ཕར་ཕྱིན་མདོ་ལུགས་མ།

དེ་ལ་རྫོགས་པར་བྱ་བ་གཉེན་པོའི་ཆོས་ནི། །ཕ་རོལ་ཏུ་ཕྱིན་པ་དྲུག་གོ །བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། །སློབ་མ་ཉན་ཐོས་ལ་དགའ་བའི་སེམས་སྤངས་པ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། བསེ་རུ་རང་སངས་རྒྱས་ལ་དགའ་པའི་སེམས་སྤངས་པ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། གཞན་དོན་ལ་སྐྲག་པའི་སེམས་སྤངས་པ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། སློང་བ་པོས་བསླངས་ནས་སེམས་མི་ཞུམ་པར་བྱ་བ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། བདོག་པ་ཀུན་བཏང་ཡང་སེམས་མི་དགའ་བ་མེད་བ་དང༌། རང་ཉིད་དབུལ་ཡང་སློངས་མོ་པ་མི་སྤོང་ཞིང༌། སེམས་དང་པོ་བསྐྱེད་ཕྱིན་ཆད་རྟག་ཏུ་སྦྱིན་པ་གཏོང་ཞིང་ཁ་ཟ་ཡག་ཏུ་མི་བྱེད་པ་དང༌། སེམས་གསོགས་དུ་མི་བྱེད་པས་ས་དྲུག་པ་མངོན་དུ་གྱུར་པ་ཡང་དག་པར་འཐོབ་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་བསྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བཤད། །ཅེས་སོ། ། ཉེས་པའི་ཆོས་དུ་ཞིག་ཆད་པས་བདུན་པ་འཐོབ་ཅེ་ན། བདག་དང་སེམས་ཅན་འཛིན་པ་དང༌། ། སྲོག་དང་གང་ཟག་ཆད་རྟག་དང༌། །མཚན་མ་རྒྱུ་དང་ཕུང་པོ་དང༌། །ཁམས་དང་སྐྱེ་མཆེད་དག་དང་ནི། །ཁམས་གསུམ་པོ་ལ་གནས་དང་ཆགས། ། སེམས་ནི་ཀུན་ཏུ་ཞུམ་པ་དང༌། །དཀོན་མཆོག་གསུམ་དང་ཚུལ་ཁྲིམས་ལ། །དེར་ལྟ་བ་ཡི་མངོན་ཞེན་དང༌། སྟོང་པ་ཉིད་ལ་རྩོད་པ་དང༌། །དེ་དང་འགལ་བའི་ཉེས་པ་ནི། །ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་འཐོབ་པ་ཡིན་ནོ། །དེ་ལ་བདག་ཏུ་འཛིན་པ་དང་སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་མི་བྱ་སྟེ། བདག་ལ་སོགས་པ་དེ་དག་གི་ཉོན་མོངས་གཏན་མེད་པའི་ཕྱིར་རོ། །ཆད་པར་འཛིན་པ་དང་རྟག་པར་འཛིན་བར་མི་བྱ་སྟེ། ཆོས་གང་ཡང་མི་སྐྱེ་བ་དེ་རྟག་ཆད་དུ་མི་འགྱུར་བའི་ཕྱིར་རོ། །མཚན་མའི་འདུ་ཤེས་མི་བྱ་སྟེ། ཀུན་ནས་ཉོན་མོངས་པ་གཏན་མེད་པའི་ཕྱིར་རོ། ། རྒྱུར་ལྟ་བ་མི་བྱ་སྟེ། ལྟ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཞེན་པར་མི་བྱ་སྟེ། ཆོས་དེ་དག་རང་བཞིན་གྱིས་མེད་པའི་ཕྱིར་རོ། །ཁམས་གསུམ་པ་ལ་ཞེན་པས་གནས་པ་དང་ཆགས་པར་མི་བྱ་སྟེ། དེ་དག་དངོས་པོ་མེད་པའི་ཕྱིར་རོ། ། ཆོས་ཐམས་ཅད་སྟོང་བ་ཉིད་དོ། །ཞེས་བྱ་བས་སྟོང་པ་ཉིད་ལ་ཆད་པར་ལྟ་བ་ལས་བྱུང་བའི་དགེ་བ་སྒྲུབ་ཏུ་མེད་ཅེས་པ་ལ་སོགས་པ་སེམས་ནི་ཀུན་ཏུ་ཞུམ་ཞིང་སྒྱིད་ལུགས་པར་མི་བྱ་སྟེ། ཀུན་བཏགས་དངོས་པོའི་ཆོས་ཐམས་ཅད་མེད་ཀྱང་གཟུགས་སུ་རུང་པ་ལ་སོགས་པའི་རང་གི་མཚན་ཉིད་ཀྱིས་སྟོང་གི་ཡོངས་སུ་གྲུབ་པའི་ངོ་བོ་སྟོང་པ་ཉིད་ཀྱིས་ནི་མི་སྟོང་པའི་ཕྱིར་རོ། །དཀོན་མཆོག་གསུམ་གྱི་དངོས་པོར་དམིགས་པའི་ལྟ་བས་དཀོན་མཆོག་གསུམ་མི་མཐོང་བས་དཀོན་མཆོག་གི། དངོས་པོ་དེར་ལྟ་བ་མངོན་པར་ཞེན་པ་མི་བྱ་སྟེ། མི་དམིགས་པའི་ཡེ་ཤེས་ཉིད་ཀྱིས་མཐོང་བའི་ཕྱིར་རོ། །ཚུལ་ཁྲིམས་ཀྱི་དངོས་པོ་དེར་ལྟ་བས་ཚུལ་ཁྲིམས་ཡོངས་སུ་དག་པར་མི་འགྱུར་བའི་ཕྱིར་ཚུལ་ཁྲིམས་ལ་དེར་ལྟ་བའི། མངོན་པར་ཞེན་པ་མི་བྱའོ། །གལ་ཏེ་སྟོང་པ་ཉིད་ཀྱང་རང་གི་མཚན་ཉིད་ཀྱིས་མི་སྟོང་ན་མི་སྟོང་པའི་ཆོས་ཞིག་ཡོད་པར་འགྱུར་བས་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་པ་འདི་དང་སྟོང་པ་ཉིད་ཀྱི་མཚན་ཉིད་འདི་འགལ་ལོ། །ཞེས་སྟོང་པ་ཉིད་ལ་རྩོད་པ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་དངོས་པོ་ཡང་མེད་པས་དེས་ཀྱང་སྟོང་བར་ཁས་ལེན་པའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་དེ་དང༌། སྟོང་པ་ཉིད་ཀྱི་མཚན་ཉིད་འགལ་བའི་ཉེས་པ་གང་ཡིན་པ་དེ་ནི་མེད་དོ། །དེ་ལྟར་བདག་ཏུ་འཛིན་པ་ལ་སོགས་པའི་ཉེས་པ་ཉི་ཤུ་པོ་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ལ་རྣམ་པར་ཆད་པའི་རྒྱུ་དེ་ཡིས་ས་བདུན་པ་རིང་དུ་སོང་བ་འཐོབ་བོ། །ས་བདུན་པ་ལ་གནས་པ་དེས་ཡོན་ཏན་གྱི་ཆོས་དུ་ཞིག་རྫོགས་པར་བྱ་ཞེ་ན། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། །འཁོར་གསུམ་རྣམ་པར་དག་ཉིད་དང༌། །སྙིང་རྗེ་དང་ནི་རློམ་མེད་དང༌། །ཆོས་མཉམ་ཉིད་དང་ཚུལ་གཅིག་ཤེས། །མི་སྐྱེ་བཟོད་དང་ཤེས་པ་དང༌། །ཆོས་རྣམས་རྣམ་པ་གཅིག་ཏུ་སྟོན། ། རྟོག་པ་ཀུན་ཏུ་འཇོམས་པ་དང༌། །འདུ་ཤེས་ལྟ་དང་ཉོན་མོངས་སྤོང༌། །ཞི་གནས་ངེས་པར་སེམས་པ་དང༌། །ལྷག་མཐོང་ལ་ནི་མཁས་པ་དང༌། སེམས་དུལ་ཞི་དང་ཐམས་ཅད་ལ། །ཐོགས་པ་མེད་པའི་ཡེ་ཤེས་དང༌། ཆགས་པའི་ས་མིན་གར་འདོད་པར། ཞིང་གཞན་དུ་ནི་མཉམ་འགྲོ་དང༌། ཀུན་ཏུ་བདག་གི་ངོ་བོ་ནི། སྟོན་པ་ཉིད་དང་ཉི་ཤུའོ། །དཔག་ཀྱང་འདི་ལྟར་སྟོང་པ་ཉིད་ཀྱི་དངོས་པོ་ཀྱང་སྟོང་པ་ཉིད་སྟོང་གི་སྟོང་པ་ཉིད་ལ་སྟོང་པ་ཉིད་གཉིས་པ་རྟོགས་པར་མི་བྱེད་པར་ཤེས་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཤེས་པ་དང༌། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པར་ཤེས་པ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་ཤེས་པ་དང༌། ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ལ་མི་གནས་པར་ཤེས་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཤེས་པ་སྟེ། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། དགེ་བ་བཅུ་ཡི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་ནི་ལུས་ངག་ཡིད་གསུམ་གྱི་འཁོར་གསུམ་རྣམ་པར་དག་པ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཐོབ་པ་ནི་སྙིང་རྗེ་དང༌། སེམས་ཅན་གྱི་ཞིང་ཡོངས་སུ་དག་པ་ནི་སེམས་ཅན་ཐམས་ཅད་ལ་རློམ་པ་སྟེ་བརྙེས་པ་མེད་པ་དང༌། ཆོས་ཐམས་ཅད་ལ་སྒྲོ་སྐུར་མེད་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་ཤིན་ཏུ་རྟོགས་པ་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ཚུལ་གཅིག་ཤེས་པ་དང༌། སྡུད་པར་ནི། སྦྱིན་པ་སྦྱིན་པའི་སྔོན་ཏུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། ། དགེ་ཆོས་ཆུད་མ་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདིས་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། ། ཞེས་ཀྱང་གསུངས་སོ། །ཆོས་ཐམས་ཅད་སྐྱེ་མེད་འགག་མེད་འདུ་བྱ་བ་མེད་པར་བཟོད་པ་ནི་མི་སྐྱེ་བ་བཟོད་པ་དང༌། མིང་དང་གཟུགས་མི་སྐྱེ་བ་ཤེས་པ་ནི་སྐྱེ་བ་ཤེས་པ་དང༌། ཆོས་གཉིས་ཀུན་ཏུ་སྤྱོད་པ་མེད་པ་ཉིད་ནི་ཆོས་རྣམས་དངོས་པོ་གཉིས་མེད་པའི་རྣམ་པ་གཅིག་ཏུ་སྟོན་པ་དང༌། ཆོས་ཐམས་ཅད་ལ་རྟོག་པ་མེད་པ་ནི་རྟོག་པ་ཀུན་ཏུ་འཇོམས་པ་དང་ཉན་རང་གི་ལྟ་བ་ཐམས་ཅད་བཟློག་པ་ནི་ཐེག་དམན་གྱི་འདུ་ཤེས་ཉན་རང་གི་ལྟ་བ་སྤོང་བ་དང༌། བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པ་ཐམས་ཅད་འདོར་བ་ནི་ཉོན་མོངས་པ་སྤོང་བ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་ཞི་གནས་ངེས་པར་སེམས་བའི་ས་དང་ལྷག་མཐོང་ལ་མཁས་པའི་ས་ཡིན་ནོ། ། ཁམས་གསུམ་ལ་དགའ་བ་མེད་པ་ནི་སེམས་དུལ་བ་དང་དབང་པོ་དྲུག་ན་ཤེས་པ་ཕྱི་རོལ་ལ་རབ་ཏུ་མི་འཕྲོ་བ་ནི་སེམས་ཞི་བ་དང༌། སངས་རྒྱས་ཀྱི་སྦྱན་ཐོབ་པ་ནི་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང༌། སྐྱེ་མཆེད་དྲུག་ལ་བཏང་སྙོམས་སུ་གནས་པའི་ཡེ་ཤེས་ནི་ཆགས་པའི་ས་མ་ཡིན་པ་དང༌། གང་འདོད་པའི་ཞིང་གཞན་དང་གཞན་དུ་གཅིག་ཆར་དུ་འགྲོ་བ་ནི་གར་འདོད་པར་ཞིང་གཞན་དུ་ནི་མཉམ་དུ་འགྲོ་བ་དང༌། འཁོར་གྱི་དཀྱིལ་འཁོར་དེ་དང་དེར་ལུང་སྟོན་པ་ནི་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་བདག་གི་ངོ་བོ་ནི་སྟོན་པ་ཉིད་དང་ཉི་ཤུ་པོ་དེ་ཡོངས་སུ་རྫོགས་པ་ནི་བགྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང་འབྲེལ་པའི་ཕྱིར་ས་བདུན་པ་རིང་དུ་སོང་བ་འདོད་པའོ། །བགྲོད་གཅིག་ལམ་དང་འབྲེལ་པའི་ཕྱིར། །རིང་དུ་སོང་པའི་སར་འདོད་དོ་ཞེས་དང་འཁོར་ལོ་བཀོད་པའི་རྣམ་ཀུན་ལ། འོད་ཀྱི་དྲ་བ་བརྩེ་བ་དང༌། །འཁོར་པའི་མཚོ་ཡི་འདམ་རྒལ་བས། དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་སོ། །ས་བརྒྱད་པ་ཡོངས་སུ་སྦྱོང་བའི་ལས་ནི་རྣམ་པ་དུ་བཤད་ཅེ་ན། སེམས་ཅན་ཀུན་ཡིད་ཤེས་པ་དང༌། །མངོན་པར་ཤེས་བས་བརྩེ་བ་དང༌། །སངས་རྒྱས་ཞིང་བཟང་བསྒྲུབ་པ་དང༌། །ཡོངས་སུ་བརྟག་ཕྱིར་སངས་རྒྱས་བསྟེན། དབང་པོ་ཤེས་དང་རྒྱལ་པ་ཡི། ཞིང་སྦྱོང་སྒྱུ་མ་ལྟར་གནས་དང༌། །བསམ་བཞིན་སྲིད་པ་ལེན་པ་དང་ལས་ནི་རྣམ་པ་འདི་བརྒྱད་བཤད་པ་ཡིན་ནོ། ། དེ་དག་ཀྱང་འདི་ལྟར་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པ་ནི་སེམས་ཅན་ཀུན་གྱི་ཡིད་ཤེས་པའི་ལས་དང༌། སངས་རྒྱས་ཀྱི་ལྟ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་བརྩེ་ཞིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ནི་མངོན་པར་ཤེས་པས་བརྩེ་བའི་ལས་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་འཁོར་ལོ་བསྒྱུར་བའི་ས་ལ་གནས་ནས་སེམས་ཅན་སྨིན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་དེ་ཐམས་ཅད་གཏོང་ཞིང་དེས་རློམ་སེམས་སུ་ཡང་མི་བྱེད་པ་ནི་ཇི་ལྟར་མཐོང་བའི་སངས་རྒྱས་ཀྱི་ཞིང་བཟང་པོ་སྒྲུབ་པའི་ལས་དང༌། ཆོས་ཀྱི་སྐུུ་ལ་ཡང་དག་པའི་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟག་པའི་ཕྱིར། ཆོས་ལ་བསྙེན་བཀུར་བྱེད་པ་ནི་སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ༌། །ཞེས་གསུངས་པའི་ཚུལ་གྱིས་སངས་རྒྱས་བསྟེན་པའི་ལས་དང༌། སྟོབས་བཅུ་ལ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྫོགས་པར་ཤེས་པ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པའི་ལས་དང་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དག་པར་བྱེད་པ་ནི་རྒྱལ་བའི་ཞིང་སྦྱོང་བའི་ལས་དང་རྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་་་་་ནས་བྱ་བ་ཐམས་ཅད་བྱེད་ལ། དེའི་སེམས་ཆོས་གང་ལ་ཡང་ཞེན་པས་མི་འཇུག་པ་ནི་སྒྱུ་མ་ལྟ་བུར་གནས་པའི་ལས་དང་ཇི་ལྟ་ཇི་ལྟ་བུས་སེམས་ཅན་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་བསམ་བཞིན་དུ་ཡོངས་སུ་འཛིན་པ་ནི་བསམས་བཞིན་དུ་སྲིད་པ་ལེན་པའི་ལས་ཏེ། ལས་རྣམ་པ་འདི་བརྒྱད་རྫོགས་པ་ནི་མཚན་མ་ལ་རྩོལ་བའི་འདུ་ཤེས་དང༌། མཚན་མ་མེད་པའི་འདུ་ཤེས་གཉིས་ཀྱི་མི་གཡོ་བའི། ཕྱིར་ས་བརྒྱད་པ་མི་གཡོ་བ་དག་པ་ཡིན་ནོ། །འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་སོ། །ས་དགུ་པ་ལ་གནས་པས་ཆོས་བཅུ་གཉིས་རྫོགས་པར་བྱའོ། ། བཅུ་གཉིས་པོ་གང་ཡིན་ཞེ་ན། སྨོན་ལམ་དག་ནི་མཐའ་ཡས་དང༌། །ལྷ་ལ་སོགས་པའི་སྐད་ཤེས་དང༌། །སྤོབས་པ་ཆུ་བོ་ལྟ་བུ་དང༌། །མངལ་དུ་འཇུག་པ་མཆོག་དང་ནི། ། རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང༌། །ཡོན་ཏན་ཕུན་སུམ་ཚོགས་པ་དང༌། །དེ་དག་ཀྱང་འདི་ལྟར་ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་ཕྱིར། སྨོན་ལམ་ཇི་ལྟ་ཇི་ལྟ་བུ་འདེབས་པ་དེ་ལྟ་དེ་ལྟ་བུར་འགྲུབ་པར་འགྱུར་བ་ནི། སྨོན་ལམ་དག་ནི་མཐའ་ཡས་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ལྷ་དང་ལ་སོགས་པའི་སྒྲས་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་ལ་སོགས་པའི་སྐད་ཤེས་པ་དང༌། སྤོབས་པ་སོ་སོ་ཡང་དག་པ་རིག་པ་ནི། སྤོབས་པའི་རྒྱུན་ཆུ་བོ་ལྟ་བུ་མི་ཟད་པ་དང༌། སེམས་ཅན་གྱི་དོན་དུ་སྟོན་པ་ཙམ་མ་གཏོགས་པས་བརྒྱད་པ་ཡན་ཆད་མངལ་ན་གནས་པ་མེད་ཅིང་ཚེ་རབས་ཐམས་ཅད་དུ་རྫུས་ཤིང་སྐྱེ་བ་ན་མངལ་དུ་འཇུག་པ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་རིགས་ཆེན་པོར་སྐྱེ་བ་ནི་རིགས་ཕུན་སུམ་ཚོགས་པ་དང༌། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་རྣམས་བྱུང་བར་གྱུར་པའི་རིགས་དེར་སྐྱེ་བ་ནི་རུས་ཕུན་སུམ་ཚོགས་པ་དང༌། རྒྱལ་པོའི་རིགས་དང་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་སྐྱེ་བ་ནི་ཆོ་འབྲང་སྟེ། ཆོ་རིགས་ཕུན་སུམ་ཚོགས་པ་དང༌། སེམས་ཅན་རྣམས་བྱང་ཆུབ་ཏུ་བཀོད་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་ཉིད་དང་ལྡན་པ་འཁོར་ཕུན་སུམ་ཚོགས་པ་དང༌། སྐྱེས་མ་ཐག་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པ་དང༌། དེ་དག་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་བ་ནི་སྐྱེ་བ་ཕུན་སུམ་ཚོགས་པ་དང༌། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང༌། སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འབྱུང་བ་ནི། ངེས་པར་འབྱུང་བ་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཤིང་གི་རྩ་བ་གསེར། སྡོང་པོ་བཻཌཱུརྱ་ཡལ་ག་ལོ་འདབ་རྣམས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་དང༌། ཡལ་ག་ལོ་འདབ་དེ་དག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པའི་བར་དུ་སྣང་བས་ཁྱབ་པར་བྱེད་པ་ནི། བྱང་ཆུབ་ཀྱི་ཤིང་གི་བཀོད་པ་འམ་རྒྱན་ཕུན་སུམ་ཚོགས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོངས་སུ་རྫོགས་པ་སྟེ། སོ་སོ་ཡང་དག་པར་རིག་པའི་བློ་གྲོས་བཟང་བའི་ཕྱིར་ས་དགུ་བ་ལེགས་པའི་བློ་གྲོས་རྫོགས་པར་འཐོབ་བ་ཡིན་ནོ། །སོ་སོ་ཡང་དག་རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་སོ། །ས་བཅུ་བ་གང་ཞིག་ཡིན་པར་ཤེས་པར་བྱ་ཞེ་ན། །ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །བཅུ་པ་ཡིན་པར་ཤེས་པར་བྱ་བ་ཡིན་ནོ། །ས་དགུ་ནི། ཉན་ཐོས་ཀྱི་ས་བདུན་དང༌། རང་སངས་རྒྱས་ཀྱི་ས་གཅིག་དང༌། བྱང་ཆུབ་སེམས་དཔའི་ས་དགུ་བོ་བྱང་ཆུབ་སེམས་དཔའི་ས་ཞེས་པ་གཅིག་ཏུ་བགྲེངས་བས་ན་ཐེག་པ་གསུམ་གས་བསྡུས་པའི་ས་དགུའོ། །དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་དང༌། རིགས་ཀྱི་ས་དང། བརྒྱད་པའི་ས་དང༌། མཐོང་བའི་ས་དང༌། བསྲབས་པའི་ས་དང༌། འདོད་ཆགས་དང་བྲལ་བའི་ས་དང༌། བྱས་བ་རྟོགས་པ་ཅན་གྱི་ས་སྟེ་བདུན་ནོ། །དཀར་པོ་རྣམ་པར་མཐོང་བའི་ས་ནི། མོས་པས་སྤྱོད་པའི་སའོ། །རིགས་ཀྱི་ས་ནི་བཟོད་པ་ཆེན་པོའི་སའོ། །བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་སྟེ། དགྲ་བཅོམ་པ་ནས་བགྲངས་ནས་བརྒྱད་པར་འགྱུར་རོ། །མཐོང་བའི་ས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་སའོ། །བསྲབས་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་ས་སྟེ་དེས་འདོད་པའི་འདོད་ཆགས་དང༌། གནོད་སེམས་བསྲབ་མོར་བྱས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའི་ས་སྟེ་དེས་འདོད་པ་ལ་བདུན་པ་དང༌། གནོད་སེམས་སྤངས་པས་དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །བྱིས་པ་རྟོགས་པ་ཅན་གྱི་ས་ནི་དགྲ་བཅོམ་པ་ཉིད་དེ། བྱ་བ་བྱས་སོ་ཞེས་ཁོང་དུ་ཆུད་པ་ནི་བྱས་པ་རྟོགས་པ་སྟེ། དེ་ན་འདི་ལ་ཡོད་པས་ན་བྱས་པ་རྟོགས་བ་ཅན་དང་དགྲ་བཅོམ་པའོ། །ཡང་ན་འདི་བྱིས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་སྲུང་བ་དེའི་ས་ནི་བྱིས་པ་སྲུང་བའི་སའོ། །ཉན་ཐོས་ཀྱི་ས་བདུན་པོ་དེ་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་སྟེ། ས་དགུ་པོ་དེ་འདས་ནས་བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ལ་དེ་བཞིན་གཤེགས་པ་ཞེས་བརྗོད་པའི་རྒྱུ་མཚན་ས་བཅུ་པའི་ཡེ་ཤེས་དེ་ནི་ཕར་ཕྱིན་བཅུ་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པ་དང༌། བག་ཆགས་དང༌། མཚམས་སྦྱོར་བ་དང༌། ཉོན་མོངས་པ་ཐམས་ཅད་སྤངས་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུ། གང་གིས་སངས་རྒྱས་ཀྱི་སར་གནས་པ་སྟེ་དེ་བཞིན་གཤེགས་པ་ཞེས་བརྗོད་པ་དེ་ནི་བྱང་ཆུབ་སེམས་དཔའི་བཅུ་པ་ཆོས་ཀྱི་སྤྲིན་ཡིན་པ་ཤེས་པར་བྱའོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་གཉིས་ཀྱི་སྦྲིན་བཞིན་དུ་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཏེ། སྦྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་གསུངས་སོ། །ལེ་བརྒྱད་མ་ལྟར་འབྱུང་བ་ལྟར། ཉི་ཁྲི་སྣང་བ་ལ་སོགས་པས་འདིར་དཀར་པོ་རྣམ་པར་མཐོང་བའི་ས་ཆད་ཅིང་ཉན་ཐོས་ཀྱི་ས་ཞེས་པ་གཅིག་བཙུད་ནས་དེ་ལ་རང་བཟོའི་བཤད་པ་ཅི་རིགས་སུ་བྱས༌། དེ་རྣམས་ཀྱིས་ཚོགས་ཀྱི་བསྒྲུབ་པ་ལ་ཞུགས་པ་བཤད་ཟིན་ཏོ། །རབ་འབྱོར་གྱིས་ཞུས་པ་གསུམ་པ་ལ་སོགས་པ་ཐེག་པ་དེ་གང་ནས་ངེས་པར་འབྱུང་དེ་གང་དུ་གནས། དེས་སུ་ཞིག་ངེས་པར་འབྱུང༌། ཞེས་པའི་ལན་དུ་ཁམས་གསུམ་ནས་ངེས་པར་འབྱུང་བ་དང༌། གང་དུ་ཡང་གནས་པ་མེད་པ་དང༌། སུ་ཡང་ངེས་པར་འབྱུང་བ་མེད་ཅེས་པ་ལ་སོགས་པ་རྒྱུ་མཚན་དང་བཅས་པ་རྣམས་ཀྱིས་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་ངོ་བོ་ཁམས་གསུམ་ནས་ངེས་པར་འབྱུང་བ་དང༌། དངོས་པོའི་རང་བཞིན་དུ་མི་གནས་པའི་ཚུལ་གྱིས་རྣམ་མཁྱེན་ཉིད་ལ་གནས་པ་དང༌། དོན་དམ་པར་སུ་ཡང་ངེས་པར་འབྱུང་བ་མེད་པའི་ཚུལ་གྱིས་ཐ་སྙད་དུ་གང་ཟག་བྱང་ཆུབ་སེམས་དཔའི་ངེས་པར་འབྱུང་བ་ནི་ཚོགས་སྒྲུབ་ཀྱི་བྱེད་ལས་ཡིན་པས། ཚོགས་ཀྱི་བསྒྲུབ་པ་དེ་གཉེན་པོ་དུ་ཞིག་དུ་འགྱུར་ན། མཐོང་དང་གོམས་པའི་ལམ་དག་ལ། ། གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་བརྒྱད་ཅེས་བྱ་བ་ཉིད་དུ་འགྱུར་རོ། །དེ་ལ་མཐོང་ལམ་གྱི་གནས་སྐབས་ལ་སྤང་བྱ་གཟུང་རྟོག་གཉིས་དང༌། འཇིན་རྟོག་གཉིས་སྟེ་གཞི་དང༌། གོམས་པའི་ལམ་གྱི་གནས་སྐབས་ལ་སྤང་བྱ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་སྟེ་བཞིའོ། །དེ་ལྟར་ལམ་གཉིས་ཀ་ལ་གཟུང་བ་དང་འཛིན་པས་བསྡུས་པའི་རྣམ་པར་རྟོག་པ་བརྒྱད་པོ་དེ་རྣམས་ལམ་སོ་སོ་ལ་ཉེ་བར་ཞི་བར་བྱ་བའི་ཕྱིར་དེ་རྣམས་ཀྱི་གཉེན་པོ་ཡང་རྣམ་པ་བརྒྱད་ཅེས་བྱ་བ་ཉིད་དུ་འགྱུར་རོ། །འདིར་ལམ་སོ་སོ་ལ་གཉེན་པོའི་ངོ་བོ་ནི་ཚོགས་ཀྱི་སྒྲུབ་པ་ཉིད་ཡིན་ལ། སྤང་བྱ་རྣམ་རྟོག་རྣམས་ཀྱི་ངོ་བོ་དབྱེ་བ་དང་བཅས་པ་རྒྱས་པ་ན་སྐབས་ལྔ་པ་ལས་འཆད་པར་འགྱུར་རོ། །དེ་ལྟར་ཚོགས་སྒྲུབ་ཀྱི་ངོ་བོ་དང་དེ་ལ་ཞུགས་པ་དང་དེའི་བྱེད་ལས་རྣམས་ཀྱིས་ཚོགས་ནི་ཞེས་པ་དེ་བཤད་ཟིན་ཏོ། ། ༡༠༽ངེས་འབྱུང་སྒྲུབ་པ་བཤད་པ། ད་ནི་ངེས་པར་འབྱུང་བའི་སྒྲུབ་པ་སྟོན་ཏེ། །མདོ་ལས། ཐེག་པ་ཆེན་པོ་ངེས་པར་འབྱུང་བས་སྔར་ཚོགས་སྒྲུབ་ཀྱི་སྐབས་དང༌། འདིའི་སྐབས་ཀྱི་ཐེག་པ་ཆེན་པོ་ལ་ཁྱད་པར་ཅི་ཡོད་ཅེ་ན། གནོད་འཇོམས་ལས། སྔར་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྒྲ་བཤད་པ་ལ་འཇུག་པའི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུངས་ཀྱི་སྒོའི་མཐའ་ལ་ཐུག་གི་བར་དུ་བསྒྲུབ་པའི་ཆོས་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །ཞེས་དང༌། ད་ནི་ངེས་པར་འབྱུང་བའི་སྐབས་ཀྱི་འབྲས་བུའི་ཐེག་པ་ཆེན་པོ་སངས་རྒྱས་ཉིད་དུ་སྟོན་ཏོ། །ཞེས་གསུངས་སོ། །དེས་ན་ངེས་འབྱུང་སྒྲུབ་པའི་རང་བཞིན་ཐེག་པ་ཆེན་པོའི་ངོ་བོ་དང་དེའི་ཆེ་བའི་ཡོན་ཏན་གཉིས་ཏེ། དེ་ལ་དང་པོ་ནི་མདོ་ལས། ཕར་ཕྱིན་དྲུག་དང་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་སྟོབས་བཅུ་དང་མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་རྣམས་དེ་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་ཆོས་གྱི་སྐུས་བསྡུས་པ་ཉིད་དོ། །གནོད་འཇོམས་ལས། ཕ་རོལ་ཏུུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པའི་ཆོས་ཀྱི་སྐུས་བསྡུས་པ། ཕ་་རོལ་ཏུུ་ཕྱིན་པ་དྲུག་ལ་སོགས་པ་དེ་དག་ཐེག་པ་ཆེན་པོ་ཉིད་དུ་བསྟན་ཏོ། །ཞེས་གསུངས་སོ། །རྣམ་པར་སྨིན་པའི་དོན་ནི། ལྷུན་གྱིས་གྲུབ་ཅིང་རབ་ཏུ་རྒྱས་པ་སྟེ། སྒྲུབ་པ་འདི་ནི་སྐད་ཅིག་མའི་སྦྱོར་བ་གནས་སྐབས་ཡིན་པས། དེར་དཀར་པོའི་ཆོས་ཐམས་ཅད་རབ་ཏུ་སྨིན་ཅིང་རྫོགས་པའོ། །གང་ཚེ་ཆོས་དཀར་ཐམས་ཅད་ཀྱི་རང་བཞིན་ཤེས་རབ་ཕ་རོལ་ཕྱིན། རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། དེ་ཚེ་སྐད་ཅིག་གཅིག་ཡེ་ཤེས་ཞེས་པའི་དོན་ཏོ། །གཉིས་པ་ཆེ་བའི་ཡོན་ཏན་ནི་ཆེད་དུ་བྱ་བ་ལ་སོགས་པ་རྣམས་ཀྱིས་སྟོན་ཏོ། །མདོ་ལས། ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །ཞེས་པ་ནས། རབ་འབྱོར་གྱི་ལེའུ་ཡོངས་སུ་རྫོགས་ཀྱི་བར་གྱིས་ངེས་པར་འབྱུང་བའི་སྒྲུབ་པ་རིལ་བོ་རྫོགས་པར་བསྟན་ཏོ། ། དེ་ལ་ཆེ་བའི་ཡོན་ཏན་རྣམ་པ་བརྒྱད་ཀྱིས་བདག་ཉིད་ངེས་འབྱུང་སྒྲུབ་པ་ཡིན་པར་སྟོན་པ་འདི་ལྟ་སྟེ། ཆེད་དུ་བྱ་དང་མཉམ་ཉིད་དང༌། ། སེམས་ཅན་དོན་དང་འབད་མེད་དང༌། །མཐའ་ལས་འདས་པའི་ངེས་འབྱུང་དང༌། །ཐེག་པའི་མཚན་ཉིད་ངེས་འབྱུང་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། ། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། །ངེས་འབྱུང་བསྒྲུབ་པ་ཡིན་ཤེས་བྱ། འདི་ལ་རབ་འབྱོར་གྱི་ཞུ་བ་ལྔ་བར་མ་ཆད་དུ་བྱུང་བ་ནི། ཐེག་ཆེན་འདི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བས་དེའི་ཆེད་དུ་ཐེག་པ་ཆེན་པོ་ཞེས་བགྱི་བ་དང༌། ཐེག་པ་འདི་ནམ་མཁའ་མཉམ་པ་དང༌། ཐེག་པ་འདི་སེམས་ཅན་དཔག་ཏུ་མེད་པའི་གོ་འབྱེད་པ་དང༌། ཐེག་ཆེན་འདི་ལ་འགྲོ་འོང་གནས་གསུམ་མེད་པ་དང༌། ཐེག་ཆེན་འདི་ལ་སྔོན་དང་ཕྱི་མའི་མཐའ་དང་དབུས་མི་དམིགས་ལགས་སོ་ཞེས་པའི་ལན་དང་བཅས་པ་ཆེད་དུ་བྱ་དང་ཞེས་པ་ནས་མཐའ་ལས་འདས་པའི་ངེས་འབྱུང་དང་ཞེས་པའི་བར་བསྟན་ཏོ། །དེ་ནས་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་ཆེན་འདི་ལ་བསླབ་ནས་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྣམ་མཁྱེན་ཐོབ་པོ་ཞེས་ཞུས་པའི་ལན་དང་བཅས་པས་ཐོབ་པའི་མཚན་ཉིད་ངེས་འབྱུང་བསྟན་ཏོ། །དེ་ནས་ཡང་ཤཱ་རིའི་བུས་དྲིས་པའི་ལན་དུ་རབ་འབྱོར་གྱིས་བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་་དེ་ཞེས་པ་ལ་སོགས་པས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་ཞེས་པ་བསྟན་ཏོ། །དེ་ནས་ཡང་ཤཱ་རིའི་བུས་ཇི་ལྟར་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བྱེད་ཅེས་དྲིས་པའི་ལན་རབ་འབྱོར་གྱིས། སྨྲས་པ་དང་བཅས་པས་ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། ཞེས་པ་བསྟན་ཏོ། ། དེ་ལ་ཆེད་ནི་གང་བྱ་བ་ནི་གང་ཞེ་ན། འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་ནི་ཆེད་ཡིན་ལ་བྱ་བ་ནི་ཐེག་པ་ཆེན་པོ་ཡིན་ནོ། །དེས་ན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་འདིའི་ཆེད་དུ་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་པ་ཆེན་པོ་ནི་བྱ་བ་ཡིན་ཏེ། མདོ་ལས། ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བས་དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ། །ཞེས་གསུངས་པས། ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་ནི་ངེས་འབྱུང་སྒྲུབ་པ་ལ་ཐེག་པ་ཆེན་པོ་ཞེས་ཟེར་བའི་རྒྱུ་མཚན་དུ་བསྟན་ཏོ། །མདོ་སྡེ་རྒྱན་དུ་ཡང༌། སྒྲུབ་པ་འདི་ནི་སྲིད་དང་འགྲོ་བ་ཀུན། །ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཡོན་ཏན་སྣ་ཚོགས་ཚོགས་ཀྱིས་རྣམ་པར་འཕེལ། །བྱམས་པའི་བསམ་པས་རྟག་ཏུ་འགྲོ་བ་སྡུད། །ཅེས་གསུངས་སོ། ། སྐབས་དང་པོ་འདིར་ཆེད་དུ་བྱ་བ་མི་གཅིག་པ་གསུམ་བསྟན་པ་ལ། སྔར་ནི་ཆེན་པོ་གསུམ་གྱི་ཆེད་དུ་བྱ་བ་ནི་སེམས་དཔའ་ཆེན་པོ་ཡིན་ལ་འཇུག་སྒྲུབ་ཀྱི་སྐབས་སུ་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་བསྒོམ་པ་ཡིན་ཞིང༌། འདིར་ནི་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བའི་ཆེད་དུ་བྱ་བ་ནི་ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་ཆེན་ལ་ཐེག་པ་ཆེན་པོ་ཞེས་པ་འདི་ཡིན་ནོ། །འདི་དག་གི་ཁྱད་པར་མ་ཕྱེ་ན་མདོ་དང་འགལ་བར་འགྱུར་རོ། །མདོ་ལས། ཁམས་གསུམ་ལ་སོགས་པ་བདེན་པའི་དངོས་པོར་མེད་པ་ཉིད་ཀྱིས་ཐེག་པ་ཆེན་པོ་འདིས་ཟིལ་གྱིས་མནན་ཞེས་པ་ལ་སོགས་པ་ཤིན་ཏུ་རྒྱས་ཤིང་འབྱམ་ཀླས་པར་གསུངས་པ་ཐམས་ཅད་ཀྱིས་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བའི་རྒྱུ་མཚན་འབའ་ཞིག་བསྟན་ཏོ། །མཉམ་ཉིད་ནི་ཐེག་པ་ཆེན་པོ་འདི་ལ་ཕྱོགས་བཅུ་དང་དབྱིབས་དང་ཁ་དོག་ཐམས་ཅད་ལ་སོགས་པ་དངོས་པོའི་ཆོས་ཐམས་ཅད་མེད་པ་ཉིད་ཀྱིས་དོན་དམ་པའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དོ། །སེམ་ཅན་གྱི་དོན་ནི་འདུས་མ་བྱས་ཀྱི་དངོས་པོ་ཐམས་ཅད་མེད་པའི་ཕྱིར་རོ། །ནམ་མཁའ་བཞིན་དུ་ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ཀྱིས་གཅིག་ཆར་ལྷག་ནས་མཁྱེན་པ་གསུམ་ལ་འཁོད་ནས་གནས་ཀྱང་དོག་པ་མེད་པའི་ཕྱིར། སེམས་ཅན་དཔག་ཏུ་མེད་གྲངས་མེད་ཚད་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །ཐེག་པ་ཆེན་པོ་དེའི་དང་དུ་སེམས་ཅན་ཡང་དམིགས་སུ་མེད་པའོ། །ཐེག་ཆེན་འདི་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་གང་ནས་ཀྱང་འོང་བའི་སྐྱེ་བ་མེད་གང་དུ་ཡང་འགྲོ་བའི་འགག་པ་མེད་གང་ན་ཡང་གནས་པའི་དངོས་པོ་མེད་པས་གཡོ་བ་མེད་པའི་ཕྱིར། འགྲོ་འོང་གནས་པའི་འབད་པ་མེད་པ་ཡིན་ནོ། །ཐེག་པ་ཆེན་པོ་འདི་ལ་སྔོན་གྱི་མཐའ་དང༌། ཕྱི་མའི་མཐའ་དང་དབུས་དངོས་པོ་མེད་ཅིང་མི་དམིགས་པས་དོན་དམ་པའི་དུས་གསུམ་མཉམ་པ་ཉིད་ཡིན་པའི་ཕྱིར་མཐའ་ཐམས་ཅད་ལས་འདས་པའི་ངེས་པར་འབྱུང་བའི་བདག་ཉིད་ཡིན་ནོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཆེན་པོ་འདི་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང༌། ཐོབ་པར་འགྱུར་བ་དང༌། ཐོབ་པར་བགྱིད་པ་ནི་ཐོབ་པའི་མཚན་ཉིད་དུ་གྱུར་པའི་ངེས་པར་འབྱུང་བའི་བདག་ཉིད་དོ། །ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་པ་ཆེན་པོའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ནི་གཟུགས་སོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །མདོ་ལས། བྱང་ཆུབ་གང་ཡིན་པ་ཉིད་སེམས་དཔའ་ཡིན་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པར་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ། ། ཞེས་སོ། །ལམ་གྱི་ཡུལ་ཅན་ངེས་འབྱུང་ལ་ལམ་ནི་སྔར་ཐེག་པ་ཆེན་པོའི་ངོ་བོར། བསྟན་པ་གཟུངས་ཀྱི་སྒོ་ནས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་གང་ཡིན་པ་ཉིད་ཡིན་ཞིང༌། ལམ་དེའི་ངོ་བོར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱིན་པ་པོ་དང་སྦྱིན་བྱ་དང༌། ལེན་པ་པོ་ལ་སོགས་པ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྟེ། འཁོར་གསུམ་མི་དམིགས་པའི་ཡེ་ཤེས་དེ་ཉིད་བྱང་ཆུབ་ཀྱི་ལམ་ལ་འཁོར་གསུམ་དུ་རྟོགས་པའི་དྲི་མ་ཡོངས་སུ་སྦྱོང་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ཟིལ་གྱིས་གནོན་པའི་ཆེ་བ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཆེ་བ་དང༌། སེམས་ཅན་གྱི་དོན་བྱེད་པའི་ཆེ་བ་དང༌། ལྷུན་གྱིས་གྲུབ་པ་འབད་པ་མེད་པའི་ཆེ་བ་དང༌། མཐའ་ཐམས་ཅད་ལས་འདས་པའི་ཆེ་བ་དང༌། རྣམ་མཁྱེན་ཐོབ་པའི་ཆེ་བ་དང༌། གཟུགས་སོགས་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཤེས་པའི་ཆེ་བ་དང༌། ལམ་གྱི་ཡུལ་ཅན་འཁོར་གསུམ་དུ་མི་རྟོག་པའི་ཡེ་ཤེས་ཀྱིས་ཡུལ་བྱང་ཆུབ་ཀྱི་ལམ་སྦྱོང་ཞིང་དག་པར་བྱེད་པའི་ཆེ་བ་སྟེ། ཆེ་བའི་ཡོན་ཏན་རྣམ་པ་བརྒྱད་ཀྱིས་བདག་ཉིད་དུ་གྱུར་པའི་ཐེག་པ་ཆེན་པོ་འདི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །དེ་རྣམས་ཀྱིས་ཚོགས་ནི་ངེས་པར་འབྱུང་བཅས་རྣམས། །ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པ་དེ་བསྟན་ཟིན་ཏོ། །དེ་ལྟར་ན་སྒོ་གསུམ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བསྟན་པའི་སྒོ་དང་རྣམ་གྲངས་བཅུ་གཅིག་ལས་གཉིས་པ་རབ་འབྱོར་གྱིས་ཁྲི་བརྒྱད་སྟོང་པར་རབ་འབྱོར་ལེའུ་ཉེར་གཅིག་ཡན་ཆད་ཀྱིས་རྒྱས་པར་བཤད་པ་སོང་ངོ༌། །དངོས་པོ་བརྒྱད་ལས་རྣམ་ཀུན་མཁྱེན་ཉིད་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་དང་པོའི་འགྲེལ་པའོ། །ཉི་ཁྲི་ལེའུ་བརྒྱད་པ་ལྟར་ན་རབ་འབྱོར་ལེའུ་སྟེ་དང་པོའོ། ། གཉིས་པ། ལམ་ཤེས་རྒྱས་པར་བཤད་པ། ༡༽ལམ་ཤེས་ཀྱི་ཡན་ལག་བཤད་པ། ད་ནི་བརྒྱ་བྱིན་གྱི་ལེའུ་ནས་གཉིས་པ་ལམ་ཤེས་པ་ཉིད་ཀྱི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་དག་པར་བཤད་དེ། དེ་ལ་རྣམ་གྲངས་གསུམ་པ་ནས་བརྩམས་ཏེ་རྒྱས་པར་བསྟན་པའི་སྒོ་ནི་དྲང་དགོས་པའི་གདུལ་བྱའི་དབང་གིས་བདེན་པ་གཉིས་ཀའི་ཚུལ་དུ་ལམ་ཤེས་པ་ཉིད་ལས་བརྩམས་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་རྣམ་པར་རྟོག་པ་དང་བཅས་པ་དང༌། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཏེ། དེ་ཡང་ལྷ་རྣམས་རུང་བར་བྱ་བའི་ཕྱིར། །འོད་ཀྱིས་མོག་མོག་པོར་མཛད་དང༌། །ཡུལ་ངེས་པ་དང་ཁྱབ་པ་དང༌། །རང་བཞིན་དང་ནི་དེ་ཡི་ལས། །ཞེས་པ་ལ་སོགས་པའོ། །ལམ་ཤེས་པ་ཉིད་ཀྱི་དངོས་པོ་བཅུ་ལས་དང་པོ་ནི། སྐབས་འདིར་ཤེར་ཕྱིན་སྟོན་པའི་ལྟས་སུ་འཁོར་འདུས་པ་བསྟན་པ་དང་འོད་བསྟན་པ་ཡང་བྱས་པ་ལས། དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་པའི་དགོས་པ་ནི། འཁོར་དུ་འདུ་པའི་ལྷ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཏེ། མདོ་ལས་རབ་འབྱོར་གྱིས་ལྷའི་དབང་པོ་ལ་སྨྲས་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེར་ཕྱིན་གང་ཡིན་པ་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་ཇི་ལྟར་གནས་པ་དང༌། ཇི་ལྟར་བསླབས་པར་བྱ་བ་བསྟན་གྱི། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱིས་ཤིག ཅེས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས། ལྷ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་ཀྱི་འོད་མོག་མོག་པོར་ཟིལ་གྱིས་གནོན་པར་མཛད་དོ། །དེ་བཞིན་གཤེགས་པའི་འོད་ནི་བཅོས་མ་མ་ཡིན་པའི་ཕྱིར་རང་བཞིན་ནོ། །ལྷ་རྣམས་ཀྱི་འོད་ནི་སྔོན་གྱི་ལས་ཀྱིས་སྒྲུབ་ཅིང་བཅོས་མའི་རང་བཞིན་ནོ། །ལམ་ཤེས་ཀྱི་ངོ་བོ་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་བསྟན་གྱིས་ལྷའི་བུ་སེམས་མ་བསྐྱེད་པ་དག་གི་བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་པར་གྱིས་ཤིག ཅེས་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཤེར་ཕྱིན་བསྟན་པའི་སྣོད་དུ་རུང་བའི་ཡུལ་ནི་བླ་ན་མེད་པའི་བྱང་ཆུབ་དུ་སེམས་བསྐྱེད་པ་ཉིད་དུ་ངེས་པའོ། ། ལམ་ཤེས་ཉིད་ཀྱིས་ཐེག་པ་གསུམ་ཆར་གྱི་ཡོན་ཏན་བསྡུས་པའི་ཕྱིར་ཐེག་པ་སུམ་ཆར་ལ་ཁྱད་པ་ཡིན་ཏེ། གནོད་འཇོམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉོན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པ་དང༌། བྱང་ཆུབ་སེམས་དཔའི་ས་ལ་ལམ་གྱི་རྣམ་པ་ཤེས་པའི་ཕྱོགས་དང་མཐུན་པ་སྟེ། གཉིས་ཀ་ཡང་འདི་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་འདོད་པ་ལ། ལམ་གྱི་རྣམ་པར་ཤེས་པ་ཉིད་དུ་བསྟན་པར་བྱའོ། །ཞེས་གསུངས་སོ། །ལམ་ཤེས་དེའི་རང་བཞིན་ནམ། ངོ་བོ་ནི་ཉོན་མོངས་རྟགས་དང་མཚན་མ་དང༌། །མི་མཐུན་ཕྱོགས་དང་གཉེན་པོ་དག །དབེན་དང་ཞེས་པ་ལ་སོགས་པའི་ངོ་བོ་ཉིད་དུ་བསྟན་པ་གང་ཡིན་ཏེ། སྐབས་འདི་ཉིད་དུ་ཡང་མོས་སྦྱོད་ཀྱི་ས་ནས་གཟུང་སྟེ་མཐོང་སྒོམ་གྱི་ལམ་རིམ་གྱིས་སྟོན་པར་འགྱུར་བ་དག་གོ །ལམ་ཤེས་དེའི་བྱེད་ལས་ནི་ཕན་དང་བདེ་དང་སྐྱོབ་པ་ལ་སོགས་པ་འཇིག་རྟེན་གྱི་དོན་བསྒྲུབ་པར་མཛད་པ་གང་ཡིན་པ་དེ་ཉིད་ཡིན་ནོ། ། དེ་དག་གིས་ནི་མོག་མོག་པོར་བྱེད་ལ་སོགས་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༢༽ཉན་ཐོས་ལམ་གྱི་སྤངས་རྟོགས་ཀྱི་ཡོན་ཏན་བསྟན་པ། ད་ནི་བྱང་ཆུབ་སེམས་དཔའ་ལམ་ཤེས་པ་ཉིད་ཀྱིས་ཉན་ཐོས་ཀྱི་ལམ་གྱི་སྤངས་རྟོགས་ཀྱི་ཡོན་ཏན་བསྡུས་པ་སྟོན་ཏོ། །དེ་ལ་ལམ་ཤེས་ཀྱི་ངང་ཚུལ་ལམ་རང་བཞིན་ལ་གང་གི་སྒོ་ནས་ཉན་ཐོས་ཀྱི་ལམ་བསྡུས་པར་འགྱུར་ན། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི། ། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱའོ། །འདི་ལ་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ང་ང་ཚུལ་ལམ་བདག་ཉིད་གང་ཡིན་པ་དེ་ལ་ནི་འཕགས་པའི་བདེན་པ་བཞི་པོ་དག་གི་རྣམ་པ་རྣམས་དངོས་པོར་མི་དམིགས་པའི་སྒོ་ནས་ནི་ཉན་ཐོས་ཀྱི་ལམ་འདི་བསྡུས་པར་ཤེས་པར་བྱའོ། །དེ་ལ་འཕགས་པའི་བདེན་པ་བཞི་པོའི་རྣམ་པ་རྣམས་ཇི་ལྟར་ཡིད་ལ་བྱེད་ན། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པའི་ངོ་བོ་ཕུང་ཁམས་སྐྱེ་མཆེད་རྣམས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། སྟོང་པ་དང༌། ནད་ལྟ་བུ་དང༌། འབྲས་དང༌། ཟུག་རྔུ་དང༌། སྡིག་པ་དང༌། གཞན་ལ་རགས་ལས་པ་དང༌། འཇིག་པའི་ཆོས་ཅན་དང༌། མི་བརྟན་པ་དང༌། རབ་ཏུ་འཇིག་པའི་ངང་ཚུལ་ཅན་དང༌། འཇིགས་པ་དང༌། འཚེ་བ་དང༌། འགོ་བའི་ནད་ལྟ་བུར་ཡིད་ལ་བྱེད་པ་བཅོ་ལྔ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། ། འགོག་པའི་བདེན་པ་རྣམ་པ་འདི་ལྟར་ཡིད་ལ་བྱེད་དེ། རྒྱུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གྱི་རང་བཞིན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཇི་ལྟར་འབྱུང་ཞིང་ཇི་ལྟར་འགག་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་ཞེས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་ཡིད་མི་བདེ་བ་དང་འཁྲུག་བ་རྣམས་འབྱུང་ཞེས་པའི་བར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགགས་ཅེས་པ་ནས་སྐྱེ་བ་འགགས་པས་རྒ་ཤི་ལ་སོགས་པའི་བར་འགག་པ་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་འགག་སྟེ། དེ་ཡང་བདག་མེད་པ་དང༌། ཞི་བ་དང༌། དབེན་པ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པར་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱེད་དོ། །ལམ་གྱི་བདེན་པ་འདི་ལྟར་བསྒོམ་སྟེ། དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་མི་དམིགས་པའི་ཚུལ་གྱིས་བསྒོམ་པར་མདོ་ལས་གསུངས་སོ། །དེ་ལྟར་བདེན་པ་བཞིའི་རྣམ་པ་མི་དམིགས་བའི་ཚུལ་གྱིས་ཡིད་ལ་བྱེད་པ་དང་སྒོམ་པའི་སྒོ་ནས་ཉན་ཐོས་ཀྱི་ལམ་བསྡུས་པ་ཡིན་ནོ། །ད་ནི་ཉན་རང་གི་སའི་ཚུལ་གྱིས་སྔར་གྱི་མི་རྟག་པ་ལ་སོགས་པ་རྣམས་ཀྱི་དོན་བཤད་པར་བྱ་སྟེ། མ་བྱུང་བ་ལས་འབྱུང་བ་དང༌། བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར་མི་རྟག་པར་ཡིད་ལ་བྱེད་དོ། ། བདག་ཉིད་སྡུག་བསྔལ་གསུམ་དང་ལྡན་པ་དང༌། གཞན་དག་གི་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར་སྡུག་བསྔལ་བའོ། །དབང་བསྒྱུར་བའི་འདོད་དགུར་བྱེད་པ་མེད་པ་ལ་སོགས་པས་བདག་རང་ལ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་བདག་མེད་པའོ། །ཆུ་ཤིང་གི་སྡོང་པོ་ལྟར་ནང་ན་བདག་གི་སྙིང་པོས་སྟོང་པའི་ཕྱིར་སྟོང་པའོ། །རྐྱེན་དུ་མས་གོས་དགོས་པ་དང་ལུས་དང་ཡིད་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན་པས་ནད་དང་འདྲ་བའི་ཕྱིར་ནད་དོ། །ཞེན་པའི་གནོད་པ་ལྡན་པ་དང༌། ཉོན་མོངས་ཀྱི་མི་གཙང་བ་ཟག་པ་དང༌། སྐྱེ་བ་དང༌། རྒ་བ་དང༌། འཇིག་པས་རིམ་པ་ལྟར་སྐྲད་བ་དང༌། སྨིན་པ་དང༌། རྡོལ་བས་འབྲས་དང་འདྲ་བའི་ཕྱིར་འབྲས་སོ། །ཕྱི་ནང་གི་གནོད་པ་ཟུག་པར་བྱེད་ཅིང་བཅོས་དཀའ་བས་ཟུག་རྔུ་དང་འདྲ་བའི་ཕྱིར་ཟུག་རྔུའོ། །སྨད་པར་བྱ་བ་ཡིན་པ་དང༌། གནོད་པར་འགྱུར་བའི་སྡིག་ཏོ་དང་འདྲ་བའི་ཕྱིར་སྡིག་པའོ། །ལས་བདག་གིར་བྱ་བ་ཡིན་པས་དབང་བྱེད་པ་མེད་པའི་ཕྱིར་གཞན་ལ་རགས་ལས་པའོ། །ན་རྒ་འཆི་བས་འཇིགས་པའི་ངོ་བོ་ཡིན་པའི་ཕྱིར་འཇིགས་པའི་ཆོས་ཅན་ནོ། །འདུ་བྱས་གྱི་མཚན་ཉིད་གསུམ་དང་ལྡན་ཞིང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པའི་ཕྱིར་མི་བརྟན་པའོ། །རང་གི་ངང་དང་གནོད་པའི་ཀྱང་འཇིགས་པའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རབ་ཏུ་འཇིགས་པའི་ངང་ཚུལ་ཅན་ནོ། །འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་འཇིགས་པའོ། །མ་ཚོར་བཞིན་དུ་གནོད་པ་སྣ་ཚོགས་ཀྱིས་འཚེ་བའི་ཕྱིར་འཚེ་པའོ། །གནོད་པ་རྣམ་པ་མང་པོ་དང༌། འདྲ་བ་དང༌། འགོ་པའི་ནད་དང་འདྲ་བའི་ཕྱིར་འགོ་པའི་ནད་དུ་ཡིད་ལ་བྱེད་དོ། །འགོག་པའི་རྣམ་པ་བདུན་གྱི་དོན་ཡང༌། བདག་གི་མཚན་ཉིད་དང་བྲལ་བའི་ཕྱིར་བདག་མེད་པའོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཞི་བའོ། །ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་དབེན་པའོ། །བདག་དང་བདག་གི་བས་སྟོང་པའི་ཕྱིར་སྟོང་པའོ། །འདུས་བྱས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །ཁམས་གསུམ་དུ་མི་སྨོན་པའི་ཕྱིར་སྨོན་པ་མེད་པའོ། །ཕྱི་མ་ལས་མངོན་པར་འདུ་བྱ་བ་མེད་པའི་ཕྱིར། མངོན་པར་འདུ་བྱ་བ་མེད་པར་ཡིད་ལ་བྱེད། རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱིས་སྲིད་པའི་འཁོར་ལོ་སྟེ། ཉོན་མོངས་དང་ལས་དང་སྡུག་བསྔལ་གསུམ་དུ་འདུས་སོ། །དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་གསུམ་ནི་ཉོན་མོངས་དང་འདུ་བྱེད་དང་སྲིད་པ་གཉིས་ནི་ལས་དང་རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་བདུན་ནི་སྡུག་བསྔལ་ལོ། །དང་པོ་གསུམ་ལས་གཉིས་འབྱུང་ཞིང༌། གཉིས་ལས་བདུན་འབྱུང་ལ། བདུན་ལས་ཀྱང་གསུམ་འབྱུང་བའི་ཚུལ་གྱིས་སྲིད་པའི་འཁོར་ལོ་འདི་ཉིད་ཡང་དང་ཡང་དུ་འཁོར་བ་ཡིན་ནོ། །འགྲོ་བ་སེམས་ཅན་ཀུན་ཡན་ལག་བཅུ་གཉིས་པོ་འདི་ལ་བཏགས་པ་ཡིན་གྱི། འདི་ལ་རྫས་སུ་གྲུབ་པའི་སེམས་ཅན་དང༌། གང་ཟག་ལ་སོགས་པ་ནི་ཅི་ཡང་མེད་དོ། །དེས་ན་སེམས་ཅན་གྱི་དངོས་པོ་སྟོང་བ་རྟེན་ཅིང་འབྲེལ་པའི་ཆོས་རྨི་ལམ་ལྟ་བུ་སྔ་མ་རྣམས་ལས། སྟོང་པ་ཉིད་ཁོ་ནའི་ཡན་ལག་ཕྱི་མ་རྣམས་འབྱུང་བར་ཟད་དོ། །ཕུང་པོ་ཉིང་འཚམས་སྦྱོར་བ་ཡང་ཀུན་གཞི་རྣམ་ཤེས་སྔ་མ་འགགས་ཤིང༌། དེ་ལ་བརྟེན་ནས་འགྲོ་བ་གཞན་འབྱུང་བའི་ཕྱིར་སྔ་མ་དེ་ཉིད་འཕོས་པ་ཡང་མ་ཡིན་ལ་སྔ་མ་དེ་མེད་པར་ཡང་ཕྱི་མ་མི་འབྱུང་བས་ཁ་ཐོན་ལ་སོགས་པའི་དཔེས་རྟོགས་པར་བྱའོ། །དེས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་ལན་ཅིག་འགགས་པའི་ཕྱི་ནས་དེའི་རིགས་གཏན་མེད་དུ་སོང་བའི་ཚུལ་གྱིས་ཆད་པ་མ་ཡིན་ལ། སྐྱེས་ནས་བདེན་པའི་ངོ་བོ་རྟག་པ་ཡང་མ་ཡིན་ཀྱང༌། སྔ་མ་ལ་བརྟེན་ནས་ཕྱི་མ་རྣམས་རྨི་ལམ་སྒྱུ་མ་བཞིན་དུ་སྣང་ལ་རང་བཞིན་མེད་པའི་ཆོས་རྣམས་སོ་སོར་སྣང་བའོ། །འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། །ཡན་ལག་བྱེ་བྲག་བཅུ་གཉིས་གང༌། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་པ་དང་སྡུག་བསྔལ་སྟེ། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་འཁོར་བའི་འཁོར་ལོ་སྟེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་བའི་ཆོས་རྣམས་འབྱུང་བར་ཟད། །ཁ་ཐོན་མར་མེ་མེ་ལོང་རྒྱ། །ས་བོན་མེ་ཤེལ་སྐྱུར་དང་སྒྲས། ། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང༌། །མི་འཕོ་པར་ཡང་མཁས་རྟོགས་བྱ། །ཤིན་ཏུ་ཕྲ་བའི་དངོས་པོ་ལའང༌། །གང་གིས་ཆད་པར་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང༌། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །དེ་རྣམས་ཀྱིས་རབ་འབྱོར་གྱིས་ལྷའི་དབང་པོ་ལ་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་གང་ཡིན་པ་དེ་བསྟན་ཏོ། ། དེ་ལྟར་བཤད་པ་རྣམས་ཀྱིས་སློབ་མ་ཉན་ཐོས་ཀྱིས་ལམ་གང་ཡིན་པ་དེ་བཤད་པ་ལས་ད་རུང༌། རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའི་ཤེར་ཕྱིན་ལ་ཇི་ལྟར་གནས་པ་བསྟན་པས་ཉན་ཐོས་ཀྱི་སྦྱོར་ལམ་མི་དམིགས་པའི་སྒོ་ནས་བསྡུས་པ་སྟོན་ཏོ། །དེ་ཡང་མདོ་ལས་སྟོན་ཚུལ་ཇི་ལྟ་བུས་དྲོད་སོགས་བསྟན་ན། འཕགས་པ་ཉན་ཐོས་ལམ་ལ་ནི། །གཟུགས་ལ་སོགས་པའི་སྟོང་པའི་ཕྱིར། ། སྟོང་པ་ཉིད་རྣམས་དབྱེར་མེད་པས། །དྲོ་བ་དེ་དག་མི་དམིགས་པས། །རྩེ་མོར་གྱུར་པ་དག་ཏུ་འདོད། །དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་བཟོད་པ་རྣམས། །ས་བཅུ་དག་ལས་བརྩམས་ནས་ནི། །མི་གནས་རྒྱས་པར་བསྟན་པ་ཡིས། །ཆོས་ཀྱི་མཆོག་ཏུ་གྱུར་བཤད་དེ། ། འདིར་འཕགས་པ་ཉན་ཐོས་གྱི་ལམ་བྱང་ཆུབ་སེམས་དཔའི་ལམ་ཤེས་ཀྱིས་བསྡུས་པ་ལ། མདོ་ལས། དྲོད་སོགས་འདི་ལྟར་བསྟན་ཏེ། གཟུགས་ནི་གཟུགས་ཀྱིས་སྟོང་ངོ༌། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔས་སྟོང་ཞེས་པ་ནི་གཟུགས་ལ་སོགས་པ་སྟོང་པའི་ཕྱིར་རོ། །གཟུགས་ནས་བྱང་ཆུབ་སེམས་དཔའི་བར་གྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ་ཞེས་པ་ནི་སྟོང་པ་ཉིད་རྣམས་དབྱེར་མེད་པ་ཡིན་ནོ། །དེ་ལྟར་གསུངས་པ་ངེས་དྲོ་བ་བསྟན་ཏོ། །ཀུན་བཏགས་པའི་གཟུགས་སོགས་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་མེད་ཅིང་དེ་དག་གི་སྟོང་ཉིད་གཅིག་པའི་ཆོས་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་ནི་དྲོད་ཡིན་ནོ། །མདོ་ལས། གཟུགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ལ་སོགས་གཟུགས་སོགས་དེ་དག་མི་དམིགས་པར་བསྟན་པས་རྩེ་མོར་གྱུར་པ་དག་ཏུ་འདོད་དེ་བསྟན་ཏོ། །དེ་ཉིད་ནི་དངོས་པོའི་གཟུགས་སོགས་མི་དམིགས་པའི་ཚུལ་གྱིས་དེ་བཞིན་ཉིད་དུ་གནས་པའི་ཡེ་ཤེས་སོ། །མདོ་ལས། གཟུགས་སོགས་རྟག་མི་རྟག་མི་རྟག་བདེ་སྡུག་བདག་བདག་མེད་ཞི་མ་ཞི་ཞེས་བྱ་བ་ལ་སོགས་པར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པས་གཟུགས་སོགས་དེ་ལ་རྟག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་གནས་པ་བཀག་པས་བཟོད་བ་ཆུང་འབྲིང་ཆེན་པོ་རྣམས་བསྟན་ཏོ། །དེ་ཉིད་ནི་རྟག་པ་ལ་སོགས་པའི་དངོས་པོར་མི་གནས་པའི་ཚུལ་གྱིས་ཡོངས་སུ་གྲུབ་པ་ཉིད་དུ་གནས་པའི་ཡེ་ཤེས་སོ། །མདོ་ལས། ས་དང་པོ་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱ་བ་ནས། ས་བཅུ་པ་དང་ཕྱིན་དྲུག་དང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་བོ་ཆེ་རྣམས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ། །ཞེས་པ་ས་བཅུ་དག་ལས་བརྩམས་ནས་ནི་དམིགས་པའི་ཚུལ་གྱིས་མི་གནས་རྒྱས་པར་བསྟན་པ་ཡིས། ཆོས་ཀྱི་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་བཤད་དེ། །དེ་ཉིད་ནི་ཅི་ལ་ཡང་དངོས་པོར་མི་རྟོག་པའི་ཚུལ་གྱིས་ཆོས་ཀྱིས་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་སོ། །དམིགས་མེད་སྤྱོད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའི་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་གནས་སུ་མི་རུང་བ། ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར་ཏེ། །རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པའི་བྱང་ཆུབ་མངོན་པར་སངས་རྒྱས་པ་སྟེ་རྫོགས་པར་ཐུགས་སུ་ཆུད་ཅིང་མཁྱེན་ནས་དམིགས་པའི་ཚུལ་གྱིས་གནས་སུ་རུང་པའི་ཆོས་རྣམས་མ་གཟིགས་པ་དེའི་ཕྱིར་རོ། །དེས་ནས་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་མི་གནས་ཤིང༌། དམིགས་པའི་ཚུལ་གྱིས་སྟོང་པ་ཉིད་དུ་གནས་པ་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་གནས་པར་མི་བྱའོ། །དེ་རྣམས་ཀྱིས་སློབ་མའི་ལམ་གང་དང༌། ཞེས་པ་དེ་བཤད་ཟིན་ཏོ། ། ༣༽བསེ་རུ་ལྟ་བུའི་ལམ་གྱི་སྤངས་རྟོགས་བསྟན་པ།