ཕར་ཕྱིན་མདོ་ལུགས་མ།

དང་པོ་གོ་ཆའི་སྒྲུབ་པ་ནི། སྦྱིན་པ་ལ་སོགས་རྣམས་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། གོ་ཆའི་བསྒྲུབ་པ་གང་ཡིན་ཏེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་ལོ་ཙྪ་བ་རིན་ཆེན་བཟང་པོ་ལ་སོགས་པའི་འགྱུར་དུ་བྱུང་བ་འདི་ལྟར་ལེགས་སོ། །གོ་ཆའི་སྒྲུབ་པ་འདི་ནི་སེམས་བསྐྱེད་པ་ཉིད་ནས་རྩོམ་སྟེ། བསམ་པ་རྒྱ་ཆེ་བ་ཉིད་གཙོ་བོར་བྱུང་ཞིང༌། མདོ་སྡེ་རྒྱན་ལས་ཀྱང༌། གནས་ཆེན་པོ་སེམས་བསྐྱེད་པ་ལ་གནས་ཞེས་གསུངས་པའི་ཕྱིར་རོ། །མདོ་ལས་ཀྱང་སེམས་ཅན་ཉུང་ཟད་ཉི་ཚེ་བའི་དོན་དུ་བྱང་ཆུབ་ཀྱི་ཕྱིར་མི་སྤྱོད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕར་ཕྱིན་དྲུག་ལ་སྤྱོད་ཅེས་བསམ་པ་རྒྱ་ཆེན་བསྟན་པའི་ཕྱིར་རོ། །འཇུག་པའི་བསྒྲུབ་པ་ནི། སྦྱོར་ལམ་ཉིད་ནས་རྩོམ་སྟེ། སྐབས་འདིར་ཚེ་དང་ལྡན་པ་གང་བོས་ཞུ་བ་གསུམ་གསོལ་བ་ལས་དང་པོ་པའི་ལམ་གྱིས་གོ་སྒྲུབ་དང༌། ཕྱི་མ་གཉིས་ཀྱིས་འཇུག་སྒྲུབ་བསྟན་ལ། ཞུ་བ་བར་བ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལགས། ཞེས་པ་ལ་གནོད་འཇོམས་ལས། ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ། ས་བདུན་བའི་བར་དུ་རྩོལ་བ་དང་བཅས་པ་རྣམ་པ་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཞེས་སོ། །ཚོགས་ཀྱི་བསྒྲུབ་པ་ནི་ས་བཅུ་ལ་ཞུགས་པ་ཉིད་ཡིན་པར་མདོ་ལས་བྱུང་ངོ༌། །ངེས་འབྱུང་བསྒྲུབ་པ་ནི། ལྷ་མིར་བཅས་པའི་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས་ཁམས་གསུམ་ནས་ངེས་པར་འབྱུང་ཞིང་རྣམ་མཁྱེན་དུ་གནས་ཞེས། མདོ་ལས་བྱུང་བའི་ཕྱིར། རྒྱུན་མཐའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐད་ཅིག་མའི་སྦྱོར་བའི་རང་བཞིན་ནོ། །དེ་ལ་གོ་ཆའི་སྒྲུབ་པ་ཡང་བསམ་པ་དང་སྒྲུབ་པ་རྒྱ་ཆེ་བ་གཉིས་སུ་བསྟན་ཏེ། གནོད་འཇོམས་ལས། དེ་ལ་གོ་ཆ་བགོས་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པར་བྱ་བའི་ཕྱིར་བསམ་པ་རྒྱ་ཆེ་བ་དང༌། སྒྲུབ་པ་གཅིག་གིས་བསྒྲུབ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བསྒྲུབ་པ་རྒྱ་ཆེ་བའོ། །ཞེས་གསུངས་སོ། །བསམ་པ་རྒྱ་ཆེན་པོས་ཀུན་ནས་བསླང་བའི་བསྒྲུབ་པ་རྒྱ་ཆེན་པོ་ཡང་ཕ་རོལ་ཏུ་ཕྱིན་པ་གཅིག་གི་ནང་དུ། ཕ་རོལ་ཏུུ་ཕྱིན་པ་ཐམས་ཅད་རྫོགས་པར་བསྒྲུབ་པ་ནི། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ལ་སྦྱིན་པའི་སྦྱིན་པ་ལ་སོགས་པ་རེ་རེ་ལ་ཡང་དྲུག་དྲུག་ཡོད་པ་རྣམས། དེ་དག་རང་རང་སོ་སོར་བསྡུས་པ་ཡིས་གོ་ཆའི་བསྒྲུབ་པ་གང་ཡིན་པ་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཚན་པ་དྲུག་གིས་མདོ་ལས་གསུངས་པ་ཅི་ལྟ་བ་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །འདི་དང་རྩེ་སྦྱོར་མཐོང་ལམ་གྱི་སྐབས་སུ་བྱུང་བ་ནི་སྡུད་ཚུལ་མི་གཅིག་སྟེ། འདིར་སོ་སོར་བསྡུས་པ་ཡིན་ལ། དེར་ནི་ཕན་ཚུན་བསྡུས་པ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི་གོ་ཆ་ཞེས་པ་དེ་བཤད་ཟིན་ཏོ། ། ༨༽འཇུག་པའི་སྒྲུབ་པ་བཤད་པ། ད་ནི་འཇུག་པའི་སྒྲུབ་པ་བཤད་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང༌། །ལམ་དང་བྱམས་ལ་སོགས་པ་དང༌། །དམིགས་པ་མེད་དང་ལྡན་པ་དང༌། །འཁོར་གསུམ་རྣམ་པར་དག་པ་དང༌། །ཆེད་དུ་བྱ་དང་མངོན་ཤེས་དྲུག །ཅེས་པ་རྣམས་ཀྱིས་བསྒྲུབ་པའི་ངོ་བོ་སྟོན་ཏོ། །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་བསྒྲུབ་པ་ཞེས་པས་ཡུལ་གང་ལ་འཇུག་པ་སྟོན་ནོ། །ཐེག་ཆེན་ལ། འཇོག་པ་ཡིན་པར་ཤེས་པར་བྱ། ཤེས་པས་བསྒྲུབ་པ་འདིའི་བྱེད་ལས་སྟོན་པ་ཡིན་ནོ། ། དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ་བསམ་གཏན་བཞི་པ་ཚད་མེད་བཞི་གཟུགས་མེད་བཞི་སྙོམས་པར་འཇུག་ཅིང་ལྡང་བ་ན། དགེ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ནི་བསམ་གཏན་གཟུགས་མེད་ཀྱི་འཇུག་པའི་སྒྲུབ་པ་དང༌། བསམ་གཏན་ཚད་མེད་གཟུགས་མེད་ལ་སྙོམས་པར་འཇུག་པ་ཉིད་ཀྱིས་ངང་ནས་ཕར་ཕྱིན་དྲུག་རྫོགས་པར་བྱེད་པ་ནི་སྦྱིན་སོགས་ཀྱི་འཇུག་པའི་སྒྲུབ་པ་དང༌། དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དག་བསྒོམ་པ་ནི་ལམ་འཇུག་པའི་བསྒྲུབ་པ་དང༌། སེམས་ཅན་ཐམས་ཅད་སྐྱབ་པར་གཞོལ་བ་བྱམས་པའི་ཏིང་ངེ་འཛིན་དང༌། སེམས་ཅན་ལ་སྙིང་བརྩེ་བར་གཞོལ་བ་སྙིང་རྗེའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ལ་དགྲོལ་པར་བྱའོ། །ཞེས་གཞོལ་བ་དགའ་བའི་ཏིང་ངེ་འཛིན་དང་སེམས་ཅན་གྱི་ཟག་པ་ཟད་པར་བྱ་བ་ལ་གཞོལ་བ་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ནི་བྱམས་པ་ལ་སོགས་པའི་འཇུག་པའི་སྒྲུབ་པ་དང༌། ནང་སྟོང་པ་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་འཇུག་པ་མེད་པ་དང་ལྡན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཤེས་པ་དང༌། འཁོར་གསུམ་རྣམ་པར་དག་པའི་ཕར་ཕྱིན་དྲུག་དང༌། འདི་གནོད་འཇོམས་ལས་ས་བརྒྱད་པའི་ཕར་ཕྱིན་དྲུག་ཏུ་གསུངས་སོ། །སྐབས་འདིའི་ཆེད་དུ་བྱ་བ་ནི་བསྒོམ་པ་རྣམ་པར་བསྒོམ་པའི་ཆེད་དུ་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ནས་མ་འདྲེས་པའི་པར་དག་བསྒོམ་པ་ཡིན་ནོ། །བསྒོམ་པ་ནི་དམིགས་པའི་བསྒོམ་པ་ཐམས་ཅད་གཞིག་པའི་དོན་ཡིན་པའི་ཕྱིར་བསྒོམ་པ་རྣམ་པར་གཞིག་པའི་ཆེད་དུ་ཞེས་པའི་དོན་ཏོ། །མངོན་ཤེས་རྣམས་རྫོགས་པའི་ཕྱིར་སེམས་དང་བོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སྙིང་པོའི་བར་ཏུ་སེམས་ཅན་སྨིན་པར་བྱེད་པ་དང༌། སངས་རྒྱས་ལ་མཆོད་པ་བྱེད་པ་ནི་མངོན་ཤེས་དྲུག་གི་འཇུག་པའི་བསྒྲུབ་པ་སྟེ། དེ་ཡན་ཆད་ནི་སྒྲུབ་པའི་ངོ་བོ་ཡིན་ནོ། ། འཇུག་པའི་བསྒྲུབ་པ་ཞེས་པའི་རྒྱུ་ཅི་ཞེ་ན། རྣམ་ཀུན་མཁྱེན་པའི་ཚུལ་དེ་ཆོས་ཐམས་ཅད་དངོས་པོའི་ངོ་བོ་ཉིད་མེད་པ་ལ་སློབ་ཅིང་འཇུག་པའི་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ལ་ལས་ཅི་ཞིག་བྱེད་པར་ཤེས་པར་བྱ་ཞེ་ན། ཐེག་ཆེན་ལ་འཇོག་པ་ཡིན་པར་ཤེས་པར་བྱའོ། །ཁྲི་བརྒྱད་སྟོང་པ་ལས་དེ་ཐེག་པ་ཆེན་པོ་དེ་ལ་ཞོན་ཏེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་ཀྱི་ཞིང་དག་པར་བྱེད། སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅེས་གསུངས་སོ། །མདོ་ལས་ཞེས་པར་འབྱུང་ཞིང་འདིར་འཛེགས་ཅེས་པར་འབྱུང་ངོ༌། །དེ་རྣམས་ཀྱིས་ནི་འཇུག་པར་བྱ་བ་དང་ཞེས་པ་དེ་བཤད་ཟིན་ཏོ། ། ༩༽ཚོགས་ཀྱི་སྒྲུབ་པ་བཤད་པ། ད་ནི་ཚོགས་ཀྱི་སྒྲུབ་པ་བཤད་པ་ནི། ཚོགས་སྒྲུབ་ཀྱི་ངོ་བོ་དང་ཚོགས་སྒྲུབ་ལ་ཞུགས་པ་དང༌། ཚོགས་སྒྲུབ་ཀྱི་བྱེད་ལས་དེ་གསུམ་མོ། །བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང༌། །ཟུང་དུ་འབྲེལ་པའི་ལམ་གང་དང༌། །ཐབས་ལ་མཁས་པ་གང་ཡིན་དང༌། །ཡེ་ཤེས་དང་ནི་བསོད་ནམས་དང༌། ལམ་དང་གཟུངས་དང་ཞེས་པ་ནི་ཚོགས་སྒྲུབ་ཀྱི་ངོ་བོ་བསྟན་ཏོ། ། ས་བཅུ་དང་ཞེས་པས་ཚོགས་བསྒྲུབ་ལ་ཞུགས་པ་བསྟན་ཏོ། །གཉེན་པོ་ཞེས་པས་ཚོགས་སྒྲུབ་ཀྱི་བྱེད་ལས་སྟོན་ནོ། ། ཚོགས་ཀྱི་སྒྲུབ་པའི་རིམ་པ་ཡིན་པར་ཤེས་པར་བྱ། ཞེས་པས་ཚོགས་སྒྲུབ་སྟོན་པའི་ཆོས་དེ་དག་མདོ་ལས་འབྱུང་བའི་རིམ་པ་ཡིན་པར་སྟོན་ནོ། །རབ་འབྱོར་གྱིས་གོ་ཆ་ཆེན་པོ་བགོས་ཞེས་བྱ་བགྱི་ན། ཅི་ཙམ་གྱིས་གོ་ཆ་ཆེན་པོ་བགོས་པ་ལགས། ཞེས་གསོལ་བ་ནས། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཐེག་པ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །ཞེས་པའི་བར་གྱི་མདོ་ཚོགས་ཀྱི་སྒྲུབ་པ་རིལ་སྟོན་པ་ཡིན་ནོ། །གོ་ཆ་བགོས་པ་རྣམས་ཀྱི་ནང་ནས་རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ་གྱི་ཕྱོགས་བཅུའི་ངན་འགྲོ་ཞི་བར་བྱེད་བ་སྒྱུ་མ་ལྟ་བུ་ནི་བརྩེ་བ་དང་སྒྱུ་མའི་ཆོས་ཉིད་ཉེ་བར་བཟུང་ནས་ཕར་ཕྱིན་དྲུག་ལ་རང་ཉིད་གནས་དེ་གཞན་ཡང་དེ་དག་ལ་འགོད་བ་སྒྱུ་མ་ལྟ་བུ་ནི་སྦྱིན་པ་ལ་སོགས་པ་དྲུག་དང༌། རྣམ་མཁྱེན་དང་ལྡན་པའི་སེམས་རྩེ་གཅིག་པས་གནས་ཤིང་སྒྱུ་མའི་ཆོས་ཉིད་བཟུང་ནས་ཕྱོགས་བཅུའི་སེམས་ཅན་གྱི་སྦྱིན་སོགས་ལ་འགོད་པ་སྒྱུ་མ་ལྟ་བུ་ནི། ཞི་གནས་དང༌། རྒྱུ་མའི་ཆོས་ཉིད་སྒྲུབ་པ་ཡོངས་གྲུབ་ཀྱི་གཟུགས་སོགས་དེ་ཀུན་བཏགས་པའི་ངོ་བོ་དངོས་པོའི་གཟུགས་སོགས་ཀྱིས་སྟོང་པའི་ཡེ་ཤེས་ནི་ལྷག་མཐོང་སྟེ། དེ་དང་བཅས་པ་དང༌། བྱང་ཆུབ་སེམས་དཔའ་གང་གི་དོན་དུ་གོ་ཆ་བགོས་པའི་རྣམ་མཁྱེན་དེ་འགའ་ཞིག་གིས་བྱས་པ་འམ་བཤིག་པ་འམ་མངོན་པར་འདུ་བྱས་པ་ཞིག་ཡིན་ན་བཅིངས་གྲོལ་ཏུ་འགྱུར་བ་ལས་བྱེད་པ་པོ་གཏན་མེད་ཅིང་མི་དམིགས་པའི་ཕྱིར་ཡོངས་གྲུབ་གྱི་གཟུགས་སོགས་མ་བཅིངས་མ་གྲོལ་བར་མཐོང་བའི་ཡེ་ཤེས་ནི། ཞི་ལྷག་གམ་ཐབས་ཤེས་ཟུང་དུ་འབྲེལ་པའི་ལམ་གང་ཡིན་པ་དེ་ཉིད་ཡིན་ནོ། །བརྩེ་བ་ནས་འདིའི་བར་དུ་བྱང་ཆུབ་སེམས་དཔའི་གོ་ཆ་བགོས་པ་དང་ཐབས་མཁས་ནས་གཟུངས་ཀྱི་བར་དུ་བྱང་ཆུབ་སེམས་དཔའི་ཐེག་ཆེན་ཞེས་པར་མདོ་ལས་བྱུང་བ་ནི་ཚོགས་སྒྲུབ་ཀྱི་ངོ་བོ་ཡིན་ནོ། །སྐབས་འདིར་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའི་ཐེག་ཆེན་ནི་གང༌། ཅི་ཙམ་གྱིས་ན་ཐེག་ཆེན་ལ་ཞུགས་པ་ཐེག་པ་དེ་གང་ནས་ངེས་པར་འབྱུང༌། ཐེག་པ་དེ་གང་དུ་གནས། ཐེག་པ་དེས་སུ་ཞིག་ངེས་པར་འབྱུང་བ་ལགས། ཞེས་ཞུ་བ་ལྔ་གསོལ་པ་ལ། དང་པོའི་ལན་གྱིས། ཐབས་མཁས་ནས་གཟུངས་ཀྱི་བར་དང༌། གཉིས་པའི་ལན་གྱིས་ས་བཅུ་དང༌། ལྷག་མ་གསུམ་པོའི་ལན་གྱིས་གཉེན་པོ་གསུངས་སོ། །དེ་ལ་མི་དམིགས་པའི་ཚུལ་གྱིས་ཕར་ཕྱིན་དྲུག་ལ་རང་ཉིད་གནས་ཤིང་གཞན་ཡང་འགོད་པ་ནི་ཐབས་ལ་མཁས་པ་གང་ཡིན་དང༌། ཡེ་ཤེས་དང་ནི་ཞེས་པ་ནི་ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་རྣམས་ཡིན་ཏེ། མདོ་ལས། སྟོང་ཉིད་འདི་རྣམས་ཀྱི་ངོ་བོ་ཐེག་ཆེན་ཡིན་པར་གསུངས་ཤིང་བསྟན་ཆོས་འདིར་ཡེ་ཤེས་ཡིན་པར་གསུངས་པའི་ཕྱིར་སྟོང་པ་ཉིད་རྣམས་ཀྱི་ངོ་བོ་རང་སྟོང་དུ་འདོད་ན་སྟོང་པའི་གཞི་གང་ཡིན་དེ་ངོས་མ་ཟིན་པའི་ཕྱིར་རྒྱལ་བ་སྲས་བཅས་ཀྱི་དགོངས་པ་དང་འགལ་ལོ། །འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྔ་ནས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་པ་ནི་སྟོང་ཉིད་སྟོན་པའི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱིན་ཅི་མ་ལྡོག་པ་ཡིན་པས་འདི་ལྟར་གོ་དགོས་སོ། །དངོས་པོས་སྟོང་པར་སྟོན་པའི་མདོ་རྣམས་ཀྱི་དངོས་པོར་འཛིན་པའི་ཉོན་མོངས་ལྡོག་པར་བྱེད་ཀྱི། ཁམས་རང་བཞིན་གྱིས་དག་པའི་དེ་བཞིན་ཉིད་དེ་ཉམས་པ་འགོག་པར་བྱེད་པ་ནི་མ་ཡིན་ཏེ། སྟོང་པའི་གཞི་དེ་ཆོས་དབྱིངས་དམ་པ་ཟད་མི་ཤེས་པའི་ངོ་བོར་གཏན་ཏུ་ཡོད་པའི་ཕྱིར་རོ།། དེས་ནི་རིམ་པ་ལྟར་སྒྲོ་སྐུར་བསལ་བ་ཡིན་ནོ། །དཀོན་བརྩེགས་ལས་ཀྱང༌། འོད་སྲུང་གང་ཟག་ཏུ་ལྟ་བ་ནི་རི་རབ་ཙམ་ལ་གནས་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང༌། དཔེར་ན་སྨན་པས་ནད་ནི་བསལ་བའི་ཕྱིར། །མི་ཞིག་ལ་ནི་བཀྲུ་སྨན་བཏང་པ་ལས། །ནད་རྣམས་བསྐྱོད་དེ་འཁྲུས་པར་མ་གྱུར་ན། དེ་ཡི་གཞི་ལས་ནད་ནི་སོས་མི་འགྱུར། །དེ་བཞིན་ལྟ་བའི་ཐིབས་པོར་གནས་པ་ལས། །འབྱུང་བའི་མཆོག་ནི་སྟོང་པ་ཉིད་ཡིན་ན། ། གང་ཞིག་སྟོང་པ་ཁོ་ནར་ལྟ་གྱུར་པ། དེ་ནི་གསོར་མི་རུང་ཞེས་རྒྱལ་བས་གསུངས་ཞེས་སོ།