ཕར་ཕྱིན་མདོ་ལུགས་མ།

ད་ནི་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ཚུལ་ལ་བསེ་རུ་ལྟ་བུའི་ལམ་ཀྱི་སྤངས་རྟོགས་བསྡུས་པ་སྟོན་ཏོ། །མདོ་ལས་གནོད་སྦྱིན་རྣམས་ཀྱི་སྐད། སྨྲ་བ་དང༌། བརྗོད་པ་དང༌། ཚིག་གང་ཡིན་པ་དེ་ནི་བརྗོད་ན་ཤེས་པར་རུང་གི། རབ་འབྱོར་ཤེར་ཕྱིན་སྟོན་པ་འདི་ནི་ཤེས་པར་མི་རུང་ངོ༌། ཞེས་པ་ལ་སོགས་པས་དང་པོར་སྟོན་པ་པོ་གཞན་ལ་མ་ལྟོས་པར་ཡང་ཇི་ལྟར་ཉན་པར་འདོད་པའི་ཤེར་ཕྱིན་གྱི་ཆོས་རང་ཉིད་ཀྱིས་སྤྲུལ་པ་དང་རྨི་ལམ་དང་བྲག་ཆ་དང༌། སྒྱུ་མ་ལྟ་བུས་རྟོགས་པའི་རྒྱུས། བསེ་རུ་ལྟ་བུའི་ཡེ་ཤེས་ནི་ཉན་ཐོས་ཀྱི་ཡེ་ཤེས་ལས་ཟབ་པ་ཉིད་དུ་བསྟན་པ་ཏེ། བསྟན་བཅོས་སུ་འདི་ལྟ་སྟེ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ།། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཟབ་པ་ཉིད་དུ་མངོན་པར་བརྗོད། །འདི་ལ་དེ་བཞིན་གཤེགས་པའི་སྤྲུལ་པས་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་པའི་དཔེ་དང༌། མི་གཅིག་གི་རྨི་ལམ་དེ་བཞིན་གཤེགས་པ་ཆོས་སྟོན་པའི་དཔེ་དང༌། མི་གཉིས་ཀྱི་རི་ཁྲོད་དུ་དཀོན་མཆོག་གསུམ་གྱི་སྔགས་པ་བརྗོད་ན་གཅིག་གི་བྲག་ཆས་གཅིག་ཤོས་ཀྱི་བྲག་ཆ་སྒྲ་མི་ཤེས་པའི་དཔེ་དང༌། སྒྱུ་མ་མཁན་གྱིས་སྤྲུལ་པའི་སངས་རྒྱས་ཀྱི་སྤྲུལ་པའི་འཁོར་བཞི་ལ་ཆོས་བསྟན་པའི་དཔེ་སྟེ། དཔེ་བཞིའི་སྒོ་ནས་ཆོས་སྟོན་པ་པོ་དང་ཉན་པ་ལ་སོགས་པར་ཡེ་ཤེས་ལ་སྣང་ཡང་དེ་དང་དེའི་དངོས་པོ་མེད་པས་སུས་ཀྱང་བཤད་པ་དང་ཉན་པ་དང་ཐོས་པ་དང་ཤེས་པ་མེད་པའི་ཕྱིར་རང་བྱུང་བདག་ཉིད་ཀྱིས་སྲིད་པ་ཐ་མ་ལ་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་སྤྲུལ་པ་དང་རྨི་ལམ་ལ་སོགས་པའི་སྣང་བ་ལྟར་སྟོན་པ་པོ་ལ་སོགས་པར་ཡེ་ཤེས་ལ་ཤར་བའི་ཚུལ་གྱིས་སེམས་རྟོགས་པའི་ཕྱིར། སྲིད་པ་ཐ་མའི་ལུས་ཐོབ་ཅིང༌། དགྲ་བཅོམ་པ་མངོན་དུ་བྱེད་ན། སློབ་དཔོན་གཞན་གྱིས་སྒྲ་དང་བཅས་པའི་ཆོས་བསྟན་ཡང་མི་དགོས་པར་རྟོགས་པ་ཡིན་ལ་ཇི་ལྟར་རྟོགས་པའི་ཚུལ་ནི་འོག་ནས་ཀྱང་རྒྱས་པར་འཆད་དོ། །བྱང་ཆུབ་སེམས་དཔའི་ས་ལས་ཀྱང༌། །ཉན་ཐོས་རྣམས་དང་རང་སངས་རྒྱས་ཀྱི་བྱེ་བྲག་ནི་འདི་ཡིན་ཏེ། སྲིད་པ་ཐ་མ་ལ་ལུས་ཐ་མ་ཐོབ་པར་གྱུར་པ་ན། སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་གསུམ་དུ་བྱ་སྟེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་སོ། །གལ་ཏེ་གཞན་གྱིས་མ་བསྟན་ཀྱང༌། སྟོན་པ་པོ་ལ་སོགས་པའི་སྣང་བ་ཡེ་ཤེས་ལ་འཆར་བ་ཅི་ཞེ་ན། དེ་ཉིད་ཀྱི་ཕྱིར་བསེ་རུ་ལྟ་བུའི་ཡེ་ཤེས་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི་སྒྲའི་རྐྱེན་ལས་ལྟོས་པའི་ཡེ་ཤེས་ལས་ཟབ་པ་ཉིད་བསྟན་ཏོ། །མདོ་ལས། ཀྱེ་མ་འཕགས་པ་རབ་འབྱོར་འདི་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་སྟོན། ཕྲ་བ་བས་ཀྱང་ཆེས་ཕྲ་པ་ལ་འཇུག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསལ་བར་བྱེད་པའོ། །ཞེས་དང༌། ལྷའི་བུ་དག་གཟུགས་སོགས་དང་གཟུགས་སོགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ཞེས་སོ། །འདི་རབ་འབྱོར་གྱིས་གསལ་བར་བྱས་པའི་ཟབ་པ་དང་ཕྲ་བའི་ཤེར་ཕྱིན་འདི་ནི་བསེ་རུ་ལྟ་བུའི་ཡེ་ཤེས་ཉིད་དོ། །གཟུགས་སོགས་ཟབ་པ་དང༌། ཕྲ་བ་བཀག་པ་ནི། ཀུན་རྫོབ་ཀྱི་གཟུགས་སོགས་གཤིས་ལ་མེད་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་སོགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་དེ་དག་ཟབ་པ་དང་ཕྲ་བའི་དངོས་པོ་མ་ཡིན་ཞེས་པའི་དོན་ཏོ། །དེས་ན་ཉན་རང་དང་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འདོད་པའི་གཟུགས་སོགས་བཏགས་པའི་དངོས་པོ་ཡང་མེད་ཅིང༌། ཆོས་ཉིད་ཀྱི་གཟུགས་སོགས་ཀྱི་ངོ་བོ་བརྗོད་དུ་མེད་པའི་བཟོད་པ་འདི་ལ་མི་རྟེན་དུ་མི་རུང་ངོ༌། ། ད་ནི་སྟོན་པ་པོའི་སྒྲ་མེད་པར་བསེ་རུ་ལྟ་བུའི་ཡེ་ཤེས་ལ་ཇི་ལྟར་སྣང་བའི་ཚུལ་གྱིས་བདག་ཉིད་ཀྱིས་རྟོགས་པ་རྒྱས་པར་སྟོན་ཏོ། །མདོ་ལས། དེ་ནས་ལྷའི་བུ་དག་འདི་སྙམ་དུ་གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱའོ་སྙམ་མོ། །དེ་ནས་རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མའི་སྐྱེས་བུ་འདོད་པར་བྱའོ། །སྤྲུལ་པ་ལྟ་བུར་འདོད་པར་བྱ་སྟེ། དེ་དག་ནི་སུས་ཀྱང་ཉན་པ་དང༌། ཀུན་ཆུབ་པར་བྱེད་བ་དང༌། མངོན་གསུམ་དུ་བྱེད་པ་མེད་དོ། །ཞེས་པ་ལ་སོགས་པ་ནི་བསྟན་བཅོས་ལས། གང་གང་དེ་ནི་གང་གང་ལ། །ཇི་ལྟ་ཇི་ལྟར་ཉན་འདོད་པ། ། དེ་དེ་ལ་དོན་དེ་དང་དེ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང༌། །དེ་ལ་དྲན་པ་ཉེར་བཞག་ལ་སོགས་བ་གང་དང་གང་ཡིན་པའི་ཆོས་ཀྱི་དོན་ནི། རྨི་ལམ་བཞིན་དུ་སྟོན་པ་པོ་སྣང་བའི་གང་ཟག གང་དང་གང་ལ། དཔེ་ཇི་ལྟ་ཇི་ལྟ་བུར་ཉན་པ་པོའི་གང་ཟག་ཏུ་འདོད་པར་བྱ་བ་ནི། སྟོན་པ་པོར་སྣང་བའི་གང་ཟག་དེ་དང་དེ་ལ་ཆོས་ཀྱི་དོན་དེ་དང༌། དེ་སྟོན་པའི་སྒྲའི་དངོས་པོ་མེད་ཀྱང་སྟོན་པ་དང་ཉན་པར་སྣང་པ་དེ་སྒྱུ་མའི་སྐྱེས་བུ་དང་སྤྲུལ་པ་དེ་ལྟ་བུར་བསེ་རུ་ལྟ་བུའི་ཡེ་ཤེས་ལ་སྣང་བའི་ཚུལ་གྱིས་རྟོགས་སོ། །དོན་ནི་དོན་དམ་པར་སྟོན་པ་པོ་དང༌། ཉན་པ་པོ་དང༌། ཐོས་པ་ལ་སོགས་པའི་དངོས་པོ་ཐ་དད་པ་མེད་ཀྱང་སྒྱུ་མ་བཞིན། སྟོན་པ་པོ་ལ་སོགས་པ་ཡེ་ཤེས་ཀྱི་རང་སྣང་འབྱུང་བས་དགྲ་བཅོམ་པའི་འབྲས་བུ་མངོན་གསུམ་དུ་རྟོགས་ཤིང་ཁོང་དུ་ཆུད་ཅེས་པའི་དོན་ཏོ། །མདོ་ལས། སུས་ཀྱང་ཉན་པ་དང༌། རྟོགས་པ་ལ་སོགས་པ་མེད་ཅེས་པ་ནི་སྟོན་པ་པོ་ལ་སོགས་པ་ཀུན་རྫོབ་ཀྱི་དངོས་པོ་ཐ་དད་པ་མེད་པ་ཡིན་གྱི་དོན་དམ་པར་སྒྱུ་མ་བཞིན་དུ་སྟོན་པ་པོ་ལ་སོགས་པ་ཡེ་ཤེས་ཀྱི་རང་སྣང་འབྱུང་བའི་ཕྱིར་དོན་དམ་པའི་ཚུལ་གྱིས་མི་རྟོག་པ་ནི་མ་ཡིན་ཏེ། སྒྲ་མེད་ཀྱང་དེ་དེ་ལྟར་སྣང་ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རབ་འབྱོར་གྱིས་སེམས་ཅན་དང་ཆོས་ཉན་པ་སྒྱུ་མ་ལྟ་བུ་ལ་སོགས་པ་ནས་མྱང་འདས་དང་མྱང་འདས་ལས་ཆེས་ལྷག་པའི་ཆོས་ཞིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུའོ། །ཞེས་པ་སྟོན་པ་ནི་དབུ་མ་པ་ཆེན་པོ་དབྱིག་གཉེན་དང༌། ནཱ་རོ་པཎ་ཆེན་དང༌། འབུམ་ཊིཀ་མཁན་པོ་རྣམས་ཀྱིས་དགངོས་པ་མཐུན་པར་རྨི་ལམ་དང་སྒྱུ་མ་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པའི་དཔེ་བསྟན་གྱི། མྱ་ངན་ལས་འདས་པ་མི་བདེན་པ་དང༌། འཁྲུལ་པ་དང་གཤིས་ལ་མེད་པར་སྟོན་པའི་དཔེར་ནི་མ་བཤད་དོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་ཉན་པ་ནི་སྒྱུ་མ་ལྟ་བུར་འདོད་པར་བྱའོ། །ཞེས་བྱ་བ་ལ་སོགས་པས་དོན་དམ་པར་འཆད་པ་པོ་དང་ཉན་པ་པོ་མེད་པ་ཉིད་དུ་སྟོན་ཏོ། །ཞེས་གསུངས་སོ། །ནཱ་རོ་པཎ་ཆེན་གྱིས་ཀྱང༌། རྣམ་དག་རྣམ་པའི་སེམས་ཀྱིས་ནི། །རང་བཞིན་མྱ་ངན་འདས་པ་ཉིད་ཅེས་པའི་སྐབས་སུ་མདོ་ཉིད་དྲངས༌། འབུམ་ཊིཀ་མཁན་པོས་ཀྱང་ཤིན་ཏུ་རྒྱས་པར་གསུངས་སོ། །དེ་ལྟ་མ་ཡིན་མདོ་ནང་འགལ་བ་དང༌། རྒྱལ་བ་སྲས་བཅས་དགོངས་པ་མི་མཐུན་པའི་སྐྱོན་དུ་ཡང་འགྱུར་རོ། ། མདོ་གཞན་ལས་ཀྱང༌། མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་ནི་་བདེན་པའི་མཆོག་གོ །ཞེས་སོ། ། མདོ་འདི་ཉིད་ཀྱི་འཕྲིན་ལས་ཀྱི་སྐབས་སུ་ཡང༌། འདུས་བྱས་ཀྱི་ཆོས་རྣམས་ནི། ལ་ལ་ཉན་རང་དང་ལ་ལ་བྱང་ཆུབ་སེམས་དཔའི་དང༌། ལ་ལ་དེ་བཞིན་གཤེགས་པའི་དང༌། ལ་ལ་ལས་དང་ཉོན་མོངས་པའི་སྤྲུལ་པ་ཡིན་པའི་ཕྱིར་ཐམས་ཅད་སྤྲུལ་པའོ། །ཆོས་གང་ལ་སྐྱེ་འགག་མེད་པ་མི་མཉམ་པའི་མྱ་ངན་ལས་འདས་པ་ནི་མ་སྤྲུལ་པའོ། །ཞེས་སོགས་ཀྱིས་འདུས་མ་བྱས་ཀྱི་ངོ་བོ་བདེན་པའི་ཆོས་སུ་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ༌། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོགས་པར་བྱེད། །ཅེས་མྱ་ངན་ལས་འདས་པ་ནི་བདེན་པ་གཅིག་བུ་དང༌། ལྷག་མ་འདུས་བྱས་ཀྱི་ཆོས་རྣམས་ནི་བསྟན་བརྫུན་པ་བསླུ་བའི་ཆོས་ཅན་ལོག་པ་ཉིད་དུ་གསུངས་སོ། །དེས་ན་རྨི་ལམ་དང་སྒྱུ་མ་ནི་སྣ་ཚོགས་སུ་སྣང་ཡང་དེ་དང་དེའི་ངོ་བོར་མ་གྲུབ་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་གཉིས་མེད་ཡེ་ཤེས་ཀྱི་རང་སྣང་ཡང་དེ་ལྟར་སྣང་ངོ་ཞེས་པའི་དོན་ཏོ། །དེ་ལྟ་བས་ན་དཔེ་དོན་གྱི་ཆ་ཤས་གང་དང་གང་མཚོན་པ་ཡང་སྐབས་དང་བསྡུན་ནས་གསུངས་རབ་ནང་འགལ་དུ་མི་འགྱུར་བར་དཔེ་དོན་སྦྱར་དགོས་སོ། །དེས་ན་ཆོས་འཆད་པ་དང༌། ཉན་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པའི་བར་སྒྱུ་མ་ལྟ་བུར་ཤར་བའི་ཤེར་ཕྱིན་ཟབ་མོ་འདི་བསྟན་པ་ལ་མི་སྐྲག་ཅིང་ལེན་པར་བྱེད་པའི་གང་ཟག་ནི་བཞི་སྟེ། ཡོན་ཏན་རིན་ཆེན་སྡུད་པ་ལས་ཆོས་འཆད་པ་དང་ཉན་པ་དང་བཤད་བྱ་གང་ཡིན་དང༌། །འབྲས་བུ་ཐོབ་དང་རྐྱེན་རྒྱལ་དེ་བཞིན་འཇིག་རྟེན་མགོན། །མཁས་པ་གསལ་བ་ཐོབ་པ་མྱ་ངན་འདས་གང་ཡིན། །དེ་ཀུན་སྒྱུ་མ་ལྟ་བུར་དེ་བཞིན་གཤེགས་པས་བསྟན། གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་ཏེ། །རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ལྡོག་པ་དང༌། ། དགྲ་བཅོམ་དྲི་མ་བསལ་ཅིང་སོམ་ཉི་སྤངས་པ་དང༌། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །ཞེས་སོ། །དེ་ལྟ་བས་ན། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ཤེར་ཕྱིན་ནི་དོན་དམ་པ་དང༌། གཟུགས་སོགས་སྟོང་ཞེས་བྱ་བར་གཟུང་བར་མི་རྟོགས་པས་གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། ཀུན་རྫོབ་ཏུ་ཐེག་པ་གསུམ་ལ་སོགས་པ་བསྟན་ཅིང་ཐོབ་པའི་སྒོ་ནས་བྱེད་པ་པོའི་ཆོས་སུ་འཛིན་པ་ཡོད་པས་འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་བྱང་ཆུབ་སེམས་དཔའི་ལམ་གྱིས་བསེ་རུུ་ལྟ་བུའི་ལམ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །མི་དམིགས་པ་ནི་ཐེག་པ་གསུམ་ལ་སོགས་པ་བསྟན་པ་དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྟན་ཅིང་རྟོག་པའི་སྒོ་ནས་བསྡུས་པའོ། །དེ་རྣམས་ཀྱིས་ནི་བསེ་རུའི་ལམ་གང་དང་ཞེས་པ་དེ་བཤད་ཟིན་ཏོ། ། ད་ནི་མཐོང་བའི་ལམ་གྱི་རྒྱུར་གྱུར་པ་བྱང་ཆུབ་སེམས་དཔའི་སྦྱོར་ལམ་སྟོན་ཏེ། སེང་བཟང་སོགས་རང་སངས་རྒྱས་ཀྱི་སྦྱོར་ལམ་ཡིན་པར་འདོད། དེ་ཡང་མདོ་ལས་རྣམ་པ་ཇི་ལྟ་བུས་བསྟན་ན་བཏགས་པ་ཀུན་རྫོབ་དང༌། ཆོས་ཉིད་དོན་དམ་གཉིས་ལ་སྒྲོ་སྐུར་དང་བྲལ་བས་དེ་དག་མི་འགལ་བར་སྟོན་པའི་རྣམ་པ་ནི་དྲོ་བར་གྱུར་པའོ། །རྩེ་མོར་གྱུར་པ་ནི། གཟུགས་ལ་སོགས་པ་འགྲིབ་པ་མེད་པ་དང་ལ་སོགས་པའི་སྒྲས་འཕེལ་བ་མེད་པས་ཕྱེ་བ་སྟེ། རྣམ་པ་དེ་ལྟ་བུས་བསྟན་ཏོ།། ནང་སྟོང་པ་ཉིད་ལ་སོགས་པ་ཡིས། གཟུགས་སོགས་མི་འཛིན་པའི་གཏན་ཚིག་ནི་ནང་སྟོང་པ་ཉིད་དང་ལ་སོགས་པའི་སྒྲས་ཕྱི་སྟོང་པ་ཉིད་ཀྱིས་ཕྱིར་ཞེས་སྟོན་པའི་གཟུགས་སོགས་མི་འཛིན་པའི་ཕྱིར་རོ། །ཞེས་པས་བཟོད་པ་བསྟན་ཏོ། །གཟུགས་སོགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར། གཟུགས་སོགས་སྐྱེ་བ་དང་སོགས་པའི་སྒྲས་འགག་པ་དང༌། བླང་དོར་དང་ཉོན་མོངས་རྣམ་བྱང་དང་འཕེལ་འགྲིབ་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་སུ་བསྟན་པ་ནི་ཆོས་ཀྱི་མཆོག་གོ །དྲོད་སོགས་བཞི་པོ་དེ་དག་གི་དོན་དུ་ཡང་བདེན་གཉིས་ལ་སྒྲོ་སྐུར་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་འཕེལ་འགྲིབ་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་གཟུང་འཛིན་མེད་པའི་ཡེ་ཤེས་དང༌། གཟུགས་སོགས་སྐྱེ་འགག་སོགས་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་སོ། །ཞེས་པའི་དོན་ཏོ། ། ༤༽འབྲས་བུ་མཐོང་བའི་ལམ།