ཕར་ཕྱིན་མདོ་ལུགས་མ།

། མདོ་ཉིད་ཀྱི་དགོངས་པ་འཕགས་པ་ཀླུ་གྲུབ་ཀྱིས་གསུངས་པ་ཡང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། ། ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་སོ། །དངོས་པོར་ལྟ་བའི་ཐིབས་པོར་གནས་པ་ལས་བྱུང་བ་མཆོག་ནི་སྟོང་པ་ཉིད་ཡིན་ན། སྟོང་པའི་གཞི་དེ་བཞིན་ཉིད་ཀྱང་རི་བོང་གི་རྭ་བཞིན་སྟོང་པ་ཁོ་ནར་ལྟ་ན་གསོར་མི་རུང་ཞེས་པའི་དོན་ཏོ། །སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌།། ཅི་ཡང་མེད་ཅེས་གོམས་པ་ཡིས། །དེ་ཡང་ཕྱི་ནས་སྤོང་པར་འགྱུར། །ཞེས་པ་འདི་ཡིན་ནོ། །གང་དུ་དངོས་པོར་འཛིན་པ་ཡི། །རྣམ་རྟོག་སྣང་བ་དེར་སྟོང་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་ཀྱི་དོན་ནི་དངོས་པོ་མེད་པ་ཉིད་ཡིན་ཏེ། འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་ཉིད་ཡིན། གང་དུ་རྣམ་རྟོག་སྣང་འགྱུར་བ། །དེར་ནི་སྟོང་ཉིད་ག་ལ་ཡོད། །ཅེས་སོ། །འོ་ན་སྐབས་འདིའི་སྟོང་ཉིད་རྣམས་ཡེ་ཤེས་ཡིན་པའི་ཕྱིར་དངོས་པོ་མེད་པར་འགལ་ལོ། །ཞེ་ན། མ་ཡིན་ཏེ་ཐམས་ཅད་རྨི་ལམ་ལྟ་བུར་དངོས་པོ་མེད་པ་ཡིན་ཡང་དངོས་པོར་ཞེན་པའི་བག་ཆགས་ཀྱིས་ཟིན་པའི་རྣམ་རྟོག་རྣམས་ཀྱིས་བེམ་པོ་དང་རིག་པ་ལ་སོགས་པ་དེ་དང་དེའི་དངོས་པོར་མེད་བཞིན་དུ་དེ་དང་དེའི་དངོས་པོར་ཞེན་པ་ཙམ་ཡིན་པའི་ཕྱིར། ཡེ་ཤེས་དང་རིག་པ་དང་སེམས་ཡིན་པ་ལ་དངོས་པོས་མི་ཁྱབ་སྟེ། སྐད་ཅིག་རང་བྲལ་བའི་ཡེ་ཤེས་ཡོད་པའི་ཕྱིར་རོ། །ཇི་སྐད་དུ། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱིས་དེ་ཁོ་ན་ཉིད་ཅེས་གསུངས་སོ། །ཞེས་རྗེ་བཙུན་སྦྱན་རས་གཟིགས་ཀྱིས་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་དང་རིག་པ་དང་སེམས་དང་ཤེར་ཕྱིན་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། འདུས་མ་བྱས་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་མདོ་རྒྱུད་ཐམས་ཅད་དུ་གསུངས་པ་ཡིན་ནོ། །རིགས་པས་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་ཉིད་ནི་སྙིང་པོ་མེད་པའི་ཕྱིར། ཡེ་ཤེས་དང་ཐེག་ཆེན་མ་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་ལས། ཇི་སྐད་དུ། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་རྗེ་བཙུན་འཇམ་དབྱངས་མགོན་གྱིས་གསུངས་པའི་ཕྱིར་རོ། །དེས་ན་ཤེས་བྱ་ཐམས་ཅད་དཔྱད་ན་ཅིར་ཡང་མ་གྲུབ་ཙམ་དུ་བྱས་རང་སྟོང་དེ་ཉིད་དེ་བཞིན་ཉིད་དུ་སྨྲས་པ་ནི་འཁྲུལ་ཏོ། །རང་བཞིན་གསུམ་གྱི་སྒོ་ནས་ཆོས་ཉིད་ཡིན་པའི་སྟོང་ཉིད་གཅིག་དང་མ་ཡིན་པའི་སྟོང་ཉིད་གཉིས་ཤེས་དགོས་པའི་ཕྱིར་རོ། །ཇི་སྐད་དུ། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་མིན་སྟོང་ཉིད་དང༌། །རང་བཞིན་སྟོང་པ་ཉིད་ཤེས་ན། ། སྟོང་པ་ཤེས་པ་ཞེས་བཤད་དོ། །ཞེས་རྗེ་བཙུན་བྱམས་མགོན་གྱིས་གསུངས་ཀྱི། རང་རང་ངོ་བོས་སྟོང་ཤེས་ན། །སྟོང་པ་ཤེས་པ་ཞེས་བཤད་དོ། །ཞེས་ནི་མ་གསུངས་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཀུན་བཏགས་ཡིན་པའི་ཕྱིར་དཔྱད་ན་ཅིར་ཡང་མེད་པའི་སྟོང་པ་ཉིད་དང༌། གཞན་དབང་ནི་ཇི་ལྟར་སྣང་བ་དེ་བཞིན་གྱིས་དངོས་པོར་མ་གྲུབ་པས་རྒྱུ་མ་ལྟ་བུར་སྣང་བ་ཙམ་དུ་ཟད་པའི་སྟོང་པ་ཉིད་དང་ཡོང་གྲུབ་ནི་གདོད་ནས་དངོས་པོས་གོས་པ་མེད་པའི་ཕྱིར་རང་བཞིན་སྟོང་པ་ཉིད་དེ། །སྔ་མ་གཉིས་ནི་སྟོང་པ་ཉིད་ཡིན་ཡང་དེ་བཞིན་ཉིད་མ་ཡིན་ཏེ། ཀུན་བཏགས་ནི་གཞི་ནས་མ་གྲུབ་ཀྱང་ཀུན་རྫོབ་ཏུ་དངོས་པོར་ཞེན་པའི་ཡུལ་ཡིན་པའི་ཕྱིར་ཤེས་པར་བྱ་བ་དང༌། གཞན་དབང་ནི་མེད་བཞིན་དུ་དངོས་པོར་འཁྲུལ་པའི་བློ་ཡིན་པའི་ཕྱིར་སྤང་བྱ་དང༌། ཡོངས་གྲུབ་ནི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །དེས་ན་ཡོངས་གྲུབ་པའི་ངོ་བོ་རང་བཞིན་སྟོང་པ་ཉིད་ནི་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། མཚན་མ་མེད་པ་དང༌། དོན་དམ་པ་དང༌། ཆོས་ཀྱི་དབྱིངས་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རྣམ་གྲངས་སུ་བསྟན་ཏེ། བྱམས་པ་མགོན་པོའི་ཞལ་སྔ་ནས། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་པ་དོན་དམ་དང༌། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང༌། །སྟོང་པ་ཉིད་དུའང་བཤད་པ་ཡིན། །ཞེས་སོ། །དེས་ན་སྐབས་འདིའི་སྟོང་ཉིད་ཀྱི་ངོ་བོ་ནི་ཐེག་ཆེན་དང༌། ཡེ་ཤེས་ཡིན་པའི་ཕྱིར་གཞན་སྟོང་ཟབ་མོ་ཡིན་གྱི། དཔྱད་ན་མ་གྲུབ་ཙམ་གྱི་རང་སྟོང་ནི་མ་ཡིན་ཏེ། འདིའི་སྐབས་ཀྱི་མདོ་ཉིད་ལས། ངོ་བོ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རང་བཞིན་དེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་མཐོང་བས་མ་བྱས་པས་ན། དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང༌། ཆོས་གནས་པ་ཉིད་དང༌། ཆོས་ཉིད་དང༌། ཆོས་ཀྱི་དབྱིངས་དང༌། ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དེ་ནི་གནས་ཉིད་དེ། དེ་ལྟར་གཞན་གྱིས་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ཡིན་ནོ། །ཞེས་ཁྲི་བརྒྱད་སྟོང་པ་ལས་གསུངས་པའི་ཕྱིར་རོ། །དེ་དག་གི་འགྲེལ་པར་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཆོས་རྣམས་ཀྱི་ཀུན་བཏགས་པའི་གནས་སྐབས་ཡོངས་སུ་སྤོངས་པའི་ལྷག་མ་ཡོངས་སུ་གྲུབ་པའི་གནས་སྐབས་ནི་ཤེས་པ་དང་མཐོང་བའི་ངོ་བོ་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ལ་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཤེས་པས་མ་བྱས་ལ་མཐོང་བའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་མཐོང་བས་མ་བྱས་དེ། དེ་ལྟ་བས་ན་ངོ་བོ་ཉིད་དེ་གཉིས་ཀྱི་སྟོང་པ་ཉིད་ནི་རང་བཞིན་ཡིན་པས་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ནི་གནས་པའི་མཚན་ཉིད་དེ་བཞིན་ཉིད་ཆོས་ཉིད་གང་ཡིན་པ་དེ༌། དེ་བཞིན་གཤེགས་པ་ལ་སོགས་པ་ཕ་རོལ་གཞན་གྱིས་བྱས་པ་མ་ཡིན་པའི་ཕྱིར་བྱེད་པ་པོ་གཞན་མེད་པ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ། །སྟོང་པ་ཉིད་ཀྱི་དོན་ནི་འདིར། དགག་བྱ་དངོས་པོས་སྟོང་བའི་གཞི་ཡིན་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་བ་དངོས་སྨྲའི་སྐྱོན་གྱིས་ནམ་ཡང་མ་གོས་པ་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་དགོངས་པ་ནི། ཤེས་པ་དང་མཐོང་བའི་སྟོང་པ་ཉིད་ནི་རང་རང་གིས་རང་བཞིན་ཡིན་གྱིས་རང་རང་གིས་གསར་དུ་བྱས་པ་མ་ཡིན་པ་དང༌། ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་རྟག་ཏུ་གནས་པའི་ངོ་བོ་ཡིན་པའི་ཕྱིར། ཆུའི་གནས་པ་འོག་གཞིས་བྱས་པ་ལྟར་བྱེད་པ་པོ་གཞན་གྱིས་གནས་པར་མ་བྱས་ཞེས་པའི་དོན་ཏོ། །སྟོང་པ་ཉིད་ཀྱི་གྲངས་ཀྱང་མདོ་ཉིད་ལས་བཅོ་བརྒྱད་གསུངས་པ་འདི་ལྟ་སྟེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་ནི། ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང་ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། ངོ་བོ་ཉིད་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ནོ། །ཞེས་སོ། །འདི་རྣམས་ཀྱི་དོན་ནི། རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས། ཟ་བ་བཟའ་དང་དེ་ཡི་ལུས། །གནས་ཀྱི་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང༌། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། ། འཁོར་བ་གཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། རིགས་ཀྱང་རྣམ་པར་དག་བྱ྄འི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །ཅེས་སྟོང་ཉིད་བཅུ་བཞི་ལས། ནང་དང༌། ཕྱི་དང༌། ཕྱི་ནང་དང༌། ཆེན་པོ་སྟོང་པ་ཉིད་བཞི་ནི་རིམ་པ་ལྟར་ཟ་བ་དང༌། བཟའ་བ་དང༌། ལུས་དང༌། ཆེན་པོ་སྡེ་ནང་དང་ཕྱིའི་སྐྱེ་མཆེད་དང༌། ཁོག་པ་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་ཡང་སྟོང་ཉིད་ཤེས་པ་གང་གིས་སྟོང་པར་མཐོང་བ་དེའི་སྟོང་ཉིད་ནི། སྟོང་པ་ཉིད་སྟོང་པ་ཉིད་དང༌། །ཇི་ལྟར་དོན་དམ་པའི་རྣམ་པར་མཐོང་བ་དེའི་སྟོང་པ་ཉིད་ནི་དོན་དམ་སྟོང་པ་ཉིད་དང༌། གང་གི་བྱང་ཆུབ་སེམས་དཔའ་བསྒྲུབ་པ་བྱེད་པ་དེ་ཡང་སྟོང་པ་ཉིད་དོ། །དེ་ཅིའི་ཕྱིར་སྒྲུབ་པར་བྱེད་ན་དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་དེའི་སྟོང་པ་ཉིད་ནི་འདུས་བྱས་དང་འདུས་མ་བྱས་སྟོང་པ་ཉིད་དོ། །དེ་བཞིན་དུ་སངས་རྒྱས་ཆོས་རྣམས་དག་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད་པ་དེའི་སྟོང་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །ཞེས་པའི་བར་དུ་སྦྱོར་བར་བྱའོ། ། མི་དམིགས་པ་དང༌། ངོ་བོ་ཉིད་སྟོང་པ་ཉིད་གཉིས་བཅུ་བཞི་པོ་དེར་འདུས་ཤིང༌། དངོས་པོ་མེད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཉིས་ཀྱིས་ཐམས་ཅད་ལ་སྒྲོ་སྐུར་བསལ་བའི་སྒོ་ནས་དེ་རྣམས་གཞན་སྟོང་དུ་གསུངས་པ་ཡིན། གང་ཟག་དང་ནི་ཆོས་རྣམས་ཀྱི། དངོས་པོ་མེད་འདིར་སྟོང་པ་ཉིད་དེ་དངོས་མེད་པའི་དངོས་ཡོད་པ། དེ་ནི་དེ་ལས་སྟོང་ཉིད་གཞན། ཞེས་སོ། ། དེའི་འགྲེལ་བར་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། གང་ཟག་དང་ཆོས་ཀྱི་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་མ་ཡིན་ནོ། །ཟ་བ་ལ་སོགས་པ་སྟོང་པ་ཉིད་ཅེས་ཅི་སྐད་སྨོས་པ་དེར་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་གཉིས་ཐ་མར་རྣམ་པར་འཇོག་སྟེ། གང་ཟག་དང་ཆོས་སུ་སྒྲོ་འདོགས་པ་དང༌། དེའི་སྟོང་པ་ཉིད་ལ་སྐུར་པ་འདེབས་པ་བསལ་པའི་ཕྱིར་གོ་རིམ་བཞིན་ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཤེས་པར་བྱའོ། །ཞེས་སོ། །དཔལ་ཡང་དག་པར་སྦྱོར་པའི་རྒྱུད་ལས་ཀྱང་འགྱུར་གྱི་ཁྱད་པར་ཅུང་ཟད་མ་གཏོགས་པ་སྟོང་ཉིད་བཤད་པ་བྱམས་པ་མགོན་པོ་དཔོན་སློབ་ཀྱི་འདི་ཁོ་ན་ལྟར་གསུངས་སོ། །འདིའི་སྐབས་ཀྱི་མདོར། སྟོང་ཉིད་བཅོ་བརྒྱད་མདོར་བསྟན་ཅིང༌། དེ་ཉིད་རྒྱས་པར་བཤད་པའི་རྗེས་ལ་ཡང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གཅིག་པུ་ལ་བཞིར་ཕྱེས་ནས། དངོས་པོ་དང་དངོས་པོ་མེད་པ་དང༌། ངོ་བོ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་གསུངས་པ་ལ་སྟོང་ཉིད་ཉི་ཤུར་སེང་བཟང་ལ་སོགས་འཆད་པ་ནི་གང་དང་ཡང་མི་མཐུན་ནོ། ། དེ་ལྟར་ན་སྟོང་ཉིད་ཀྱི་ངོ་བོ་ངོས་འཛིན་ལ་སོགས་པ་རྒྱལ་བ་སྲས་བཅས་ཀྱིས་གསུངས་པ་ལྟར་བྱེད་ན་ཡིད་བརྟན་དུ་རུང་གི། དེ་ལྟར་མིན་ན་གསེར་བཞིན་དུ་བརྟག་དགོས་སོ། །གང་གི་ཕྱིར་སྟོང་ཉིད་ལ་རང་སྟོང་ཉིད་དུ་ཁ་ཚོན་མ་ཆོད་པ་དེའི་ཕྱིར་གཞན་སྟོང་ཟབ་མོ་ཉིད་འབད་པས་བཙལ་བར་བྱའོ། །གལ་ཏེ་ལང་གར་གཤེགས་པ་ལས་གཅིག་གིས་གཅིག་སྟོང་པ་དེ་ཉི་ཚེའི་སྟོང་ཉིད་དང༌། སྟོང་ཉིད་ཀྱི་ཐ་ཤལ་དུ་གསུངས་པའི་ཕྱིར་གཞན་སྟོང་གིས་སྟོང་ཉིད་ཟབ་མོའི་གོ་མི་ཆོད་དོ། ། ཞེ་ན། དེ་དང་དེ་གཅིག་པ་མ་ཡིན་ཏེ། མདོ་དེ་ཉིད་ལས་བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་བ་ཉིད་དང༌། དངོས་པོའི་རང་བཞིན་སྟོང་པ་ཉིད་དང༌། སྲིད་པ་སྟོང་པ་ཉིད་དང༌། མི་སྲིད་པ་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་པ་ཉིད་དང༌། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང༌། གཅིག་གིས་གཅིག་སྟོང་པ་ཆེན་པོ་ཉིད་དང༌། བདུན་ནོ་ཞེས་སྟོང་པ་ཉིད་བདུན་གསུངས་པ་ལས། དོན་དམ་པ་གཞན་སྟོང་ནི། དྲུག་པ་འདི་ཡིན་ལ། ཉི་ཚེ་བ་དང་ཐ་ཤལ་དང་སྤང་བྱའི་སྟོང་ཉིད་ནི་བདུན་པ་ཡིན་པར་གསུངས་པའི་ཕྱིར་དེ་གཉིས་མི་གཅིག་གོ །དེ་ལ་དང་པོ་ནི་འདོས་པོ་རྣམས་རང་དང་སྦྱིའི་མཚན་ཉིད་ཀྱི་སྟོང་པ་ཉིད། གཉིས་པ་ནི་དངོས་པོ་རང་བཞིན་གྱིས་སྐྱེ་བས་སྟོང་པ་དང༌། གསུམ་པ་ནི་ཕུང་པོ་རྣམས་བདག་དང་བདག་གི་བས་སྟོང་པ་དང༌། བཞི་པ་ནི་ཕུང་པོ་རྣམས་མྱང་འདས་ཀྱིས་སྟོང་པ་དང༌། ལྔ་པ་ནི་ཀུན་བཏགས་པའི་རང་བཞིན་གྱིས་སྟོང་པ་དང༌། དྲུག་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་པ་དང༌། བདུན་པ་ནི་ཁང་པ་བ་ལང་གིས་སྟོང་པ་ལ་གསུངས་སོ། །དེ་ལྟར་དགག་གཞི་བདུན་གྱི་སྟེང་དུ་དགག་བྱ་བདུན་མེད་པ་ནི་སྟོང་ཉིད་བདུན་ནོ། །དྲུག་པ་དང་བདུན་པའི་རྒྱས་བཤད་ཀྱི་སྐབས་སུ་མདོ་དེ་ཉིད་ལས། བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན་འདི་ལྟ་སྟེ་བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁུང་དུ་ཆུད་པ་ནི་ལྟ་བ་དང་ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ་དེས་ཕྱིར་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ། གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། ། འདི་ལྟ་སྟེ། བློ་གྲོས་ཆེན་པོ་མྲི་ག་རི་མའི་ཁང་པ་ན། གླང་པོ་དང༌། བ་ལང་དང༌། ལུག་ལ་སོགས་པ་མེད་ཀྱང༌། དགེ་སློང་དང་དགེ་སློང་མ་ལ་སོགས་པའི་ནི་སྟོང་པ་མ་ཡིན་ནོ་ཞེས་ངེས་བཤད་དེ་དེ་ནི་དེ་དག་གིས་སྟོང་ངོ་ཞེས་བྱ་ཡང་བློ་གྲོས་ཆེན་པོ་ཁང་པ་ནི་ཁང་པའི་དངོས་པོར་མེད་པ་མ་ཡིན་དགེ་སློང་རྣམས་ཀྱང་དགེ་སློང་གི་དངོས་པོར་མེད་པ་མ་ཡིན་ཏེ། གླང་པོ་དང་བ་ལང་དང་ལུགས་ལ་སོགས་པའི་དངོས་པོ་དེ་དག་ཀུད་ན་མི་འཁོད་པ་ཡང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་དང་སྦྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་དེ་དེ་ནི་ཁྱེད་ཀྱིས་སྤང་བར་བྱའོ། །ཞེས་གསུངས་སོ། །དངོས་པོ་གཅིག་གིས་གཅིག་ཕན་ཚུན་སྟོང་པ་འདི་ནི་མྱང་འདས་ཆེན་པོ་ལ་སོགས་པར་དོན་དམ་གཞན་སྟོང་གི་དཔེར་གསུངས་ཤིང༌། གཞན་སྟོང་ཟབ་མོ་ཉིད་ཡིན་པ་ནི་མདོ་འདིར་བཀག་ལ། ཁོ་བོ་ཅག་ཀྱང་དེ་ཁོ་ན་ལྟར་འདོད་པའི་ཕྱིར་སྐྱོན་མེད་དོ། །ཉི་ཚེ་བའི་དོན་ཡང་གོ་བསྒྲུབ་ཀྱི་སྐབས་སུ་སེམས་ཅན་ཉུང་ཟད་ཉི་ཚེའི་དོན་དུ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་གསུངས་པའི་ཕྱིར་རིགས་ཐམས་ཅད་བསྡུས་པ་ནི་དེའི་ཉི་ཚེ་མ་ཡིན་ནོ། །འདིར་དོན་དམ་པ་འཕགས་པའི་ཡེ་ཤེས་ཀུན་རྫོབ་ཀྱི་དངོས་པོ་ཐམས་ཅད་ཀྱིས་སྟོང་པ་ལ་ལྟོས་ཏེ་དངོས་པོ་གཅིག་གིས་གཅིག་སྟོང་པ་ནི་ཉི་ཚེའི་སྟོང་ཉིད་ཡིན་ནོ། །འདུས་བྱས་ཐམས་ཅད་ཀྱི་སྟོང་པ་ལ་ནི་ཉི་ཚེའི་སྐྱོན་མེད་དེ། ཡང་དག་མཐའ་ནི་འདུས་བྱས་ཀྱི། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཞེས་གསུངས་པའི་དོན་ཡིན་པའི་ཕྱིར་རོ། །དེས་ན་སྐབས་འདིའི་སྟོང་པ་ཉིད་རྣམས་ཀྱང་ཐེག་ཆེན་དང་ཡེ་ཤེས་ཡིན་པའི་ཕྱིར་སྟོང་པ་ཉིད་ཀྱི་དོན་ནི་དེ་ལྟར་རྟོགས་པར་བྱའོ། །བསོད་ནམས་དང་ཞེས་པ་ནི་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ། ། སྔར་ཆོས་མཆོག་གི་སྐབས་སུ་ནི་ཏིང་ངེ་འཛིན་རྣམས་ཀྱི་མཐར་ཐུག་གི་བྱེད་པ་མྱུར་དུ་འཚང་རྒྱ་བ་ཉིད་དུ་གཅིག་པར་བསྟན་ལ། འདིར་ནི་གནས་སྐབས་ཀྱི་བྱེད་པ་མི་གཅིག་པའི་དབང་གིས་མིང་ཐ་དད་དུ་བརྗོད་དོ། །གནོད་འཇོམ་ལས། དཔའ་བོ་བཞིན་དུ་ཏིང་ངེ་འཛིན་རྣམས་ཀྱི་བྱ་བ་བྱེད་པ་དང༌། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་ཡུལ་ཉམས་སུ་མྱོང་བར་བྱེད་པ་དང༌། ཐམས་ཅད་དུ་ཁྱད་པར་བྱེད་པ་གང་ཡིན་པ་དེ་ལ་དཔའ་བར་འགྲོ་བ་ཞེས་བྱའོ། །འདི་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་མི་རྟོག་པ་ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་སེམས་མི་རྟོག་པ་དང་བཅས་པའི་བྱ་བ་མི་བྱེད་པ་དང་རྣམ་པར་གཡེང་བ་མེད་པ་གཙོ་བོར་བྱེད་པའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་འཛིན་དེ་ནི་བསམ་གཏན་གྱི་ངོ་བོ་ཉིད་མ་ཡིན་ཏེ། བསམ་གཏན་ནི་གཟུགས་ཡོད་པ་ན་སྤྱོད་པར་གཏོགས་པའི་ཕྱིར་རོ། །སེམས་ཀྱི་བདག་ཉིད་གཅིག་ཏུ་ཟིན་ཀྱང༌། སྔོན་གྱི་བརྩལ་བའི་མཐུས་སོ་སོར་བྱ་བ་བྱེད་པས་ན། བྱ་བ་བྱེད་པའི་དབང་གིས་མིང་ཐ་དད་དུ་བརྗོད་དོ། །དེ་ནི་གཞན་དག་གི་རྟོག་པའི་སྤྱོད་ཡུལ་དུ་མི་འགྱུར་ཏེ། སོ་སོར་རང་རིག་པ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་བཟུང་བར་བྱ་སྟེ། དེ་ལ་རིག་པས་དཔྱད་པར་བྱ་བ་་ནི་མ་ཡིན་ནོ། །ཞེས་སོ། །ལམ་དང་ཞེས་པ་ལ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་རྣམ་ཐར་སྒོ་གསུམ་དང༌། ཤེས་པ་བཅུ་གཅིག་དང༌། དབང་པོ་གསུམ་དང༌། ཏིང་ངེ་འཛིན་གསུམ་དང༌། རྗེས་དྲན་བཅུ་དང༌། ཚད་མེད་བཞི་དང༌། བསམ་གཏན་བཞི་དང༌། གཟུགས་མེད་བཞི་དང༌། རྣམ་ཐར་བརྒྱད་དང༌། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བཅོ་བརྒྱད་དེ། དེ་རྣམས་རྒྱས་བཤད་དང་བཅས་པ་སྐབས་འདིར་འཆད་པ་ནི་མདོའི་དགོངས་པ་ཡིན་ནོ། །དེ་ལ་དྲན་པ་ཡང་ཡིན་ཉེ་བར་གནས་པ་ཡང་ཡིན་པས་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ། །ཡུལ་མ་བརྗེད་པ་དང་བསྲུང་བའི་དོན་དུ་དྲན་པའོ། །ལུས་དང་ཚོར་བ་དང་སེམས་དང་ཆོས་དེ་དམིགས་པའི་ཡུལ་བཞི་ཡོད་པའི་ཕྱིར་དེ་ཡང་བཞིའོ། །ལུས་ལ་ཡང་ནང་དང་ཕྱི་དང་ཕྱི་ནང་གི་ལུས་གསུམ་མོ། །དེ་ལ་སེམས་ཅན་རང་གི་ལུས་དང༌། སེམས་ཅན་མ་ཡིན་པ་ཕྱི་རོལ་གྱི་གཟུགས་དང༌། སེམས་ཅན་གཞན་གྱི་ལུས་དང༌། དེ་བཞིན་དུ་སྐྱེ་མཆེད་དྲུག་དང༌། དབང་པོས་མ་ཟིན་པ་ཕྱིར་གཟུགས་དང༌། སྐྱེ་མཆེད་དྲུག་ཏུ་མ་གཏོགས་ནང་གི་ཟིན་པའི་གཟུགས་རྣམས་ཀྱང་རིམ་པ་ལྟར་ནང་དང་ཕྱི་ནང་གི་ལུས་སོ། །དེ་བཞིན་དུ་རང་གི་ལུས་སུ་གཏོགས་པ་ནང་གི་འབྱུང་བའི་གཟུགས་དང༌། ཕྱིའི་འབྱུང་བ་དང༌། དེ་རྒྱུར་བྱས་ནས་འབྱུང་བའི་དབང་པོ་དང༌། ཡུལ་གྱི་གཟུགས་རྣམས་ཀྱང་ངོ༌། །དེ་བཞིན་དུ་རྣམ་ཤེས་མེད་པ་རྣམ་པར་སྔོས་པ་ལ་སོགས་པ་དང༌། སྔོས་པ་ལ་སོགས་འདས་པའི་དུས་ན་རྣམ་ཤེས་དང་བཅས་པར་གྱུར་པ་དང༌། རྣམ་ཤེས་དང་བཅས་པའི་ལུས་འདི་ཡང་མ་འོངས་པའི་དུས་ན་དེ་དང་མཚུངས་པའི་ཆོས་ཉིད་རྣམས་ལ་རིམ་པ་ལྟར་ནང་གི་ལུས་དང་ཕྱིའི་ལུས་དང་ཕྱི་ནང་གི་ལུས་ཞེས་བྱའོ། །ལུས་གསུམ་ཚན་བཞི་པོ་དེ་དག་ལ་དམིགས་ནས་ཚོར་བ་ལ་སོགས་པ་བྱུང་བ་དེའི་ཚེ་ནང་གི་ཚོར་བ་དང་སེམས་དང་ཆོས་དང་ཕྱིའི་ཚོར་བ་དང་སེམས་དང་ཆོས་ཞེས་པ་ལ་སོགས་པ་ཡིན་ནོ། །དེ་དག་ལ་ཇི་ལྟར་ལྟ་ཞེ་ན། ལུས་ལ་ལུས་ཀྱི་རྗེས་སུ་བལྟ་ཞེས་པ་ལ་སོགས་པའི་ཚུལ་གྱིས། ནང་ལ་སོགས་པའི་ལུས་ལ་ལུས་ཞེས་གནས་པ་ཙམ་ཡིན་པར་རྗེས་སུ་བརྟགས་ནས་ལྟ་ཞིང་གནས་པའི་ཚེ་གང་ཟག་དང་ཆོས་ཀྱི་དངོས་པོ་ཡོད་པར་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་དང་ལྡན་པའི་རྣམ་རྟོག་འདི་ནི། ལུས་སོ་ཞེས་བྱ་འམ་རྟག་མི་རྟག བདེ་སྡུག སྡུག་མི་སྡུག བདག་བདག་མེད། སྟོང་མི་སྟོང་ལ་སོགས་པར་མི་རྟོག་པའི་ཕྱིར་མི་དམིགས་པར་གནས་སོ། །ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་པོ་ལུས་སེམས་ཀྱི་ཚོར་བའི་དབང་གིས་དྲུག་དང་ཟང་ཟིང་ཡོད་མེད་ཞེན་པ་ཕྱི་ནང་ལ་སོགས་པ་ལ་རྟེན་པའི་ཚོར་བའི་བྱེ་བྲག་རྣམས་ལ་ཚོར་བའི་དངོས་པོར་བཏགས་པ་བཟུང་ནས་ཚོར་པ་པོ་བདག་གམ་ཆོས་ཡིན་རྗེས་སུ་བཏགས་ཤིང་བལྟས་ནས་མི་དམིགས་པར་གནས་སོ། །དེ་བཞིན་དུ་སེམས་ཆགས་བཅས་དང་བསྡུས་པ་དང་འཕྲོ་བ་ལ་སོགས་པར་བྱེ་བའི་སེམས་ལ་རྗེས་སུ་བརྟགས་ཤིང་བལྟས་ནས་བདག་དང་ཆོས་ཀྱི་དངོས་པོ་མི་དམིགས་པར་གནས་སོ། །དེ་བཞིན་དུ་ཆོས་ཕུང་ཁམས་སྐྱེ་མཆེད་སྤང་གཉེན་འཕགས་པའི་བདེན་པ་ལ་སོགས་པ་རྗེས་སུ་བཏགས་ནས་ཀུན་བཏགས་པའི་ངོ་བོ་དངོས་པོ་ཐམས་ཅད་མི་དམིགས་པར་བསྒོམ་ཞིང་གནས་སོ། །ཇི་ལྟ་བུས་བསྒོམ་ཞེ་ན། རྔུན་པ་ཤེས་བཞིན་ཅན་དྲན་པ་ལྡན་པའི་བྱང་ཆུབ་སེམས་དཔས་སོ། །རྒྱུན་དད་གུས་པས་སྦྱོར་བས་བརྩོན་པ་ནི། རྔུན་པ་དང༌། རྗེས་སུ་ལྟ་བའི་ཤེས་རབ་དང༌། ཤེས་བཞིན་གྱིས་ཡང་དག་པར་ཡིད་ལ་བྱེད་པ་ནི་ཤེས་བཞིན་ནོ། །མི་བརྗོད་པ་དང་བསྲུང་བར་བྱེད་པ་དང་གཡེང་བ་མེད་པར་བྱེད་པའི་དྲན་པ་དང་ལྡན་པའོ། །དེས་འཇིག་རྟེན་གྱི་ཆོས་ལ་ཆགས་པ་དང་ཡིད་མི་བདེ་བ་བསལ་ནས་བསྒོམ་མོ། །དེ་ལ་རྙེད་པ་དང་གྲགས་པ་དང་བདེ་བ་དང་བསྟོད་པ་བཞི་ལ་ཆགས་སེམས་དང༌། བཟློག་པ་བཞི་ལ་ཡིད་མི་བདེ་བ་འབྱུང་སྟེ། དེ་བཞིན་དུ་གང་ཟག་དང་འདུ་བྱེད་རྣམས་ལ་ཆགས་སྡང་དང༌། སྡིག་པའི་གཙོ་བོ་འདོད་པ་ལ་འདུན་པ་དང༌། གནོད་སེམས་ཏེ། དེ་དག་བསལ་ནས་ཞེས་པ་ནི་འཇིག་རྟེན་གྱི་ཆོས་ཀྱི་མ་གོས་པར་སྒོམ་ཞེས་པའི་དོན་ཏོ། །དེ་ལྟར་མི་དམིགས་སྒོ་ནས་ཐེག་ཆེན་གྱི་ཚུལ་དུ་དྲན་པ་ཉེ་བར་བཞག་པ་བཞི་བསྟན་ནས། ཉན་ཐོས་ཀྱི་ཚུལ་དུ་ལུས་དྲན་པ་ཉེར་བཞག་གཅིག་པུ་རྣམ་པ་དྲུག་ཏུ་བསྟན་པ་ནི། སྤྱོད་ལམ་དང༌། ཤེས་བཞིན་དང་དབུགས་འབྱུང་རྔུབ་དང༌། ཁམས་རྣམས་རྣམ་པར་བཞག་པ་དང༌། རྣམ་པ་སུམ་ཅུ་རྩ་གཉིས་དང༌། མི་སྡུག་པའི་སྒོ་ནས་སོ།།