ཕར་ཕྱིན་མདོ་ལུགས་མ།

ས་དང་པོ་ལ་གནས་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་གཟུངས་འཐོབ་བོ། །ས་གཉིས་པ་ལ་དྲི་མ་མེད་པ་ཞེས་བྱ་བ་དང༌། གསུམ་པ་ལ་ཤིན་ཏུ་བརྟན་པ་དང༌། བཞི་བ་ལ་ཐུབ་པར་དཀའ་བ་དང༌། ལྔ་པ་ལ་ཡོན་ཏན་གྱིས་སེམས་བརྒྱན་པ་དང༌། དྲུག་པ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒྲོན་མ་དང༌། བདུན་པ་ལ་ཁྱད་པར་དུ་འགྲོ་བ་དང༌། བརྒྱད་པ་ལ་མི་རྟོག་པ་དང༌། དགུ་པ་ལ་སྒོ་མཐའ་ཡས་པ་དང༌། ས་བཅུུ་བ་ལ་མི་ཟད་པའི་ཟ་མ་དོག་ཞེས་བྱ་བའི་གཟུངས་འཐོབ་པོ། ། དེ་ལྟར་ས་དང་སར་གཟུངས་ཚད་མེད་གྲངས་མེད་པ་སྟོང་ཕྲག་ཏུ་མ་ཐོབ་པར་གསུངས་སོ། །འདིར་གཟུངས་ཀྱི་སྒོ་ནི་ཨ་ལ་སོགས་པའི་ཡི་གེ་སྟེ། ཡི་གེ་དང་དེའི་སྒོ་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་རྟུལ་དང་བྲལ་བ་ལ་སོགས་པར་རྟོག་པའི་ཡེ་ཤེས་དྲན་པ་དང་ཤེས་རབ་སྐྱེ་སྟེ། སྐྱེ་བ་མེད་པ་ལ་སོགས་པའི་དོན་འཛིན་པས་ན་གཟུངས་སོ། །འདི་ལྟར་ཨ་ལ་སྐྱེ་བ་མེད་པ་འདི་དོན་སྒྲོ་བཏགས་ནས་ཞི་གནས་དང་ལྷག་མཐོང་གི་སྦྱོར་བ་བསྒོམ་པ་དེའི་ཚེ་གོམས་པའི་སྟོབས་ཀྱིས་ཨ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་སྣང་བ་ནི་དེ་ལྟར་རྟོགས་པའི་རྒྱུ་དེ་ཨ་ཡིན་ནོ། །དེ་བཞིན་དུ། ར་པ་ཙན་ལ་སོགས་པ་ཡིག་གེ་བཞི་བཅུ་རྩ་བཞི་ཙམ་བྱུང་བ་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། རྡུལ་དང་བྲལ་བ་ལ་སོགས་པའི་དེ་བཞིན་ཉིད་ཀྱི་རང་བཞིན་རབ་ཏུ་རྟོགས་པའི་ཡེ་ཤེས་ནི་ཡི་གེ་དེ་དང་དེའི་སྒོ་ནས་འཇུག་ཅིང༌། སྐྱེ་བའི་ཕྱིར་ཡི་གེ་རྣམས་ནི་གཟུངས་ཀྱི་སྒོ་ཡིན་ནོ། །ཡི་གེ་དེ་་དག་ལ་དམིགས་ནས་བྱུང་བའི་ཡེ་ཤེས་ལ་ཡང་གཟུངས་ཀྱི་སྒོ་ཞེས་བྱའོ། །ཡི་གེ་འདི་རྣམས་ཀྱི་དོན་སྐྱེ་བ་མེད་པ་དང༌། རྡུལ་དང་བྲལ་བ་དང༌། དོན་དམ་པར་ཁྱད་པར་མེད་པ་ལ་སོགས་་པ་ཐམས་ཅད་ནི་དེ་བཞིན་ཉིད་འབའ་ཞིག་ཡིན་པར་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱིས་གསུངས་སོ། །འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་པར་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། གང་དུ་དེ་བཞིན་ཉིད་ཀྱི་བརྡ་ཡིན་པ་དེར་ཨ་ཡིག་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །ཞེས་དང༌། མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་གཞོམ་དུ་མེད་ཅིང་བརྗོད་དུ་མེད་པ་སྟེ་བརྗོད་དུ་མེད་པའི་དབྱིངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅན་ནོ། །ཞེས་གསུངས་སོ། །དེས་ན་ཆོས་ཀྱི་དབྱིངས་ཉིད་དོན་དམ་པའི་ཨ་དང་ར་དང་པ་ལ་སོགས་པ་དང་དབྱངས་དང་གསལ་བྱེད་ཡིན་ཞེས་པའི་དོན་ཏོ། །ཉི་ཁྲི་སྣང་བ་ལ་སོགས་ཀྱི་བཤད་པ་ནི་འདི་དག་དང་མི་མཐུན་པར་སྣང་བས་གསེར་བཞིན་ཏུ་བརྟག་པར་མཛོད་ཅིག། ས་བཅུ་དང་གཉེན་པོ་ནི་དེ་མ་ཐག་ཏུ་འོག་ནས་རྒྱས་པར་འཆད་པའི་ཚུལ་གྱིས་ཚོགས་ཀྱི་བསྒྲུབ་པའི་རིམ་པ་མདོ་ལས་བྱུང་བ་ལྟར་བཤད་པ་ཡིན་པར་ཤེས་པར་བྱའོ། །དེ་ལ་རབ་འབྱོར་གྱིས་ཞུ་བ་གཉིས་པ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་པའི་ལན་དུ་ས་བཅུ་ཡོངས་སུ་སྦྱོང་བ་གསུངས་པ་ནི་ཚོགས་ཀྱི་སྒྲུབ་པ་ལ་ཞུགས་པ་གང་ཡིན་པ་དེ་ཉིད་སྟོན་ཏེ། མདོ་ལས། ས་དང་པོ་རབ་ཏུ་དགའ་བ་གནས་པས་ས་ཡོངས་སུ་སྦྱོང་བ་བཅུ་བྱའོ། །ཞེས་གསུངས་པའི་ཕྱིར་ས་དང་པོ་དེ་ལ་གནས་པས། ཡོངས་སུ་སྦྱོང་བ་ཡིན་ནོ། །ཡོངས་སུ་སྦྱོང་བའི་དོན་ནི་ས་དེ་དང་དེ་ལ་གསུངས་པའི་ཆོས་དེ་དང་དེ་དག་ཡོངས་སུ་སྦྱང་ཞིང་དག་པར་བྱ་བ་ཉིད་ས་དེ་དང་དེ་ཡོངས་སུ་སྦྱོང་ཞིང་དག་པ་ཡིན་ནོ། །ཆོས་དེ་དང་དེ་དག་པ་ཉིད་ས་དེ་དང་དེ་དག་པ་ཡིན་ལ་དག་པ་ལ་ཐབས་ཞེས་བྱའོ། །དེ་ལ་སྦྱོང་གཞི་སྦྱོང་བྱ། སྦྱོང་བྱེད། སྦྱོང་མཁན། སྦྱོང་ཚུལ། སྦྱང་འབྲས་དེ་དྲུག་གིས་རྟོགས་པར་བྱའོ། །སྦྱང་གཞི་ནི་ཀུན་ཏུ་འགྲོ་བའི་དོན་ལ་སོགས་པ་ཆོས་ཀྱི་དབྱིངས་རྣམ་པ་བཅུ་ཡིན་ནོ། །སྦྱང་བྱ་དྲི་མ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་བཅུའོ། སྦྱོང་བྱེད་ཀྱི་ཐབས་ནི་འཁོར་གསུམ་དུ་རྟོག་པའི་རང་བཞིན་མི་དམིགས་པའོ། །སྦྱོང་མཁན་གྱི་གང་ཟག་ནི། ས་དེ་དང་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །སྦྱོང་ཚུལ་ནི་ཇི་ལྟར་གཞུང་ལས་བྱུང་བའི་རིག་པ་དེ་ཉིད་དོ། །སྦྱང་འབྲས་ནི་རང་རང་གི་ངོ་སྐལ་གྱི་དྲི་མ་དག་པའི་ས་དེ་དང་དེ་ཉིད་དོ། ། འདི་ལྟར་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་ལ་ཀུན་འགྲོ་བའི་དོན་དུ་རྟོགས་སོ། །ས་གཉིས་པ་ལ་མཆོག་གི་དོན་ཏུ་རྟོགས་སོ། །ས་གསུམ་པ་ལ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པའི་དོན་གྱི་ཐོས་པ་མཆོག་ཉིད་དུ་རྟོགས་སོ། །ས་བཞི་པ་ལ་ཆོས་ལ་སྲེད་པ་ལ་ཡང་ལྡོག་པའི་ཕྱིར་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་སོ། །ས་ལྔ་པ་ལ་བསམ་པ་མཉམ་པ་ཉིད་ཀྱིས་རྒྱུད་རྣམས་ཐ་དད་པ་མེད་པར་རྟོགས་སོ། །ས་དྲུག་པ་ལ་ཉོན་མོངས་པ་དང་རྣམ་པར་བྱང་བ་མ་ཡིན་པའི་དོན་ཏུ་རྟོགས་སོ། །ས་བདུན་པ་ལ་མཚན་མ་ཐ་དད་པ་མེད་པའི་དོན་དུ་རྟོགས་སོ། །ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་ཉོན་མོངས་བྲི་བ་མེད་ཅིང་རྣམ་བྱང་འཕེལ་བ་མེད་པའི་དོན་དང༌། དབང་བཞི་ལས་རྣམ་པར་མི་རྟོག་པ་ལ་དབང་བ་དང༌། ཞིང་ཡོངས་སུ་དག་པ་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །ས་དགུ་པ་ལ་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །ས་བཅུ་པ་ལ་ཇི་ལྟར་བཞེད་པ་བཞིན་དུ་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པའི་ཕྱིར། ལམ་ལ་དབང་བའི་གནས་ཉིད་དུ་རྟོགས་སོ། །ས་བཅུའི་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྒྲིབ་པ་བཅུའི་གཉེན་པོ་དག་ནི་ས་ཉིད་ཡིན་ནོ། །དབུ་མ་ཆེན་པོ་དབུས་མཐའ་རྣམ་འབྱེད་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན་རྒྱུ་མཐུན་དོན་གྱི་མཆོག་ཉིད་དང༌། ཡོངས་སུ་འཛིན་པ་མེད་དོན་དང། །རྒྱུད་རྣམ་ཐ་དད་མེད་དོན་དང༌། །ཉོན་མོངས་རྣམ་དག་མིན་དོན་དང༌། །ཐ་དད་མེད་པའི་དོན་ཉིད་དང༌། །བྲི་མེད་འཕེལ་བ་མེད་དོན་དང༌། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་གསུངས་པའི་དོན་ཏོ། །དེ་ལ་ཡོངས་སུ་སྦྱོང་བའི་ཆོས་དུ་ཞིག་གིས་ས་དང་པོ་འཐོབ་པར་འགྱུར་ཞེ་ན། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡིས། །ས་ནི་དང་པོ་འཐོབ་འགྱུར་ཏེ། །བཅུ་པོ་གང་ཞེ་ན། བསམ་དང་ཕན་པའི་དངོས་ཉིད་དང༌། །སེམས་ཅན་རྣམས་ལ་སེམས་མཉམ་ཉིད། །གཏོང་དང་བཤེས་གཉེན་བསྟེན་པ་དང༌། །དམ་ཆོས་དམིགས་པ་ཚོལ་བ་དང༌། ། རྟག་ཏུ་ངེས་འབྱུང་སེམས་ཉིད་དང༌། ། སངས་རྒྱས་སྐུ་འདོད་དགའ་བ་དང༌། ཆོས་སྟོན་པ་དང་བདེན་པ་ཡི། །ཚིག་ནི་བཅུ་པ་ཡིན་པར་འདོད། །གང་གིས་ཡོངས་སུ་སྦྱོང་བར་ཤེས་པར་བྱ་ཞེ་ན། འདི་དག་རང་བཞིན་མི་དམིགས་པས། ། ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །འདི་དག་གི་བཤད་པ་ཡང་མདོ་ལས་བྱུང་བའི་ཉིད་བརྗོད་པར་བྱའོ། །དེ་ལ་རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱ་བས་དགེ་བ་ཐམས་ཅད་བསྒྲུབ་པ་ནི་ལྷག་པའི་བསམ་པ་མི་དམིགས་པའི་ཕྱིར་བསམ་པ་ཡོངས་སུ་སྦྱོང་བ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ནི་མཚན་མ་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱོང་བ་ཉིད་དང༌། རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱ་བས་ཚད་མེད་བཞི་སྒྲུབ་པ་ནི་སེམས་ཅན་མི་དམིགས་པའི་ཕྱིར་སེམས་མཉམ་པ་ཡོངས་སུ་སྦྱོང་བ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་རྣམ་རྟོག་མེད་པར་སྦྱིན་པ་གཏོང་བ་ནི། སྦྱིན་བྱ་དང༌། སྦྱིན་པ་པོ་དང༌། ལེན་པ་པོ་མི་དམིགས་པའི་ཕྱིར་གཏོང་བ་ཡོངས་སུ་སྦྱོང་བ་དང༌། ཐེག་ཆེན་ལ་འགོད་པའི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། བསྙེན་བཀུར་དང་སྲི་ཞུ་བྱེད་པ་ནི་དེ་དག་གིས། རློམ་སེམས་མེད་པའི་ཕྱིར་བཤེས་གཉེན་ལ་བསྟེན་པ་ཡོངས་སུ་སྦྱོང་བ་དང༌། རྣམ་མཁྱེན་དང་ལྡན་པའི་སེམས་ཀྱིས་ཆོས་ཚོལ་བར་བྱེད་པ་ལ་ཉན་རང་གི་སར་མི་ལྟུང་བ་ནི་ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་དམ་ཆོས་དམིགས་པ་ཚོལ་བ་ཡོངས་སུ་སྦྱོང་བ་དང༌། ཚེར་རབས་ཐམས་ཅད་དུ་འདྲེ་བ་མེད་པར་མངོན་པར་འབྱུང་ཞིང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ལ། སུ་ཡང་དེའི་བར་ཆད་མི་བྱེད་པ་ནི་ཁྱིམ་མི་དམིགས་པའི་ཕྱིར་རྟག་ཏུ་ངེས་འབྱུང་གི་སེམས་ཡོངས་སུ་སྦྱོང་བ་ཉིད་དང༌། སངས་རྒྱས་ཀྱི་སྐུ་མཐོང་ནས་རྣམ་མཁྱེན་མ་ཐོབ་ཀྱི་བར་ཏུ་སངས་རྒྱས་ཡིད་ལ་བྱེད་པ་དང་མི་འབྲལ་བ་ནི་མཚན་དཔེ་མི་དམིགས་པའི་ཕྱིར་སངས་རྒྱས་ཀྱི་སྐུ་འདོད་དགའ་བ་ཡོངས་སུ་སྦྱོང་བ་དང༌། ཐོག་མར་དགེ་བ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི་ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར་ཆོས་སྟོན་པ་ཡོངས་སུ་སྦྱོང་བ་དང༌། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ནི་ཚིག་མི་དམིགས་པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱོང་བ་ནི་བཅུ་པ་ཡིན་པར་འདོད་དེ་བསྟན་ནོ། །ས་རྣམས་ཀྱི་ངེས་པའི་ཚིག་ནི་དབུ་མ་མདོ་སྡེའི་རྒྱན་ལས་གསུངས་པ་ལྟར་བརྗོད་པར་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །ཡོངས་སུ་སྦྱོང་ཞིང་དག་པའི་ཆོས་དུ་ཞིག་གིས་ས་གཉིས་པ་འཐོབ་བར་འགྱུར་ཞེ་ན། ཚུལ་ཁྲིམས་བྱས་བ་བཟོ་དང་བཟོད། །དགའ་དང་མི་གཏོང་སྙིང་བརྩེ་ཆེ། །བཀུར་སྟི་བླ་མ་ལ་གུས་ཉན། །བརྒྱད་པ་སྦྱིན་ལ་སོགས་ལ་བརྩོན་པས་ས་གཉིས་པ་དྲི་མ་མེད་པ་འཐོབ་པོ། །དེ་ལ་ཉན་རང་གི་སེམས་དང༌། འཆལ་པའི་ཚུལ་ཁྲིམས་དང༌། བྱང་ཆུབ་ལ་བར་ཆད་བྱེད་པའི་ཆོས་ཡིད་ལ་མི་བྱེད་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་བྱས་པ་ཆུང་ངུ་ཡང་ཆུད་མི་གསོན་ན་ཆེན་པོ་ལྟ་ཅི་སྨོས་པ་ནི་བྱས་པ་གཟོ་བ་དང༌། སེམས་ཅན་ཐམས་ཅད་ལ་གནོད་པ་དང་འཚེ་བའི་སེམས་མེད་པ་ནི་བཟོད་པ་དང༌། ཐེག་པ་གསུམ་ལ་སེམས་ཅན་སྨིན་པར་བྱེད་པ་ནི་དགའ་ཞིང་རབ་ཏུ་དགའ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་སེམས་ཅན་མི་གཏོང་བ་དང༌། སེམས་ཅན་རེ་རེའི་ཕྱིར་ཡང་སྐལ་པ་ཚད་མེད་པར་དམྱལ་བའི་སྡུག་བསྔལ་ཡང་མྱོང་བར་བྱའོ། །སྙམ་པ་དང་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྤྲོ་ཞིང་མི་སྐྱོ་བ་ནི་སྙིང་བརྩེ་ཆེ་བ་དང༌། བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་ནི་བཀུར་སྟི་བླ་མ་ལ་གུས་ཉན་པ་དང༌། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་ཕྱིར། ལས་གཞན་མི་བྱེད་པར་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་ཚོལ་བ་ནི། བརྒྱད་པ་སྦྱིན་པ་ལ་སོགས་པ་ལ་བརྩོན་པ་ཡིན་ནོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་པ་དང༌། འདོད་ཆགས་ལ་སོགས་སྣ་ཚོགས་པའི་དྲི་མ་རྟག་ཏུ་དྲི་མ་ཅན། །དྲི་མ་མེད་པས་གང་དག་པ། །དྲི་མ་མེད་ཅེས་བརྗོད་པ་ཡིན། །ཆོས་དུ་ཞིག་ཡོངས་སུ་དག་པས་ས་གསུམ་པ་རྣམ་པར་དག་པ་ཡིན་ཞེ་ན། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང༌། །འཁོར་བས་ཡོངས་སུ་མི་སྐྱོ་དང༌། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །དག་པས་ས་གསུམ་པ་འོད་བྱེད་པ་རྣམ་པར་དག་པ་ཉིད་དོ། །དེ་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གང་ཅི་གསུངས་པ་དེ་ཐམས་ཅད་གཟུང་བར་བྱའོ། །སྙམ་དུ་ཆོག་མི་ཤེས་པ་ནི་ཐོས་པས་མ་ངོམས་པ་ཉིད་དང༌། ཆོས་སྟོན་ཀྱང་ཆོས་ཀྱི་སྦྱིན་པའི་དགེ་བ་དེས་ཐ་ན་བྱང་ཆུབ་ལ་ཡང་རེ་བ་མེད་པ་ནི་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང༌། རང་གཞན་གྱི་སེམས་ཀྱི་ཞིང་དག་པར་བྱེད་པའི་དགེ་བ་སྒྲུབ་བ་ནི་སངས་རྒྱས་ཀྱི་ཞིང་ཀུན་ཡོངས་སུ་སྦྱོང་བ་དང༌། སྤྱད་པ་སྤྱོད་པ་ན་རྣམ་མཁྱེན་མ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མི་འགྱུར་བ་ནི། དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་མི་སྐྱོ་དང༌། ཉན་རང་གི་སེམས་ལ་སྨོད་པ་ནི། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལ་གནས་པ་ཞེས་བྱ་བ་དེ་རྣམས་ཐམས་ཅད་ཀྱང་རློམ་སེམས་མེད་པའི་བདག་ཉིད་དེ་ཆོས་རྣམ་པ་ལྔ་དག་པ་ཡིན་ནོ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཡང་ཉོན་མོངས་དྲི་མ་རབ་འགགས་ནས། །དྲི་མེད་ཤེས་རབ་རབ་གསལ་བས། །ཚད་མེད་པ་ཡི་མིན་པ་དག །སེལ་བར་བྱེད་པའི་འོད་བྱེད་པའོ། །ཞེས་སོ། །ཆོས་གང་དག་ཡོངས་སུ་སྦྱོང་བས་ས་བཞི་པ་དག་པ་ཡིན་ཞེ་ན། ནགས་གནས་འདོད་ཆུང་ཆོག་ཤེས་དང༌། །ངས་པ་ཡང་དག་སྡོམ་བསྟེན་དང༌། །བསླབ་པ་ཡོངས་སུ་མི་གཏོང་དང༌། །འདོད་པ་རྣམས་ལ་སྨོད་པ་དང༌། །མྱ་ངན་འདས་དང་བདོག་ཀུན་གཏོང༌། །མི་ཞུམ་པ་དང་ལྟ་པ་མེད། །ཅེས་པ་ས་རྣམས་ཀྱིས་ས་བཞི་པ་འོད་འཕྲོ་བ་ཅན་དག་པ་ཡིན་ནོ། །དེ་ལ་ཉན་རང་གི་ས་ནས་ཤིན་ཏུ་འདའ་བ་ནི། ནགས་སུ་གནས་པ་དང༌། རང་དོན་ལ་དམིགས་ནས་བླ་ན་མེད་པའི་བྱང་ཆུབ་ཀྱང་མི་འདོད་པ་ནི་འདོད་པ་ཆུང་བ་དང༌། རྣམ་མཁྱེན་ཐོབ་ཀྱང་རློམ་སེམས་སུ་མི་བྱེད་པ་ནི་ཆོག་ཤེས་པ་དང༌། ཆོས་ཟབ་མོ་ལ་ངེས་པར་སེམས་པའི་བཟོད་པ་ནི། སྦྱངས་པ་ཡང་དག་སྡོམ་སྟེན་དང༌། གང་ལ་བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་ནི་བསླབ་པ་ཡོངས་སུ་མི་གཏོང་བ་དང༌། འདོད་སེམས་མི་བསྐྱེད་པ་ནི་འདོད་པའི་ཡོན་ཏན་རྣམས་ལ་སྨོད་པ་དང༌། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་ནི་མྱ་ངན་ལས་འདས་པའི་སེམས་དང༌། ནང་དང་ཕྱི་རོལ་གྱི་ཆོས་རྣམས་འཛིན་པ་མེད་པ་ནི་བདོག་པ་ཀུན་གཏོང་བ་དང༌། རྣམ་ཤེས་ལ་གནས་པ་རྣམས་ལ་སེམས་མི་སྦྱོར་བ་ནི་སེམས་མི་ཞུམ་པ་སྟེ་མི་འདྲ་བ་དང༌། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་ནི་དངོས་པོ་ཐམས་ཅད་ལ་ལྟ་བ་མེད་པ་ཡིན་ནོ། །དེ་རྣམས་དག་པ་ནི་ས་བཞི་པ་འོད་འཕྲོ་བ་ཅན་དག་ཅིང་ཐོབ་པ་ཡིན་ནོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། ། རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེག་པས་འོད་འཕྲོ་ཅན། ། ཞེས་དང༌། རྟག་ཏུ་དག་པའི་འོད་ཀྱིས་གསལ། །འདུ་འཛི་རྣམ་པར་སྤངས་པ་ཡིན། །ཡེ་ཤེས་འོད་ནི་རབ་འཕྲོ་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །ཅེས་སོ། །སྤང་བྱའི་ཆོས་དུ་ཞིག་སྤངས་ན་ས་ལྔ་པ་འཐོབ་ཅེ་ན། འདྲེས་དང་ཁྱིམ་ལ་འཁྲེན་པ་དང༌། །འདུུ་འཇིའི་གནས་དང་གནོད་སེམས་དང༌། །བདག་བསྟོད་གཞན་ལ་བརྙས་པ་དང༌། །མི་དགེ་ལས་ཀྱི་ལམ་བཅུ་དང༌། རློམས་པས་ཁེངས་དང་ཕྱིན་ཅི་ལོག། བློ་ངན་དང་ནི་ཉོན་མོངས་བཟོད། ཐེ་ཚོམ་དང་ནི་ཉོན་མོངས་བཟོད། །བཅུ་པོ་འདི་ནི་རྣམ་སྤངས་ནས། །ས་ལྔ་པ་ནི་ཡང་དག་འཐོབ་པ་ཡིན་ནོ། །དེ་ལ་རྫུས་ཏེ་སྐྱེ་བ་དང༌། །སྐྲ་བྲེགས་ཤིང་ངུར་སྨིགས་གྱོན་པ་ནི། ཁྱིམ་དང་འདྲེས་པ་སྤོང་བ་དང༌། དགེ་སློང་དང་དགེ་སློང་མ་རྣམས་དང་ཡུད་ཙམ་ཡང་ལྷན་ཅིག་མི་གནས་ཤིང་དེ་དག་མེད་ན་ཡང་སྐྱོ་བར་མི་འགྱུར་བ་ནི་རབ་ཏུ་བྱུང་བ་དང་འདྲེས་པ་སྤོང་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་བདག་གིས་བདེ་བའི་ཡོ་བྱད་སྦྱར་དགོས་པ་ལ་སེམ་ཅན་འདི་དག་བདག་གི་བསོད་ནམས་ཀྱིས་བདེ་བར་གྱུར་པ་ལ་སེར་སྣའི་སེམས་བསྐྱེད་པར་མི་བྱའོ། །སྙམ་པ་ནི་རང་གི་ཁྱིམ་ལ་འཁྲེན་པ་སྟེ། སེར་སྣ་བྱེད་པ་སྤོང་བ་ཡིན་ནོ། །ཉན་རང་གི་སེམས་ནི་འདུ་འཛི་སྟེ་དེ་སྐྱེ་བའི་གནས་སྦོང་བ་ཡིན་ནོ། །གནོད་འཚེ་དང་འཐབ་རྩོད་ཀྱི་སེམས་ཀྱི་སྐབས་མི་འབྱེད་པ་ནི་གནོད་སེམས་སྤོང་བ་ཡིན་ནོ། །ནང་གི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་བདག་ལ་བསྟོད་པ་སྤོང་བ་དང༌། ཕྱིའི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་གཞན་ལ་བརྙེས་པ་སྟེ། སྨོད་པ་སྤོང་བ་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པ་ནི་བདེ་འགྲོ་ལ་ཡང་བར་ཏུ་གཅོད་པར་བྱེད་ན་འཕགས་པའི་ལམ་དང་བྱང་ཆུབ་ལ་ལྟ་ཅི་སྨོས་ཏེ། ཞེས་མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོང་བ་ཡིན་ནོ། །རློམ་སེམས་དང་ཁེངས་པ་སྐྱེ་པའི་ཆོས་ཅི་ཡང་མ་མཐོང་བ་ནི་རློམ་སེམས་སྤོང་བ་དང་ཁེངས་པ་སྤོང་བ་ཡྀན་ནོ། །དངོས་པོ་རྣམས་མི་དམིགས་པ་ནི་ཕྱིན་ཅི་ལོག་སྤོངས་པ་ཡིན་ནོ། །བློ་ངན་སྟེ་ཐེ་ཚོམ་སྤོང་བ་ཡིན་ནོ། །དུག་གསུམ་གྱི་དངོས་པོ་མ་མཐོང་བ་ནི་ཉོན་མོངས་པ་བཟོད་པ་སྟེ་རང་དགར་འཇོག་པ་སྤོང་བ་ཡིན་ནོ། །དེ་ལྟར་བཤད་པ་ནི་སྤང་བྱའི་ཆོས་བཅུ་པོ་ནི་རྣམ་པར་སྤངས་ནས་ལྔ་པ་སྦྱང་དཀའ་བ་གང་ཡིན་པ་དེ་ནི་ཡང་དག་པར་འཐོབ་པ་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་དང་ཡང་རང་བཞིན་སྒྱུ་རྩལ་བཟོད་གནས་ཀུན། བསམ་གཏན་རྣམ་པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྦྱངས་དཀའ་ལས། །རྣམ་པར་རྒྱལ་བ་སྦྱངས་དཀའ་འདོད། །ཅེས་སོ། །གཉེན་པོ་བའི་ཆོས་དུ་ཞིག་རྫོགས་པ་དང་སྤོང་བྱའི་ཆོས་དུ་ཞིག་སྤོང་བས་ས་དྲུག་པ་འཐོབ་ཅེ་ན། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རབ་རྫོགས་པས། །སློབ་མ་དང་ནི་བསེ་རུ་ལ། །དགའ་དང་སྐྲག་པའི་སེམས་སྤངས་དང༌། །བསླངས་ན་མི་ཞུམ་བདོག་པ་ཀུན། །བཏངཡང་མི་དགའ་མེད་པ་དང༌། །དབུལ་ཡང་སློང་པ་མི་སྤོང་བས། །ས་ནི་དྲུག་པ་ཡང་དག་འཐོབ་པ་ཡིན་ནོ། །