་པ་རབ་ཏུ་རྟོགས་པས་དེ་བཞིན་ཉིད་ཡོངས་སུ་སྤྱོད་བ་ལ་ཞུགས་པ་གནས་གྱུར་པའི་རྒྱུར་གྱུར་པ་དང༌། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་རྣམ་མཁྱེན་གྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པའི་ཡེ་ཤེས་ནི་ལམ་གྱི་རྣམ་པས་འཇུག་པའི་ཕྱིར་ལམ་ཤེས་ཏེ། ལམ་ཤེས་དེ་ཉིད་ཀྱིས་འཇིག་རྟེན་གྱི་དོན་ཕན་དང་བདེ་དང་སྐྱོབ་པ་ལ་སོགས་པ་བསྒྲུབ་པར་མཛད་པ་གང་ཡིན་པའོ། །གང་དང་ཡང་དག་ལྡན་ཞེས་པ་ནི། རྣམ་མཁྱེན་དང་ལྡན་པ་སྟེ། དེ་ནས་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ་ཆོས་ཀྱི་སྐུར་རབ་ཏུ་རྟོགས་པ་བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་པའི་འབྲས་བུ་ཡེ་ཤེས་ནི་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། དེ་དང་ཡང་དག་པར་ལྡན་པས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་པྲ་ཕབ་དང་མཚུངས་པའི་སྟོང་ཉིད་ཟབ་མོ་སྟོན་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་ཤེར་ཕྱིན་ལ་སོགས་པ་འདི་གསུང་བར་མཛད་པ་གང་ཡིན་པའོ། །ཇི་སྐད་དུ། འགྲེལ་ཆེན་དྲི་མེད་འོད་ལས། འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་དང་རྣམ་པར་རྟོག་པ་དང་བྲལ་བ་པྲ་ཕབ་པ་དང་མཚུངས་པ་སྐད་ཅིག་རྣམ་བྲལ་དེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ་ཞེས་གསུངས་སོ། ། དེས་ན་དོན་དམ་པའི་སྲིད་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང༌། སྐྱེ་འཇིག་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། འགྲེལ་ཆེན་དེ་ཉིད་ལས། སྐད་ཅིག་གཅིག་དང་དུུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་སོ། །དེ་ལྟར་ན་ཉན་རང་རྣམས་ཉེར་ཞིར་ཁྲིད་པར་མཛད་པའི་ཀུན་ཤེས་པ་ཉིད་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པའི་ལམ་ཤེས་པ་ཉིད་གང་ཡིན་པ་དང༌། སངས་རྒྱས་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་དག་རྣམས་ནི་ངོ་བོ་ཐ་དད་པའི་མཁྱེན་པ་གསུམ་གང་ཟག་སོ་སོའི་རྒྱུད་ལ་མངའ་བ་རྣམས་ཡིན་ནོ། །གང་ལ་བསླབས་ན་འཕགས་པ་དེ་རྣམས་འབྱུང་ཞིང་བཞེད་པ་ཐམས་ཅད་བསྒྲུབ་པར་མཛད་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ཆོས་མཐའ་དག་བསྐྱེད་པར་བྱེད་པ་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་དབྱིངས་ཡིན་ཏེ། དེ་ཉིད་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་མཆོད་འོས་བསྟོད་འོས་ཕྱག་གི་གནས་སུ་གྱུར་པ་དེ་ལ་རྒྱལ་བ་བྱམས་པ་བདག་ཀྱང་ཕྱག་འཚལ་ལོ། །དེ་ཉིད་ནི་གང་ལ་བསླབ་པར་བྱ་བའི་ཡུལ་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པར་འགྱུར་བའི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་གྱི་བདག་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་མཁྱེན་པ་གསུམ་ངོ་བོ་གཅིག་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པའི་གཉིས་མེད་ཡེ་ཤེས་ཡིན་ནོ། །དེ་ནས་ལམ་བདེན་གྱིས་བསྡུས་ཤིང་གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་གཞན་བྱུང་ཡེ་ཤེས་ནི་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་བསྐྱེད་བྱེད་ཀྱི་ཡུམ་མ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་ཡོད་པའི་འདུས་བྱས་ཀྱི་དངོས་པོ་གཅིག་ཉིད་དུས་གསུམ་གྱི་གང་ཟག་གཞན་དང༌། གཞན་གྱི་རྒྱུད་ལ་འཕོ་བ་མི་སྲིད་པའི་ཕྱིར་དང༌། དེ་དང་རིགས་འདྲ་བའི་དངོས་པོ་གཞན་དང་གཞན་གྱིས་གང་ཟག་གཞན་དང་གཞན་གྱི་རྒྱུད་ལ་ཡོན་ཏན་གྱི་ཆོས་བསྐྱེད་པ་ཡིན་ན་ཡང་དེ་ཉིད་ཀྱི་བསྐྱེད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདུས་བྱས་ཀྱི་ཡེ་ཤེས་གཅིག་ཉིད་དུས་གསུམ་གྱི་འཕགས་པ་ཐམས་ཅད་ཀྱི་ཡུམ་ཡིན་པར་འགལ་ཞིང་དུུ་མ་ཡིན་པ་ལ་ཡང་ལུང་གི་གནོད་དོ། །ཇི་སྐད་དུ། །ཡོན་ཏན་རིན་ཆེན་སྡུད་པ་ལས། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཀྱང༌། །ཡུམ་གྱུར་ཤེས་རབ་དམ་པ་འདི་ལ་དགོངས་པ་མཛད། །གང་དག་འདས་དང་ཕྱོགས་བཅུའི་འཇིག་རྟེན་མགོན་གང་དང༌། །མ་འོངས་དུས་ན་འབྱུང་འགྱུར་དེ་དག་འདི་ལས་བྱུང༌། །འཇིག་རྟེན་སྟོན་པ་རྒྱལ་བ་རྣམས་ཀྱི་བསྐྱེད་བྱེད་ཡུམ།། ཞེས་གསུངས་སོ། །དེ་ཕྱིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཡུམ་གཅིག་པ་འདི་ལས་བྱུང༌། ཞེས་གསུངས་པར་འགྱུར་གྱི་དུ་མ་ལས་བྱུང་ཞེས་ནི་མ་གསུངས་སོ། །བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཞེས་པས་ཀྱང་འཕགས་པ་ཐམས་ཅད་ཀྱི་ཡུམ་གཅིག་ཉིད་དུ་བསྟན་ཏོ། །དེས་ན་འདིར་འདུས་བྱས་ཀྱི་དངོས་པོ་གང་ལ་ཡང་འཕགས་པ་ཐམས་ཅད་ཀྱི་ཡུམ་དུ་མི་རུང་བའི་ཕྱིར་དོན་དམ་པ་ཆོས་ཀྱི་དབྱིངས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཡེ་ཤེས་དང་འཕགས་པ་ཐམས་ཅད་ཀྱི་ཡུམ་གཅིག་པུ་ཉིད་ཡིན་ཏེ། ཡང་དེ་ཉིད་ལས། མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སླབ། ། འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །འདས་དང་མ་བྱོན་ཕྱོགས་བཅུའི་འཇིག་རྟེན་མགོན་པོ་རྣམས། །དེ་དག་འདི་ལས་འཁྲུངས་ཀྱང་ཆོས་དབྱིངས་ཟད་མི་འགྱུར། །ཞེས་པས་ནི་ཆོས་དབྱིངས་དེ་ཉིད་ཆོས་ཀྱི་གཏེར་དང་མཆོག་དང་ཆོས་ཀྱི་མཛོད་དང་དོན་དམ་པ་དང་གཤིས་ལུགས་ཀྱི་སངས་རྒྱས་དང་རང་བཞིན་གྱི་རིགས་དང༌། འགྲོ་བའི་བདེ་བའི་མཛོད་དང༌། སྐྱིད་པའི་མཛོད་དང༌། དུས་གསུམ་གྱི་རྒྱལ་བ་རྣམས་དེ་ལས་འཁྲུངས་ཀྱང་གཅིག་པུ་དེ་ཉིད་ཟད་པར་མི་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་སོ། །དེ་ལྟར་བསྟན་པ་དེ་རྣམས་ཀྱིས་ནི་བསྟན་བཅོས་ལ་འཇུག་པའི་སྒོ་འདོད་པའི་ལྷ་ལ་ཕྱག་འཚལ་བ་བཤད་ཟིན་ཏོ། ། ༼༢༽དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱིས་ཤེར་ཕྱིན་བསྟན་པ། ད་ནི་དགོས་འབྲེལ་བསྟན་ནས་དངོས་པོ་བརྒྱད་ཀྱིས་ཤེར་ཕྱིན་བཤད་པ་གང་ཡིན་པ་དེ་སྟོན་ཏོ། ། ༡༽དགོས་འབྲེལ་བསྟན་པ། དེ་ལ་ཐོག་མར་དགོས་འབྲེལ་བསྟན་པ་ནི། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །སྟོན་པས་འདི་ལས་བཤད་པ་གང༌། གཞན་གྱིས་མྱོང་བ་མ་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། ། མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར། །བདེ་བླག་ཏུ་ནི་རྟོགས་པ་ཞེས། །བྱ་བ་རྩོམས་པའི་དགོས་པ་ཡིན། །ཞེས་གསུངས་སོ། །ཡང་དེ་ལ་ཡིག་ཆ་ཕལ་བ་རྣམས་སུ་དགོས་འབྲེལ་གྱི་ཆོས་བཞིར་ཡོངས་སུ་གྲགས་ཤིང༌། འཆད་ལུགས་ཀྱང་ཅི་རིགས་པར་མཐོང་བའི་ཕྱིར། ཡིད་ཆེས་ཀྱི་གནས་སུ་མི་འཛིན་ཏོ། །གཞུང་འདི་ནི་ས་བཅུ་པས་མཛད་པ་ཡིན་པར་ཕྱིར། དགོས་འབྲེལ་ཡང་ས་བཅུ་པ་རྣམས་ཀྱི་རྗེས་སུ་འབྲང་སྟེ་བསྟན་པར་བྱ་དགོས་སོ། །འདི་ལ་བརྗོད་པར་བྱ་བ་དང༌། བརྗོད་པར་བྱེད་པ་དང༌། འབྲེལ་བ་དང༌། དགོས་པ་དང། དགོས་པའི་དགོས་པ་སྟེ་རྣམ་པ་ལྔའོ། ། དེས་ན་སེམས་བསྐྱེད་པ་ལ་སོགས་པའི་རིམ་པས་གསུང་བར་འགྱུར་བའི་དོན་དངོས་པོ་བརྒྱད་ཀྱི་ངོ་བོ་ཉིད་ཀྱིས་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་ཀྱི་མདོ་རྣམས་ནི་བརྗོད་པར་བྱེད་པའོ། །བརྗོད་བྱ་དང་བརྗོད་བྱེད་འདི་དག་ཕན་ཚུན་བརྗོད་བྱ་བརྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ། །དེ་ནས་ཆོས་སྤྱོད་བཅུའི་རིམ་པས་ལམ་ལ་འཇུག་ཅིང་སློབ་པ་ནི་དགོས་པའོ། །སྦྱོར་བ་བཞིའི་ངོ་བོ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བརྟེན་ནས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་འབྲས་བུ་ཆོས་ཀྱི་སྐུ་ཐོབ་ཅིང༌། མཛད་པའི་འཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པ་ནི་དགོས་པའི་དགོས་པའོ། །གལ་ཏེ་སྟོན་པས་གསུངས་པའི་མདོ་ཉིད་ལས་དགོས་པ་ལ་སོགས་པ་དེ་ལྟར་གྲུབ་ན། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་འདི་བརྩམས་པ་ལ་དགོས་པ་མེད་དོ། །ཞེ་ན། མེད་པ་མ་ཡིན་ཏེ། གང་གི་ཕྱིར། བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་རྩོམ་པའི་དགོས་པ་ཡིན། ཞེས་འབྲེལ་ལོ། །ཚུལ་ཇི་ལྟར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྟོན་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གྱི་མདོ་འདི་ལས་བཤད་པའི་དོན་གང་ཡིན་པ་བྱང་ཆུབ་སེམས་དཔའ་ལས་གཞན་མཚན་མ་ལ་སྤྱོད་ཅིང་དམིགས་པའི་འདུ་ཤེས་ཅན་གྱིས་མྱོང་ཞིང་རྟོགས་པ་མ་ཡིན་པ་དེ་གང་ཡིན་ན། ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་ཡིན་ལ། ཚིག་ལེའུར་བྱས་པ་འདི་ཐོས་པ་ལས་དཀའ་ཚེགས་ཆུང་ངུས་མདོའི་དོན་དེ་མི་བརྗེད་པའི་དྲན་པ་ལ་བཞག་ནས་བློ་དང་ལྡན་པ་བྱང་ཆུབ་སེམས་དཔས་མདོ་རྣམས་མཐོང་བ་ཙམ་གྱིས་མདོའི་དོན་རྟོགས་པར་འགྱུར་བའི་ཕྱིར། མདོའི་དོན་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་གང་ཡིན་པ་དེ་ཚིག་ལེའུར་བྱས་པ་འདི་རྩོམ་པའི་དགོས་པ་ཡིན་པའི་ཕྱིར་དགོས་པ་མེད་པར་མི་འགྱུར་རོ། །དེ་ལ་སོ་སོའི་ངོ་བོ་ངོས་འཛིན་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་ཞེས་པ་ནི་སློབ་པའི་གནས་སྐབས་ན་རྣམ་མཁྱེན་ཉིད་ལམ་ཡིན་པའི་ཕྱིར། རྣམ་མཁྱེན་ལ་བསླབ་པས་ལམ་ལ་བསླབ་པར་ཡང་འགྱུར་རོ། །དེ་བཞིན་དུ་གང་དང་གང་ལ་སློབ་པའི་གནས་སྐབས་སུ་དེ་དང་དེ་ལམ་ཡིན་པའི་རྣམ་མཁྱེན་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་ཀྱང་དེ་དག་ལ་སློབ་པའི་གནས་སྐབས་སུ་དེ་དག་ལམ་ཡིན་པར་གསུངས་ཏེ། འཕྲིན་ལས་ཀྱི་སྐབས་སུ་མདོ་ལས། བྱང་ཆུབ་ཉིད་ཀྱང་ལམ་མོ་ལམ་ཉིད་ཀྱང་བྱང་ཆུབ་པོ་ཞེས་དང༌། དེ་ཉིད་ཀྱི་འགྲེལ་བ་གནོད་འཇོམས་ལས། གཉིས་ཀ་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་གང་་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་བྱང་ཆུབ་ཅེས་བྱའོ། །ཞེས་དང༌། ཡང་སྐབས་དེ་ཉིད་ཀྱི་མདོ་ལས་ཆོས་་ཀྱི་དབྱིངས་ལ་བསླབ་པས་ན་ཆོས་ཐམས་ཅད་ལ་བསླབ་པ་ཡིན་ནོ། །ཞེས་དང༌། འདི་ལྟར་དེས་རྟག་ཏུ་རྒྱུན་མི་འཆད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པའི་ཕྱིར་ཏེ། དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་བསྒོམས་པས་ལམ་ཐམས་ཅད་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ཏེ། ཉན་ཐོས་ཀྱི་ལམ་མམ། རང་སངས་རྒྱས་ཀྱི་ལམ་མམ། བྱང་ཆུབ་སེམས་དཔའི་ལམ་མམ། སངས་རྒྱས་ཀྱི་ལམ་དག་ཀྱང་ཤིན་ཏུ་བསྒོམས་པ་ཡིན་ནོ་ཞེས་རྣམ་མཁྱེན་བསྒོམ་པ་ཉིད་ལ་ལམ་བསྒོམ་པ་ཡིན་པར་་གསུངས་སོ། །འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པའི་སྐུའི་གསང་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ལམ་དུ་བལྟའོ། །ཞེས་ཆོས་ཀྱི་སྐུ་ཉིད་རྣམ་དག་ལེགས་པའི་ལམ་དུ་གསུངས་སོ། །བྱང་ཆུབ་སེམས་དཔའི་ས་ལས་དངོས་པོ་གང་ཡིན་པ་དེ་དང་དངོས་པོ་མེད་པ་འདི་གཉིས་ཀྱི་ཡོད་པ་དང་མེད་པ་ལ་རྣམ་པར་གྲོལ་བའི་ཆོས་ཀྱི་མཚན་ཉིད་ཀྱིས་བསྡུས་པའི་དངོས་པོ་དེ་ན་གཉིས་སུ་མེད་པ་ཡིན་ནོ། །གཉིས་སུ་མེད་པ་གང་ཡིན་པ་དེ་ནི་དབུ་མའི་ལམ་མཐའ་གཉིས་སྤངས་པ་བླ་ན་མེད་པ་ཞེས་བྱ་སྟེ་ཞེས་དང། དབུས་མཐའི་འགྲེལ་པ་ལས་ཀྱང་གལ་ཏེ་ཆོས་ཀྱི་དབྱིངས་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་དག་པར་འགྱུར་བའོ་སྙམ་ཏུ་རྣམ་པར་རྟོག་ན། འདི་ནི་མཐའ་སྟེ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པ་མེད་པའི་ཕྱིར་རོ། །མཐའ་དེ་གཉིས་ཡོངས་སུ་སྤངས་པའི་ཕྱིར་དབུ་མའི་ལམ་སྟེ། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་བར་མི་བྱེད་ཀྱི་ཆོས་རྣམས་ཉིད་ཀྱིས་སྟོང་པའོ་ཞེས་འབྱུང་བ་ལ་སོགས་པའོ། །ཞེས་གསུངས་དེ་མདོ་རྒྱུད་དང་བསྟན་བཅོས་ཁུངས་མ་རྣམས་སུ་ཆོས་ཀྱི་དབྱིངས་ཉིད་དབུ་མའི་ལམ་དུ་གསུངས་པའི་དགོངས་པ་ནི་གང་དང་གང་ལ་སློབ་པའི་གནས་སྐབས་དེར་དེ་དང་དེ་ཉིད་ལམ་དུ་བསྟན་པར་སྣང་ངོ༌། །ངེས་འབྱུང་བསྒྲུབ་པའི་སྐབས་སུ་ཡང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་བསྒྲུབ་པ་ཉིད་རྣམ་མཁྱེན་དུ་གསུངས་པ་དང༌།