ཕར་ཕྱིན་མདོ་ལུགས་མ།

དེ་ལ་དང་པོ་ནི་སྤྱོད་པ་དང་གནས་པ་དང་འདུག་པ་ཉལ་བ་ལ་སོགས་པའོ། །གཉིས་པ་ནི་དེ་དག་ཉིད་ལ་ཤེས་བཞིན་དུ་འཇུག་པ་ཉིད་ཡིན་ནོ། །གསུམ་པ་ནི་དྲན་ཤེས་བཞིན་གཙོ་བོར་བྱས་ནས་དྲན་བཞིན་དུ་དབུགས་འབྱུང་རྔུབ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །བཞི་པ་ནི་ལུས་འདི་ལ་ས་ཆུ་མེ་རླུང་གི་ཁམས་སུ་བྱེ་བའོ། །ལྔ་པ་ནི་ལུས་འདི་ལ་སྐྲ་བ་སྤུ་སེན་མོ་སོ་ལྤགས་པ་ཤ་རུས་པ་ཁྲག་རྒྱུས་པ་ལ་སོགས་པ་མི་གཙང་བའི་རྫས་སོ་གཉིས་སོ། །དྲུག་པ་ནི་རྣམ་པར་བམ་པ་དང༌། སྔོས་པ་དང༌། རུལ་བ་དང་འབུས་གཞིགས་པ་དང༌། ཟོས་པ་དང༌། དམར་བ་དང༌། འཐོར་བ་དང༌། རུས་གོང་ཏེ་མི་སྡུག་པ་བརྒྱད་པོ། །འདས་པའི་ལུས་ཐམས་ཅད་ཀྱང་དེ་ལྟ་བུའི་ཆོས་ཅན། མ་འོངས་པར་ཡང་དེ་ལྟ་བུའི་རང་བཞིན་ཅན། ད་ལྟར་བ་ཡང་་ཆོས་ཉིད་དེ་ལས་མ་འདས་སོ། །དེ་ལ་ཤི་ནས་ཞག་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་ལོན་པ་ན་བམ་པ་ནས་འབུས་གཞིགས་པའི་བར་དུ་རིམ་པ་ལྟར་རོ། །ཡང་དག་པར་སྤོང་བ་ནི། སྡིག་པ་མི་དགེ་བའི་ཆོས་ཅན་སྐྱེས་པ་རྣམས་སྤང་བ་དང་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་དགེ་བའི་རྩ་བ་སྐྱེས་པ་རྣམས་མི་ཟད་པར་བྱ་བ་དང་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར། འདུན་པ་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་སོ། །རྩོལ་བ་ནི་སྦྱོར་བའི་བརྩོན་འགྲུས་སོ། །བརྩོན་འགྲུས་རྩོམ་པ་ནི་མི་སྐྱོ་བའི་བརྩོམ་འགྲུས་སོ། །སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་འཇོག་པ་ནི་ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལ་སེམས་བྱིང་ན་རབ་ཏུ་འཛིན་པ་དང༌། རྒོད་ན་སྡུད་པ་ཡིད་ལ་བྱེད་པ་ནི་ཡང་དག་པར་འཇོག་པ་སྟེ་ཐབས་མིན་དུ་སྒྲུབ་པ་སྤངས་ནས་ཐབས་ལ་གནས་པར་བྱེད་པའོ། ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་བརྩོན་འགྲུས་དང་སེམས་དང་དཔྱོད་པ་སྟེ་སྤོང་པའི་འདུ་བྱེད་བརྒྱད་དང་ལྡན་པའོ། ། དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་རྫུ་འཕྲུལ་གྱི་གཞི་དང་གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པའོ། །དགེ་བ་ལ་འདུན་པའི་སྟོབས་འབའ་ཞིག་གིས་སྦྱོར་པའི་དབང་གིས་སེམས་རྩེ་གཅིག་པ་ནི་འདུན་པའི་ཏིང་ངེ་འཛིན་ནོ། །ཡང་དག་སྤོང་བཞིའི་བརྩོན་འགྲུས་ཀྱིས་སྦྱོར་བའི་དབང་གིས་མི་དགེ་བ་སྤོང་བ་དང་དགེ་བ་བསྐྱེད་པ་ལ་བརྩོན་པའི་སེམས་རྩེ་གཅིག་པ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ནོ། །ཞི་གནས་དང་རབ་ཏུ་འཛིན་པ་དང་བཏང་སྙོམས་རྣམས་ཀྱིས་སེམས་སྦྱོར་བའི་དབང་གིས་སེམས་རྩེ་གཅིག་ཏུ་གནས་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ནོ། །ཅི་བདག་མི་དགེ་བའི་ཆོས་ལ་མི་སྤྱོད་དམ། དེ་ཡང་ཡོད་པ་ལ་མི་སྤྱོད་དམ། མེད་པ་ལ་མི་སྤྱོད་པ་དེ་དཔྱད་པར་བྱའོ། །སྙམ་ནས་དཔྱོད་པའི་དབང་གིས་རྩོལ་བ་ན་ཏིང་ངེ་འཛིན་བསྐྱེད་པ་དེ་དཔྱོད་པའི་ཏིང་ངེ་འཛིན་ནོ། །འདུ་བྱེད་པ་བརྒྱད་ནི་ནམ་ཞིག་སྙོམས་འཇུག་བསྐྱེད་པར་བྱ་སྙམ་པའི་འདུན་པ་དང༌། མི་དགེ་བ་ཐམས་ཅད་འཇོམས་པའི་བརྩོན་འགྲུས་དང༌། གོང་དུ་ཐོབ་པའི་ཆོས་ལ་དད་པ་དང༌། དེ་སྔོན་དུ་སོང་བའི་ཤིན་ཏུ་སྦྱངས་པ་དང༌། ཤེས་བཞིན་གྱི་ཕྱོགས་དྲན་པ་དང༌། ལྷག་མཐོང་གི་ཕྱོགས་དང་མཐུན་པར་ཤེས་བཞིན་དང༌། དེ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་དང༌། སེམས་ཀུན་ནས་ཉོན་མོངས་མེད་པའི་ངོ་བོ་བཏང་སྙོམས་སོ། །འདུན་པའི་ཏིང་ངེ་འཛིན་ལ་སོགས་པ་སྤོང་བའི་འདུ་བྱེད་དེ་དག་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་མོ། །དེ་ལ་ཉོན་མོངས་པ་ལས་དབེན་པའོ། །སྲིད་པ་ལས་འདོད་ཆགས་དང་བྲལ་བའོ། །སྡུག་བསྔལ་འགོག་པའོ། །ཕུང་པོ་ཐམས་ཅད་རྣམ་པར་སྤོང་བའོ། །ཡང་སྡུག་བསྔལ་ཤེས་པའི་ཕྱིར། ཀུན་འབྱུང་སྤངས་པའི་ཕྱིར་དང༌། འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་དང༌། ལམ་བསྒོམ་པའི་ཕྱིར་དབེན་པ་ལ་སོགས་པ་གོ་རིམ་བཞིན་ནོ། །ཡང་ཚུལ་ཁྲིམས་ཀྱི་ཕུང་པོས་དང༌། ཏིང་ངེ་འཛིན་གྱི་ཕུང་པོས་དང༌། ཤེས་རབ་ཀྱི་ཕུང་པོས་དང༌། རྣམ་པར་གྲོལ་བའི་ཕུང་པོས་ནི་དབེན་པ་ལ་གནས་པ་ལ་སོགས་པ་རིམ་པ་ལྟར་རོ། ། སྤོང་བའི་འདུ་བྱེད་བརྒྱད་ནི། ཉེས་པ་ལྔའི་གཉེན་པོའོ། །དབུས་མཐའ་རྣམ་འབྱེད་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ནི་ཡང་དག་པར་སྤོང་བའི་བརྩོན་འགྲུས་དེར་གནས་པའི་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་ཉིད་དོ། །ཉེས་པ་ལྔ་ནི་ལེ་ལོ་དང༌། གདམས་ངག་བརྗེད་པ་དང༌། བྱིང་རྒོད་དང༌། འདུ་མི་བྱེད་པ་དང༌། འདུ་བྱེད་པའོ། །ཇི་སྐད་དུ། ལཻ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་སོ། །དེ་ལེ་ལོའི་གཉེན་པོ་ནི་འདུན་པ་དང༌། རྩོལ་བ་དང༌། དད་པ་དང༌། ཤིན་ཏུུ་སྦྱངས་པ་སྟེ་བཞིའོ། །རྩོལ་བའི་གནས་ནི་འདུན་པའོ། ། གནས་པ་ནི་རྩོལ་པའོ། །གནས་འདུན་པའི་རྒྱུ་ནི་དད་པ་དང༌། གནས་རྩོལ་བའི་འབྲས་བུ་ནི། ཤིན་ཏུ་སྦྱངས་པའོ། །ཇི་སྐད་དུ། གནས་དང༌། དེ་ལ་གནས་པ་དང༌། རྒྱུ་དང་འབྲས་བུ་ཉིད་དུའོ། ། ཞེས་སོ། །གདམས་ངག་གི་དམིགས་པ་མ་བརྗེད་པ་དང༌། བྱིང་རྒོད་རྟོགས་པ་དང༌། རྟོགས་ནས་དེ་དང་བྲལ་བའི་ཕྱིར་འདུ་བྱེད་པ་དང༌། བྱིང་རྒོད་ཞི་ཚེ་རྣལ་དུ་འཇོག་པ་ནི་རིམ་པར་དྲན་པ་དང༌། དྲན་པའི་ངང་ནས་ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །ཇི་སྐད་དུ། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་ཡང་མངོན་པར་འདུ་བྱེད་དང༌། ། ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་སོ། །དབང་པོ་ལྔ་དད་པ་དང༌། བརྩོན་འགྲུས་དང༌། །དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་པོ། །སྔར་བཤད་པ་དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞིས་ཡང་དག་པར་སྦྱོར་བ་ཁྱད་པར་གྱི་ཆོས་འབྱུང་བའི་རྟགས་མཐོང་བས་གོང་དུ་ཁྱད་པར་གྱི་ཆོས་འབྱུང་བ་ལ་ངེས་པ་སྐྱེ་སྟེ། དེའི་ཚེ་རྣལ་འབྱོར་པ་དེ་སྟོན་པ་དང་ཉན་ཐོས་རྣམས་ཀྱི་ཐོབ་པ་ལ་ཡིད་ཆེས་པ་སྐྱེའོ།། ཡིད་ཆེས་པ་དེ་གོང་དུ་འཇིག་རྟེན་ལས་འདས་པའི་ཆོས་འབྱུང་བ་ལ་དབང་བྱེད་བས་དད་པའི་དབང་པོའོ། །དད་པའི་སྟོབས་ཀྱིས་བརྩོན་འགྲུས་དང༌། དེའི་སྟོབས་ཀྱིས་ཀྱང་དྲན་པ་ཤིན་ཏུ་ལྷག་པོ་སྐྱེ་བ་ཡང་དེ་བཞིན་དུ་དབང་པོ་བྱེད་པས་ཏིང་ངེ་འཛིན་གྱི་དབང་པོ་ལ་སོགས་པའོ། །དབང་བྱེད་པ་གང་ཞེ་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་བ་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་ནས། འདུན་པ་ནི་དབང་བྱེད་པ་སྦྱོར་བ་ནི་དབང་བྱེད་པ། དམིགས་པ་མི་བརྗེད་པ་ནི་དབང་བྱེད་པ། མི་འཕྲོ་པ་ནི་དབང་བྱེད་པ། རབ་ཏུ་རྣམ་པར་འབྱེད་པ་ནི་དབང་བྱེད་པ་སྟེ། དད་སོགས་ལྔ་དང་གོ་རིམ་བཞིན་ནོ། །ཇི་སྐད་དུ། ཐར་པའི་ཆ་དང་མཐུན་བསྐྱེད་ནས།། འདུན་པ་སྦྱོར་བ་དབང་བྱེད་དེ། དམིགས་པ་བརྗེད་པར་མ་གྱུར་དང༌། མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ༌། །ཞེས་སོ། །སྟོབས་ལྔ་ནི་དད་པ་སོགས་དེ་དག་མི་མཐུན་པའི་ཕྱོགས་མ་དད་སོགས་དང་མི་འདྲེ་བའི་ཚེ་ནའོ། །དད་སོགས་དེ་དག་སྔ་མ་སྔ་མའི་འབྲས་བུ་ཕྱི་མ་ཕྱི་མ་ཡིན་ཏེ། དད་པར་གྱུར་པ་དེ། རྒྱུ་དང་འབྲས་བུ་ལ་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩོམས་པ་ནི་དྲན་པ་ཉེ་བར་གནས་སོ། ། དྲན་པ་ཉེ་བར་གནས་པ་ནི་སེམས་པ་མཉམ་པར་འཇོག་གོ །སེམས་མཉམ་པར་བཞག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དད་པ་ལ་སོགས་པ་ལྔ་ནི་དྲོད་དང་རྩེ་མོའི་གནས་སྐབས་ན་དབང་པོ་དང༌། བཟོད་པ་དང་ཆོས་མཆོག་གི་གནས་སྐབས་ན་སྟོབས་སོ། །ཇི་སྐད་དུ། མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །སྟོབས་ལྡན་འབྲས་བུ་ཕྱི་མ་ཡིན། །དབང་པོ་དང་ནི་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །ཞེས་སོ། །དད་སོགས་དེ་དག་འཕེལ་བས་ལྷ་འམ་བདུད་དམ་ཚངས་པ་ཡང་རུང་གང་གིས་ཀྱང་ཆོས་མཐུན་པས་ཐུབ་པར་མི་ནུས་ཤིང༌། ཉོན་མོངས་པ་ཀུན་ནས་དཀྲིས་པས་ཀྱང་མི་ཚུགས་པའི་སྟོབས་དེ་དག་གིས་རྣལ་འབྱོར་པ་དེ་སྟོབས་དང་ལྡན་པས་བདུད་ཀྱི་སྟོབས་ཐམས་ཅད་ལས་རྒྱལ་ནས་སྦྱོར་བས་ན་སྟོབས་སོ། །ཆོས་མཆོག་གི་ངོ་བོ་ལྔ་པོ་ཤིན་ཏུ་འཕེལ་ན་དེ་མ་ཐག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་སྟེ། མཐོང་བའི་ལམ་ལ་ཡང་དག་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཡན་ལག་ཏུ་འགྱུར་བའི་ཕྱིར་རོ། །བདུན་པོ་ནི་དྲན་པ་དང༌། ཆོས་རྣམ་པར་བྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་ལ་སོགས། དེ་ལ་དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་གོ ། ཆོས་རྣམ་པར་འབྱེད་པ་ནི་རང་བཞིན་་གྱི་ཡན་ལག་གོ །བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་གོ །དགའ་བ་ནི་ཕན་ཡོན་ཡན་ལག་གོ །ལྷག་མ་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་གོ །དབུས་མཐའ་རྣམ་འབྱེད་ལས། རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་ངེས་འབྱུང་ཡན་ལག་སྟེ། བཞི་པ་ཕན་ཡོན་ཡན་ལག་ཡིན། རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་སོ། །ཉོན་མོངས་མེད་པའི་ཡན་ལག་འདི་ལ་ཤིན་ཏུ་སྦྱངས་པ་ནི་དེའི་གཉེན་པོ་ཡིན་པའི་ཕྱིར་ཉོན་མོངས་མེད་པའི་གཞིའོ། །ཏིང་ངེ་འཛིན་ནི་ཉོན་མོངས་པ་མེད་པའི་གནས་སོ། །བཏང་སྙོམས་ནི་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་དོ། །ཇི་སྐད་དུ། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་སོ། །ཆོས་རྣམ་པར་འབྱེད་པ་དང༌། བརྩོན་འགྲུས་དང༌། དགའ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པའོ། །དྲན་པ་ནི་གཉིས་ཀའི་ཕྱོགས་སོ། །དེ་དག་ཐོབ་པས་མཐོང་སྤངས་པར་མཐོང་ཞིང་བསྒོམ་སྤང་མ་སྤངས་པར་མཐོང་ནས་དེ་སྤང་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་མོ། །འཕགས་པ་སློབ་པ་རྣམས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤང་བ་དང་རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ལམ་ཡིན་པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བརྒྱད་པོ་ནི། ཡང་དག་པའི་ལྟ་བ་དང༌། རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་ནོ། །དེ་ལ་ལྟ་བ་དང་རྟོགས་དང་རྩོལ་བ་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། ། ངག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །དྲན་པ་དང་ཏིང་ངེ་འཛིན་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དེས་རང་གི་རྟོགས་པ་ཡོངས་སུ་གཅོད་པའི་ཕྱིར་ཡང་དག་པའི་ལྟ་བ་ནི་བསྒོམ་ལམ་གྱི་ཚེ་མཐོང་ལམ་ལ་ཡོངས་སུ་གཅོད་པའི་ཡན་ལག་གོ །ཀུན་སློང་དང་བཅས་པའི་ངག་གིས་གོ་བར་བྱེད་པའི་ཕྱིར་ཡང་དག་པའི་རྟོག་པ་དང༌། ངག་ནི་གཞན་གོ་པར་བྱེད་པའི་ཡན་ལག་གོ །ཡང་དག་དང་ལས་ཀྱི་མཐའ་དང་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་གསུམ་ནི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཡན་ལག་གོ །ཇི་སྐད་དུ། ཡོངས་སུ་གཅོད་པ་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། ། མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་སོ། །ངག་གིས་བསྟན་པ་དང་འཕེལ་བའི་གཏམ་རྣམ་པར་ངེས་པའི་ཕྱིར་ལྟ་བ་སྟེ་ཤེས་རབ་ལ་ཡིད་ཆེས་སོ། །ལས་ཀྱི་མཐའ་བྱ་བ་མ་ཡིན་པ་མི་བྱེད་པའི་ཕྱིར་ཚུལ་ཁྲིམས་ལ་ཡིད་ཆེས་སོ། །འཚོ་བས་ཆོས་གོས་ལ་སོགས་པ་ཚོད་ཟིན་པར་ཚོལ་བའི་ཕྱིར་ཡོ་བྱད་བསྙུངས་པ་ལ་ཡིད་ཆེས་སོ། །ལྷ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས་གཞན་ལ་རྣམ་པར་རིག་བྱེད་འདོད། ཅེས་སོ། །མི་མཐུན་པའི་ཕྱོགས་ནི་བསྒོམ་སྤང་གི་ཉོན་མོངས་དང་ཉེ་བའི་ཉོན་མོངས་བྱིང་རྒོད་དང༌། དབང་གི་མི་མཐུན་པའི་ཕྱོགས་དེ་གསུམ་མོ། །དེ་ལ་རྩོལ་བས་ལམ་བསྒོམ་པའི་ཕྱིར་རྩོལ་བ་ནི་དང་པོའི་གཉེན་པོའོ།། ཞི་གནས་ལ་སོགས་པའི་རྒྱུ་རྣམས་ལ་དྲན་པ་ཉེ་བར་གནས་པས་བྱིང་རྒོད་མེད་པའི་ཕྱིར་དྲན་པ་ནི་གཉིས་པའི་གཉེན་པོའོ། །བསམ་གཏན་ལ་གནས་ནས་མངོན་ཤེས་ལ་སོགས་པ་ཡོན་ཏན་འགྲུབ་པའི་ཕྱིར་ཏིང་ངེ་འཛིན་ནི་གསུམ་པའི་གཉེན་པོའོ། །ཇི་སྐད་དུ། ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་གསུངས་སོ། ། རྣམ་པར་ཐར་པའི་སྒོ་གསུམ་ནི། ཀུན་བཏགས་པའི་ཆོས་ཐམས་ཅད་རང་གི་མཚན་ཉིད་མེད་པའི་ཕྱིར་ཡོངས་སུ་གྲུབ་པ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་རྩེ་གཅིག་ཏུ་གནས་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །ཡོངས་སུ་གྲུབ་པའི་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པར་སོ་སོར་རྟོག་པའི་སེམས་རྩེ་གཅིག་ཏུ་གནས་པ་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་ཏོ། །ཆོས་ཉིད་རང་བཞིན་གྱིས་དག་པ་ལ་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང༌། མི་གཡོ་བའི་ལས་འདུ་བྱེད་པ་མེད་པར་སོ་སོར་རྟོག་པའི་སེམས་པ་རྩེ་གཅིག་པ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏོ། །