ཕར་ཕྱིན་མདོ་ལུགས་མ།

དེ་ལ་ཀུན་བཏགས་པ་རྣམས་མཚན་ཉིད་མེད་པར་མཐོང་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པ་ལ་ཞི་བའི་མཚན་ཉིད་དུ་མཐོང་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །གཞན་གྱི་དབང་ལ་མི་མཐུན་པར་མཐོང་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །ཤེས་པ་བཅུ་གཅིག་ནི་སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། ཡོངས་སུུ་འདྲེས་པ་ཤེས་པ་དང༌། སྒྲ་ཇི་བཞིན་ཅེས་པའོ། ། དེ་ལ་དང་པོ་སྡུག་བསྔལ་མི་སྐྱེ་ཞིང་རྒྱུན་ཆད་པར་ཞུགས་པའི་ཤེས་པ་ཡིན་ནོ། །གཉིས་པ་ནི་ཀུན་འབྱུང་གི་ངོ་བོ་ལས་དང་་ཉོན་མོངས་སྤངས་པར་ཤེས་པའོ། །གསུམ་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཟད་ཅིང་འགོག་པ་ཤེས་པའོ། །བཞི་པ་ནི་སྡུག་བསྔལ་འགོག་པ་རྒྱུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །ལྔ་པ་ནི་དགྲ་བཅོམ་པའི་ས་ལ་དུག་གསུམ་ཟད་པར་ཤེས་པའོ། །དྲུག་པ་ནི་སྲིད་པའི་འགྲོ་བར་མི་སྐྱེ་བར་ཤེས་པའོ། ། བདུན་པ་ནི་རྣམ་པར་གྲོལ་བ་དེ་མངོན་སུམ་དུ་བྱེད་པས་ཕུང་པོ་ལྔ་བཅོས་མར་ཡོངས་སུ་གཅོད་པའི་ཤེས་པའོ། །བརྒྱད་པ་ནི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ཕུང་ཁམས་སྐྱེ་མཆེད་མི་རྟག་པར་ཤེས་པའོ། །དགུ་པ་ནི་གཅིག་ཁོ་ནས་ཀུན་བཏགས་པ་ལ་དམིགས་པའི་ཕྱིར་གཞན་གྱི་སེམས་ཤེས་པའོ། །བཅུ་པ་ནི་ཡོངས་སུ་འདྲེས་པ་དང༌། གོམས་པར་བྱེད་པ་དང༌། བསྒོམས་པ་རྣམས་དོན་གཅིག་གོ །ཡོངས་སུ་འདྲེས་པ་ཤེས་པ་ལ་གཉིས་སྟེ། ཡང་དག་པར་བསྒྲུབ་པའི་ངོ་བོ་ལམ་ཤེས་པ་དང༌། སྡིག་པ་ཐམས་ཅད་ཟིལ་གྱིས་མནན་ཅིང་ཡོངས་སུ་ཟད་པར་བྱས་པར་ཤེས་པའོ། །བཅུ་གཅིག་པ་ནི་དེ་བཞིན་གཤེགས་པ་རིས་དྲུག་གི་སྒྲ་དང་བརྗོད་པ་ཐམས་ཅད་རྟོག་པའོ། །སྒྲ་དང་བརྗོད་པ་དང༌། འདུ་ཤེས་དང་བཏགས་པ་ནི་རྣམ་གྲངས་སོ། །དབང་པོ་གསུམ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང༌། ཀུན་ཤེས་པའི་དབང་བོ་དང༌། ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །མཐོང་བའི་ལམ་དང་སློབ་པ་དང་མི་སློབ་དག་གི་གོ་རིམ་བཞིན་ནོ། །དབང་པོའི་ངོ་བོ་ནི་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི་དབང་པོའོ། །རྣམ་པར་བྱང་བའི་ཆོས་ལ་དབང་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གསུམ་ནི་རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོ་སྒྲུབས་ནས་གནས་པའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ནི་བསམ་གཏན་དང་པོ་དང་གཉིས་པའི་བར་གང་ཡིན་པ་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ནི་བསམ་གཏན་གཉིས་པ་ནས་སྲིད་རྩེའི་པར་གང་ཡིན་པ་དེ། རགས་པ་དང་འབྲིང་དང་ཕྲ་མོ་ཉིད་རྟོགས་པར་བྱ་བའི་ཕྱིར་རོ། །རྗེས་སུ་དྲན་པ་བཅུ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཚུལ་ཁྲིམས་དང་གཏོང་བ་དང་ལྷ་དང་སྐྱེ་བ་དང་འཆི་བ་དང་ལུས་སུ་གཏོགས་པ་དང་དབུགས་འབྱུང་རྔུབ་རྗེས་སུ་དྲན་པའོ། །ཚད་མེད་པ་བཞིན་ནི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང༌། བཏང་སྙོམས་ཚད་མེད་པའོ། །དེ་ལ་བྱམས་པ་ནི་གསུམ་སྟེ་མོས་སྤྱོད་ཀྱི་ས་ལ་སེམས་ཅན་ལ་དམིགས་པའོ། །ས་བདུན་པའི་བར་ལ་དེ་བཞིན་ཉིད་ལ་དམིགས་པའོ། །ས་བརྒྱད་པ་ཡན་ཆད་ནི་དམིགས་པ་མེད་པའོ། །སྙིང་རྗེ་ཡང་གསུམ་སྟེ། སེམས་ཅན་སྡུག་བསྔལ་བ་ལ་དམིགས་པ་དང་ཉེས་པར་སྤྱོད་པ་མང་བའི་སེམས་ཅན་ལ་དམིགས་པ་དང༌། རྐྱེན་དང་མི་ལྡན་པར་རྣམ་པར་གྲོལ་བའི་སེམས་ཅན་ལ་དམིགས་པའོ། །དགའ་བ་ཡང་གསུམ་སྟེ། བདེ་བའི་སེམས་ཅན་ལ་དམིགས་པ་དང༌། བདག་གི་ཚོགས་རྫོགས་ལ་དམིགས་པ་དང༌། དམ་པའི་ཆོས་ཀྱི་རོ་མྱང་བ་ལ་དམིགས་པའོ། །བཏང་སྙོམས་ཀྱང་གསུམ་སྟེ། སེམས་ཅན་གྱི་དོན་དཔྱད་པ་ལ་སྐལ་པ་ཡོད་པ་དང་མེད་པ་ལ་དམིགས་པ་དང༌། རྙེད་མ་རྙེད་ལ་སོགས་འཇིག་རྟེན་གྱི་ཆོས་ལ་མཉམ་ཉིད་དུ་དམིགས་པ་དང༌། ཚོགས་ཡོངས་སུ་རྫོགས་པར་བྱ་བ་ལ་དུས་དང་དུས་མ་ཡིན་པ་ལ་དམིགས་པའོ། ། སེམས་ཅན་ཚད་མེད་པ་ལ་དམིགས་པ་དང༌། ཚོགས་ཚད་མེད་པའི་རྒྱུ་དང་ཆོས་ཚད་མེད་པ་འཐོབ་པའི་རྒྱུ་དང༌། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་་ཚད་མེད་པའོ། །ཡོན་ཏན་དང་ལྡན་པའི་བྱམས་སོགས་རེ་རེ་ཡང་ཡོན་ཏན་གསུམ་གསུམ་སྟེ་ཆེ་བ་ཉིད་དང་གཅིག་པ་ཉིད་དང་གནོད་པ་མེད་པའོ། །ཆེ་བ་ཡང་གསུམ་སྟེ། བསམ་པས་ཆེ་བ་ནི་ཡངས་པའོ། །འཕེལ་བས་ཆེ་བ་ནི་རྒྱ་ཆེན་པོར་གྱུར་པའོ། ། དམིགས་པས་ཆེ་བ་ནི་ཚད་མེད་པའོ། །གཅིག་པ་ཉིད་ནི་མི་རྟོག་པ་དང་བྱམས་སོགས་ཀྱིས་རྣམ་པར་གཅིག་པའི་ཕྱིར་མི་གཉིས་པའོ། །གནོད་པ་མེད་པ་ཡང་གསུམ་སྟེ། འཚེ་བའི་གཉེན་པོ་ཡིན་པའི་ཕྱིར་ནང་གི་ཆོས་ལས་བྱུང་བའི་གནོད་པ་མེད་པ་ནི་ཁོ་ན་མེད་པའོ། །ཕྱི་རོལ་གྱི་སེམས་ཅན་གྱིས་བྱམས་པ་གནོད་པ་མེད་པ་ནི་འགྲན་ཟླ་མེད་པའོ། །ཕྱི་རོལ་གྱི་འདུ་བྱེད་ལས་གྱུར་པའི་གནོད་པ་མེད་པའོ། །གསུམ་པོ་དེ་དག་ཀྱང་གོ་རིམ་བཞིན་དུ། འདོད་ཆགས་ལ་སོགས་པ་དང། དུག་ལ་སོགས་པ་དང། མེ་ལ་སོགས་པའི་གནོད་པ་མེད་པའི་ཕྱིར་རོ། །བསམ་གཏན་བཞི་ནི། འདོད་པ་དང་མི་དགེ་བའི་ཆོས་ལས་དབེན་པ་རྟོག་དཔྱོད་བཅས་པ་དབེན་པ་ལས་སྐྱེས་པ་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་དང༌། རྟོག་དཔྱོད་བྲལ་བས་ནང་ཡོངས་སུ་དང་ཞིང་སེམས་ཀྱི་རྒྱུ་གཅིག་ཏུ་གྱུར་བས་རྟོག་དཔྱོད་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་དང༌། དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་ཤེས་བཞིན་ཅན་ཡིན་དེ་བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་པ་དང༌། བདེ་སྡུག་ཡང་ཡིད་བདེ་མི་བདེ་ཡང་ནུབ་པས་བདེ་སྡུག་གང་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པའོ། །དེ་ལ་ཉོན་མོངས་པ་དང་དངོས་པོའི་འདོད་པ་མཚུངས་པར་ལྡན་པ་སྟེ། དམིགས་པ་ལས་དབེན་པའི་ཕྱིར་རོ། །ལུས་ངག་ཡིད་ཉེས་པར་སྤྱོད་པ་མི་དགེ་བ་བཅུའི་ཆོས་ལས་དབེན་པའོ། །འདོད་པའི་སྒྲིབ་པས་དབེན་པ་ལས་སྐྱེས་པའོ། །འདོད་པའི་དོན་རྙེད་པའི་ཕྱིར་དགའ་བ་དང་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ལུས་སེམས་ཤིན་ཏུ་སྦྱངས་ཏེ་ལས་སུ་རུང་བའི་ཕྱིར་བདེ་བ་ཅན་ནོ། །བསམ་གཏན་དང་པོར་རྟོག་དཔྱོད་ལ་སྐྱོན་དུུ་མ་མཐོང་བས་འདོད་པའི་གཉེན་པོར་དེ་གཉིས་དང་མཚུངས་པར་ལྡན་ཡང་བསམ་གཏན་གཉིས་ལ་སྐྱོན་དུ་མཐོང་བས་དེ་གཉིས་དང་བྲལ་ཞིང་ནང་ཡོངས་སུ་དང་བ་དང༌། དེ་གཉིས་ཀྱིས་བར་དུ་གཅོད་པ་མེད་པས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པའོ། །བསམ་གཏན་གསུམ་པར་སེམས་གཡེང་བར་བྱེད་པའི་དགའ་བའི་ཚོང་བ་སྤངས་ཤིང་བཏང་སྙོམས་ལ་གནས་པ་དགའ་བའི་ཚོར་བ་མི་བསྐྱེད་པའི་ཕྱིར་ཤེས་རབ་ཀྱིས་གནས་པས་དྲན་ཤེས་བཞིན་ཅན་ཞི་བའི་ཚོར་བ་འབྱུང་སྟེ། དེའི་ཚེ་གཟུགས་ཀྱི་ལུས་དང་ཡིད་ཀྱི་ལུས་ཀྱིས་ཚོར་བའི་བདེ་བ་དང༌། ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་དོ། །བསམ་གཏན་འོག་མ་གཉིས་ལ་དེ་ལྟ་བུའི་བདེ་བ་དང་བཏང་སྙོམས་མེད་ལ་བཞི་པ་ལ་བཏང་སྙོམས་ཡོད་ཀྱང་བདེ་བ་མེད་པས་གསུམ་པ་འདི་བདེ་བ་དང་བཏང་སྙོམས་ཀྱིས་གནས་ཡིན་པའི་ཕྱིར། སངས་རྒྱས་ཉན་ཐོས་རྣམས་ཀྱིས་འདི་ལ་གཙོ་བོར་དེ་སྐད་བརྗོད་པའོ།། བསམ་གཏན་བཞི་པ་འདིར་སྔ་མ་གསུམ་གྱི་ཚོར་བ་ཐམས་ཅད་སྤངས་ཤིང་བཏང་སྙོམས་དང་དྲན་ཤེས་བཞིན་རྣམས་ཤིན་ཏུ་དག་པའི་ཕྱིར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི། རྣམ་པ་ཐམས་ཅད་དུ་ཁ་དོག་ཐམས་ཅད་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ཏེ། རྩིག་པ་ལ་སོགས་པ་ཐོགས་པའི་འདུ་ཤེས་ནུབ་ཅིང་བཟའ་བཏུང་གོས་རྒྱན་ལ་སོགས་པ་སྣ་ཚོགས་པའི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ། །སྙམ་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དོ། །དེ་ལས་འདས་དེ་རྣམ་ཤེས་མཐའ་ཡས་སོ། །སྙམ་པ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དོ། །དེ་ལས་འདས་དེ་རྣམ་ཤེས་ལས་གུད་ན་དམིགས་པ་བཙལ་ན་གཟུགས་མེད་ཅིང༌། གཟུགས་ཡང་མེད་དོ་སྙམ་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དོ། །དེ་ལས་འདས་དེ་སྔར་ཡོད་པའི་འདུ་ཤེས་བཟློག་ཅིང་ད་ནི་ཅི་ཡང་མེད་པའི་འདུ་ཤེས་མེད་པ་དང༌། མཚན་མ་མེད་པའི་འདུ་ཤེས་ཤིན་ཏུ་ཕྲ་བ་ཡོད་པས་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། ། རྣམ་པར་ཐར་པ་བརྒྱད་ལ། དང་པོ་གཉིས་ནི་མི་སྡུག་པ་བསམ་གཏན་དང་པོ་གཉིས་པའི་རང་བཞིན་ནོ། །གསུམ་པ་ནི་བསམ་གཏན་བཞི་པའི་རང་བཞིན་ཆགས་པ་མེད་པའི་ངོ་བོ་ཉིད་དོ། །དེ་ལ་འདོད་པ་ན་སྤྱོད་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་ནང་གི་སོགས་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེའི་འོག་ཏུ་ཕྱི་རོལ་གྱི་རྣམ་པར་སྔོས་པ་ལ་སོགས་པ་ལ་དམིགས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་ནི་གཟུགས་ཅན་གཟུགས་རྣམས་ལ་བལྟ་བའོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་པ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ཡང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །ནང་གི་དབང་གི་གཟུགས་ཅན་ཕྱི་རོལ་གྱི་དབང་གིས་གཟུགས་རྣམས་ལ་ཞེས་བྱའོ། །ནང་གི་ལ་མ་དམིགས་པར་ཕྱི་རོལ་གྱི་རྣམ་པར་སྔོས་པ་སོགས་འབའ་ཞིག་ལ་དམིགས་ནས་སྔ་མ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་ལ་ཆགས་པའི་གཉེན་པོར་རིམ་ལྟར་བསམ་གཏན་དང་པོ་དང་གཉིས་པ་ལ་སྙོམས་པར་འཇུག་པ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཡིན་ནོ། །སྡུག་པར་མོས་པ་ནི་མི་སྡུག་པར་བསྒོམ་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བ་འམ་ཅི་ཡིད་དུ་འོང་བའི་གཟུགས་སོགས་ལ་སྡུག་པ་ཉིད་དུ་ཡིད་ལ་བྱེད་ན་ཁ་དོག་ལ་ཆགས་སོགས་ཀྱི་དབང་གིས་སེམས་ཀྱི་རྒྱུད་གཞན་དུ་འགྱུར་རམ་མི་འགྱུར་ཞེས་སད་པའི་ཕྱིར་ཡིད་དུ་འོང་བའི་གཟུགས་སོགས་ལ་་དམིགས་ནས་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་ནི་སྡུག་པའི་རྣམ་པར་ཐར་པ་ཡིན་ནོ། །སྙོམ་པར་འཇུག་པའི་སྐད་ཅིག་ལ་སྡུག་པ་སོགས་ཀྱི་རྟོག་པ་མེད་ཀྱང་སྔར་འཇུག་པའི་དབང་གིས་དེ་སྐད་བྱའོ། །གཟུགས་མེད་ཀྱི་རྣམ་ཐར་བཞི་ནི་སྔར་བཤད་པ་དེ་ཉིད་དོ། །འདི་ཤེས་དང་ཚོར་བ་འགག་པའི་སྙོམས་པར་འཇུག་པ་ནི་སྣམ་པར་ཐར་བ་བརྒྱད་དོ། །མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བསམ་གཏན་བཞི་གཟུགས་མེད་བཞི་འགོག་པའི་སྙོམས་འཇུག་གོ །སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ་མཁྱེན་པ་དང་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་དང་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ཁམས་དུ་མ་པ་མཁྱེན་པའི་དང༌། མོས་པ་སྣ་ཚོགས་མཁྱེན་པའི་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་དང༌། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དེའི་རྒྱུ་དང་རྣམ་པར་བྱང་བ་དང༌། རྣམ་པར་བྱང་བ་དེའི་རྒྱུ་མཁྱེན་པའི་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་དང༌། ལྷའི་མིག་གི་མངོན་པར་ཤེས་པ་མཁྱེན་པའི་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་རྣམས་སོ། །མི་འཇིགས་པ་བཞི་ནི། ང་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་དམ་བཅས་པ་དང་ང་ཟག་པ་ཟད་དོ་ཞེས་པ་དང་བར་དུ་གཅོད་པའི་ཆོས་སུ་བསྟན་པ་དང༌། ངེས་པར་འབྱིན་པ་ལམ་དུ་བསྟན་པ་ལ། ཆོས་འདི་སངས་མ་རྒྱས་སོ། །ཟག་པ་མ་ཟད་དེ། འདིས་བར་དུ་མི་གཅོད་དོ། ལམ་འདི་ངེས་པར་མི་འབྱུང་ངོ་ཞེས་ལྷ་དང་བདུད་དང་ཚངས་པ་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་མ་མཐོང་བས་བདེ་བ་ཐོབ་བག་ཚ་བ་མེད་པ་ཐོབ་མི་འཇིགས་པ་ཐོབ་སྟེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་སོ། །ཆོས་དང་མཐུན་པར་དགེ་སྦྱོང་ལ་སོགས་པ་གང་གིས་ཀྱང་བསྐོར་བར་མི་ནུས་པའི་ཚངས་པའི་འཁོར་ལོ་བསྐོར་རོ། །ལྷའི་མིག་གིས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཕྱིར་ལྷ་དང་བདུད་སྨོས་སོ། །རྫུ་འཕྲུལ་དང་མཐུ་ཆེ་བའི་ཕྱིར་ཚངས་པ་སྨོས་སོ། །ཤེས་རབ་ཀྱི་ང་རྒྱལ་བྱེད་པའི་ཕྱིར་དགེ་སྦྱོང་དང་བྲམ་ཟེར་སྨོས་སོ། །སྐུའི་འཕྲིན་ལས་རྣམ་པར་དག་པའི་ཕྱིར་ལུས་ཀྱི་སྐྱོན་སྤུ་ཟིང་བྱེད་པ་ལ་སོགས་པ་མེད་པས་ལུས་བདེ་བ་ཐོབ་ཅིང་དེའི་དབང་གིས་ཁྱུ་མཆོག་ཅང་ཤེས་ཀྱི་གནས་སུ་ཞལ་གྱིས་འཆིས་སོ། །གསུང་གི་འཕྲིན་ལས་རྣམ་པར་དག་པའི་ཕྱིར་གསུང་ཞུམ་པ་ལ་སོགས་པའི་སྐྱོན་མེད་པས་གསུང་བག་ཚ་བ་མེད་པ་ཐོབ་ཅིང་དེའི་དབང་གིས་སེང་གེ་བཞིན་དུ་སྒྲོགས་སོ། །ཐུགས་ཀྱི་འཕྲིན་ལས་རྣམ་པར་དག་པའི་ཕྱིར་ཐེ་ཚོམ་ལ་སོགས་པའི་སྐྱོན་མེད་པས་ཐུགས་མི་འཇིགས་པ་ཐོབ་ཅིང༌། དེའི་དབང་གིས་ཚངས་པ་བཞིན་འཁོར་ལོ་བསྐོར་རོ། །ཡེ་ཤེས་ལེའུ་འགྲེལ་བར། མགོན་པོ་སྦྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས། སངས་རྒྱས་རྣམས་ཀྱི་མི་འཇིགས་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཁྱེན་པ་ལ་མི་འཇིགས་པ་དང༌། ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་དང༌། སྒྲིབ་པ་མེད་པའི་ལམ་དུ་འཇུག་པ་ལ་མི་འཇིགས་པ་དང༌། ཟག་པ་ཟད་པའི་ཡེ་ཤེས་ལ་མི་འཇིགས་པའོ། །ཞེས་གསུངས་སོ། །སོ་སོ་ཡང་དག་པ་རིག་པ་བཞི་ནི། ཆོས་དང༌། དོན་དང༌། ངེས་པའི་ཚིག་དང༌། སྤོབས་པ་སོ་སོ་ཡང་དག་པ་རིག་པའོ། །དེ་ལ་སངས་རྒྱས་ཀྱི་གསུང་རབ་ཀྱི་གཞུང་མང་པོ་འདིས་ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་པའི་ཕྱིར་དེ་ཤེས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །བརྗོད་བྱའི་ཚོགས་ནི་དོན་དེ་དེ་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །རིས་དྲུག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་བརྗོད་པ་གང་ཡིན་ཐམས་ཅད་ནི་ངེས་པའི་ཚིག་སྟེ་དེ་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཤེས་པ་དང༌། དོན་ཤེས་པ་དང་ངེས་པའི་ཚིག་ཤེས་པ་སྟེ་ཤེས་པ་གསུམ་པོ་དེ་ཉིད་ནི་སྤོབས་པ་སོ་སོ་ཡང་དག་པ་རིག་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་དང༌། ཅ་ཅོ་དང༌། བསྙེལ་བ་དང༌། ཐ་དད་པའི་འདུ་ཤེས་དང༌། སེམས་མཉམ་པར་མ་བཞག་པ་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ནི་སྤྱོད་པ་མ་འདྲེས་པ་དྲུག་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ཉམས་པ་མེད་པ་ནི་རྟོག་པ་ལ་མ་འདྲེས་པ་དྲུག་དང་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ནི་འཕྲིན་ལས་མ་འདྲེས་པ་གསུམ་དང༌། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་གྱི་དུས་ལམ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་རབ་ཏུ་འཇུག་པ་ནི་ཡེ་ཤེས་མ་འདྲེས་པ་གསུམ་སྟེ་དེ་ལྟར་ན་བཅོ་བརྒྱད་དོ། །དེ་ལ་དགྲ་བཅོམ་པ་རྣམས་བསོད་སྙོམས་ལ་རྒྱུུ་བ་ན་གླང་པོ་ཆེ་དང་ཆོམ་རྐུན་ལ་སོགས་པའི་གནོད་པ་འབྱུང་བ་མ་ཤེས་པའི་འཁྲུལ་པ་འབྱུང་པ་དང༌། དགྲ་བཅོམ་པ་དགོན་པ་ན་ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་དང༌། གང་མོ་རྟ་སྐད་འབྱིན་པ་ལ་སོགས་པ་དང༌། དགྲ་བཅོམ་པ་རྣམས་མ་བསམས་ན་བརྗེད་པས་བྱ་བ་ཤོར་བ་དང༌། དུས་ལས་ཡོལ་བ་བྱུང་བ་དང༌། དགྲ་བཅོམ་པ་དག་གང་གི་ཚེ་སྙོམས་པར་ཞུགས་པ་དེའི་ཚེ་མཉམ་པར་བཞག་ཀྱང་གཞན་གྱི་ཚེམ་ཡིན་པ་དང༌། དགྲ་བཅོམ་པ་དག་འཁོར་འདས་ལ་ཐ་དད་པའི་འདུ་ཤེས་སུ་འགྱུར་བ་དང༌། དགྲ་བཅོམ་པ་དག་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་བ་དང༌། དགྲ་བཅོམ་པ་དག་རང་བཞིན་གྱི་སངས་རྒྱས་ཀྱི་ས་དང་མཛད་པ་ལ་འདུན་པ་མི་སྐྱེའི་ཉན་ཐོས་ཀྱི་བྱ་བ་ཉིད་ལ་འདུན་པར་འགྱུར་ཏེ། དེ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་བརྩོན་འགྲུས་ལ་སོགས་པ་རྣམས་ཉན་ཐོས་རྣམས་ལ་མེད་དོ་སྤྱོད་པའི་སྐབས་ཀྱི་སྙེལ་བ་མེད་པ་དང༌། རྟོགས་པའི་སྐབས་ཀྱི་དྲན་པ་མེད་པ་གཉིས་ཀྱི་ཁྱད་པར་ནི། གཞན་དག་གི་དྲན་པ་ནི་མ་བསམ་ན་བརྗེད་པར་འགྱུར་བ་ལས་དེ་མེད་པ་ནི་བསྙེལ་བ་མེད་པའོ། །སངས་རྒྱས་ནས་བྱ་བ་ཐམས་ཅད་དྲན་པའི་ལམ་དུ་བཞག་པས་ཕྱིས་བསམ་མི་དགོས་ཤིང་དྲན་བཞིན་པ་ནི་དྲན་པ་ཉམས་པ་མེད་པའོ། །མི་ཉམས་པའི་ཏིང་ངེ་འཛིན་ནི། དེ་བཞིན་ཉིད་ལ་བྱའོ། །ཉན་ཐོས་ཀྱི་རྣམ་གྲོལ་ནི་སྒྲའི་རྗེས་སུ་འགྲོ་བའོ། །རང་རྒྱལ་གྱི་རྣམ་གྲོལ་ནི་རྐྱེན་གྱི་རྗེས་སུ་འགྲོའོ། །སངས་རྒྱས་ཀྱི་རྣམ་གྲོལ་ནི་ཆོས་ཉིད་ཀྱི་རྗེས་སུ་འགྲོ་སྟེ། སྒྲིབ་གཉིས་ལས་གྲོལ་བ་དང༌། འབྲས་བུུ་ཕུན་ཚོགས་འཇུག་པས་གྲོལ་བ་དང༌། མི་གནས་པའི་མྱང་འདས་ཀྱི་གྲོལ་བ་སྟེ་ནམ་མཁའ་ལྟར་རྣམ་པར་གྲོལ་བ་ཟད་མི་ཤེས་ཤིང་སེམས་ཅན་གྱི་དོན་ལ་འཁོར་བ་སྲིད་ཀྱི་པར་དུ་འཇུག་པས་ན་རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའ་འོ། །སྐུ་གསུང་ཐུགས་ཀྱི་བྱ་བ་གསུམ་པོ་ཡེ་ཤེས་སྔར་བྱུང་བའི་ཕྱིར་ཡེ་ཤེས་སྔོན་དུ་འགྲོ་བའོ། །ཡེ་ཤེས་དང་ལྷན་ཅིག་ཏུ་རྒྱུ་བའི་ཕྱིར་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །ཉན་ཐོས་རྣམས་ལ་ལུས་ངག་ཡིད་ཀྱི་བྱ་བ་མ་བསམ་པ་དང་མ་ཚོར་བ་དང༌། སེམས་ཅན་གྱི་དོན་དུ་མི་འགྱུར་བར་བྱེད་པ་སྲིད་དོ། །དགྲ་བཅོམ་པ་དག་གང་དང་གང་དུ་རྩོལ་བ་གཏོང་བ་དེ་དང་དེ་ཉིད་ཤེས་ཀྱི་གཞན་དུ་མི་ཤེས་ལ་ཆགས་ཤིང་ཐོགས་པ་དེ་ལྟ་བུ་དེ་བཞིན་གཤེགས་པ་ལ་མེད་དོ། །དེ་ལྟར་དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་པར་ཆོས་ཚན་པ་ཉི་ཤུ་རྩ་གཅིག་བསྟན་པ་ནི། ལམ་དང་ཞེས་པའོ། །གཟུངས་དང་ཞེས་པ་ནི་འཛིན་པར་བྱེད་པས་ན་གཟུངས་སོ། །དེ་ལ་བཞི་སྟེ་བཟོད་པ་འཐོབ་པར་བྱེད་པའི་རྒྱུར་གྱུར་པའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང། ཆོས་ཀྱི་གཟུངས་དང༌། དོན་གྱི་གཟུངས་སོ། །མོས་སྤྱོད་ཀྱི་ས་ལ་ཆོས་ཐམས་ཅད་བརྗོད་དུ་མེད་པར་ངེས་པར་བྱས་བ་དང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་དགའ་བ་ཆེན་པོ་སྐྱེ་སྟེ། དེའི་ཚེ་གཟུངས་འཐོབ་པའོ། །དེ་ཉིད་ས་དང་པོའི་ཡེ་ཤེས་སྐྱེ་བ་དང་མཐུན་པ་དོན་དམ་པའི་ཆོས་ལ་བཟོད་པ་མོས་སྤྱོད་ཀྱི་ས་ཉིད་ལ་འཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་ཅེས་བྱའོ།། དེ་ལྟར་མོས་སྤྱོད་ཀྱི་ས་ལ་གཟུངས་ཀྱི་བཟོད་པའི་ཡེ་ཤེས་དེ་སྐྱེས་ནས་མྱུར་དུུ་ས་དང་པོ་ཐོབ་པར་གྱུར་རོ། །གསང་སྔགས་ཀྱི་གཟུངས་ནི་ས་དང་པོ་ཡན་ཆད་དུ་སེམས་ཅན་གྱི་རིམ་ནད་ལ་སོགས་པ་ཉེ་བར་ཞི་བར་བྱེད་པའི་གསང་སྔགས་ཀྱི་གཞི་རྣམས་བྱིན་གྱིས་རློབས་པའི་ཏིང་ངེ་འཛིན་གྱིས་ནུས་པའོ། །ཆོས་ཀྱི་གཟུངས་ནི་སར་ཆུད་བའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཉན་པ་ན་སྔར་མི་ཤེས་ཤིང་མ་ཐོས་པའི་མིང་ཚིག་ཡི་གེར་གཏོགས་པའི་ཆོས་ཚད་མེད་པ་རྣམས་རིམ་པ་དེ་ཉིད་ཀྱིས་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་ཡིན་ནོ། །དོན་གྱི་གཟུངས་ནི་ཆོས་རྣམས་ཀྱི་དོན་ཚད་མེད་པ་དེ་དག་དུས་དཔག་ཏུ་མེད་པའི་བར་དུ་ཡང་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་གཅིག་ཏུ་བྱས་པ་ཉིད་ཡིན་ནོ། །དེ་ལ་གཟུངས་དང་པོ་ནི་མོས་སྦྱོད་ཀྱི་ས་ཉིད་ལ་འཐོབ་ཅིང༌། ལྷག་མ་གསུམ་པོ་ནི་ས་དང་པོ་ལ་སོགས་པ་ལ་འཐོབ་པོ། །