ཕར་ཕྱིན་མདོ་ལུགས་མ།

ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་ནི་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནས། འོན་ཏེ་མ་ཡིན་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ན་ནི། ཇི་ལྟར་དེ་གཉེན་པོའི་ས་བོན་དུ་རུང༌། ཅི་སྟེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། དེས་ན་ཐོས་པའི་བག་ཆགས་ཀྱི་ས་བོན་དེའི་གནས་ཅི་ཞིག་ཡིན་པར་ལྟ་ཞེ་ན། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ལ་བརྟེན་ནས། ཐོས་པའི་བག་ཆགས་སུ་གྱུར་པ་གང་ཡིན་པ་གནས་གང་ལ་འཇུག་པའི་ལྷན་ཅིག་འདུག་པའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་འཇུག་དེ་འོ་མ་དང་ཆུ་བཞིན་ནོ། །དེ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་འགྱུར་རོ། །བག་ཆགས་འབྲིང་པོ་ལ་བརྟེན་ནས་བག་ཆགས་ཆེན་པོར་འགྱུར་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པ་ལན་མང་བྱ་བ་དང་ལྡན་པའི་ཕྱིར་རོ། །དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་གྱི་ཆུང་ངུ་དང༌། འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པ་དང༌། འཇིག་རྟེན་པ་ཡིན་ཡང་འཇིག་རྟེན་ལས་འདས་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡིན་པས་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། ། དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་ཉོན་མོངས་པའི་ཀུན་ནས་དཀྲིས་པའི་གཉེན་པོ་དང་ངན་སོང་གི་འགྲོ་བའི་གཉེན་པོ་དང་ཉེས་པར་བྱས་པ་ཐམས་ཅད་དེ་ངེས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་རྗེས་སུ་མཐུན་པའོ། ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ།། དེ་ནི་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོར་ཇི་ལྟ་ཇི་ལྟ་བུར་རིམ་གྱིས་འཕེལ་བ་དེ་ལྟ་དེ་ལྟ་བུར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་འབྲི་ཞིང་གནས་ཀྱང་འགྱུར་རོ། །གནས་རྣམ་པ་ཐམས་ཅད་དུ་གྱུར་པ་ན་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཡང་ས་བོན་མེད་པར་འགྱུར་བ་དང༌། རྣམ་པ་ཐམས་ཅད་སྤངས་པ་ཡང་ཡིན་ནོ། །ཡང་ཇི་ལྟར་ཀུན་གཞི་རྣམ་པར་ཤེས་པ་དང་ཀུན་གཞི་རྣམ་པར་ཤེས་པ་མ་ཡིན་པ་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་གནས་པ་རྣམ་པ་ཐམས་ཅད་དུ་འགྲིབ་པར་ཇི་ལྟར་འགྱུར་ཞེ་ན། ངང་པས་ཆུ་ལ་འོ་མ་འཐུངས་པ་ལྟ་བུ་དང༌། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ནས་མཉམ་པར་བཞགས་པ་མ་ཡིན་པའི་བག་ཆགས་འགྲིབ་སྟེ། མཉམ་པར་བཞག་པའི་བག་ཆགས་འཕེལ་ནས་གནས་གྱུར་པ་བཞིན་ནོ། །ཞེས་ས་གསུམ་པ་འོད་བྱེད་པ་བསྙེས་པའི་འཕགས་པ་ཐོགས་མེད་ཤེས་བྱ་ཐམས་ཅད་ལ་ཆོས་ཀྱི་སྦྱན་དང་ལྡན་པ་དེས་གསུངས་སོ། །ཡང་ཐེག་བསྡུས་སུ་ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་སྐྱེ་བ་མི་རིགས་ཕྱིར། ཞེས་སོགས་སྦྱང་ངོ༌། །དེས་ན་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མྱ་ངན་ལས་འདས་པའི་ཆོས་ཀྱི་ས་བོན་ཐམས་ཅད་པ་ལྟར་རྣམ་པར་བྱང་བའི་བག་ཆགས་ཐམས་ཅད་སྐྱེད་ཅིང་འཛིན་པ་དང༌། ཉེས་པ་ཐམས་ཅད་སུན་འབྱིན་ཞིང་ཡོན་ཏན་ཐམས་ཅད་སྐྱེད་པ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་སྐྱོན་ཟད་པ་དང་ཡོན་ཏན་རྒྱས་པར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་འདི་ལ་བསླབ་པས་ཉེས་པ་སླར་མི་འཇུག་ཅིང་སྒྲུབ་པའི་ཡོན་ཏན་ཐམས་ཅད་འདི་ལ་རྟེན་ནས་ཡིན་ནོ། །གལ་ཏེ་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། དོན་དམ་པའི་དབང་གི་རིགས་ནི་ཐ་དད་དུ་དབྱེ་བར་རུང་བ་མ་ཡིན་ནོ། །སྙམ་ན། དོན་དམ་པ་འདི་ལ་དེ་ལྟ་ཡིན་ཡང་ཀུན་རྫོབ་ཀྱི་དབང་གིས་རྟེན་པའི་ཆོས་བསྒྲུབ་པ་ཐ་དད་པ་ཉིད་ཀྱི་བྱེ་བྲག་རྟོགས་པའི་ཆོས་དྲུག་འཇུག་པའི་རྟེན། གཉེན་པོ་འཇུག་པའི་རྟེན། སྤོང་བ་འཇུག་པའི་རྟེན་ཞེས་པའི་ཚུལ་དག་གིས་རྟེན་ཆོས་ཉིད་དེའི་དབྱེ་བ་ཡོངས་སུ་བརྗོད་པ་ནི་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ལ་དབྱེ་བ་མེད་ཀྱང་རྫ་བུམ་གྱི་ནམ་མཁའ་གསེར་བུམ་གྱི་ནམ་མཁའ་ཞེས་པ་ལྟར་རོ། །དེ་རྣམས་ཀྱིས་ནི། སྒྲུབ་པ་ཡི་ནི་རྟེན་གྱུར་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཞེས་པ་དེ་བཤད་ཟིན་ཏོ། ། ༥༽དམིགས་པ་སྟོན་པ། ད་ནི་སྐབས་འདིའི་ཆོས་བཅུ་ལས། དམིགས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་པར་བྱ་བ་གང་ཡིན་པ་དེ་སྟོན་པ་འདི་ལྟ་སྟེ། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་རྟོགས་པ་དང༌། གང་དག་འཇིག་རྟེན་འདས་འདོད་དང༌། ། ཟག་བཅས་ཟག་པ་མེད་ཆོས་དང༌། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང༌། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་པ་ལ་ཁྲི་བརྒྱད་སྟོང་པ་ལས་རབ་འབྱོར་ཆོས་ཐམས་ཅད་ཅེས་བྱ་བ་ནི་དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་མ་བསྟན་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། ཟག་པ་དང་བཅས་པ་དང༌། ཟག་པ་མེད་པ་དང༌། འདུས་བྱས་དང༌། འདུས་མ་བྱས་དང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དག་གོ །རབ་འབྱོར་དེ་དག་ནི་ཆོས་ཐམས་ཅད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་གི་མེད་པ་ཉིད་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཁུང་དུ་ཆུད་པར་བྱ་བ་ཡང་དེ་དག་ཡིན་ནོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་སྲིད་དོ་ཅོག་དེ་དག་ཤེས་པར་བྱ་བ་དང༌། དེ་དག་གི་སྟོང་ཉིད་ཟབ་མོ་ལ་བསླབ་པར་བྱ་དགོས་སོ། །དེ་ལ་དགེ་བའི་ཆོས་ནི་ཕ་དང་མ་དང་དགེ་སྦྱོང་དུ་འཛིན་པ་དང༌། དགེ་བ་བཅུ་དང༌། འདུ་ཤེས་བཅུ་དང༌། རྗེས་དྲན་བཅུ་དང༌། བསམ་གཏན་བཞི་དང༌། ཚད་མེད་བཞི་གཟུགས་མེད་བཞི་སྟེ་འཇིག་རྟེན་པར་གཏོགས་པའི་དགེ་བའི་ཆོས་དེ་རྣམས་སོ། །འཇིག་རྟེན་པའི་མི་དགེ་བའི་ཆོས་ནི་སྲོག་གཅོད་པ་ལ་སོགས་པ་རྣམས་སོ། །ལུང་དུ་མ་བསྟན་པ་ནི་ཕུང་ཁམས་སྐྱེ་མཆེད་གཟུགས་མེད་བཞི་དང་རྣམ་སྨིན་དང་འབྱུང་བ་བཞི་དང་ལུས་དང་ངག་དང་ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་གང་ཡིན་པ་རྣམས་སོ། །འཇིག་རྟེན་པའི་རྟོག་པ་སྟེ། ཆོས་ནི་ཕུང་པོ་ཁམས་སྐྱེ་མཆེད་དགེ་བ་བཅུ་བསམ་གཏན་ཚད་མེད་དང་གཟུགས་མེད་དང་མངོན་ཤེས་དང་ལྔའོ། །གང་དག་འཇིག་རྟེན་ལས་འདས་པའི་ཆོས་ནི་དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་གང་ཡིན་པ་རྣམས་སོ། །ཟག་བཅས་ཀྱི་ཆོས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། བསམ་གཏན་མེད་ཚད་མེད་གཟུགས་མེད་རྣམས་སོ། །ཟག་པ་མེད་པའི་ཆོས་ནི་དྲན་པ་ཉེར་བཞག་ནས་མ་འདྲེས་པའི་བར་དག་གོ །འདུས་བྱས་ནི་ཁམས་གསུམ་དང༌། འདུས་བྱས་སུ་གཏོགས་པའི་མ་འདྲེས་པའི་བར་དག་གོ །འདུས་མ་བྱས་ནི་དུས་གསུམ་ཟད་པ་དང༌། དེ་བཞིན་ཉིད་ལ་སོགས་པའི་ཡོངས་གྲུབ་རྣམས་སོ། །ཐུན་མོང་གི་ཆོས་ནི་བསམ་གཏན་བཞི་ཚད་མེད་བཞི་གཟུགས་མེད་བཞི་མངོན་ཤེས་ལྔ་རྣམས་སོ། །གང་དག་ཐུབ་པའི་ཐུན་མོང་མིན་ལ་མདོ་ལས། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སོ་བདུན་དང༌། སྟོབས་སོགས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དུ་བྱུང་ངོ༌། །དེ་རྣམས་ཀྱིས་ནི་དམིགས་པ་དག་དང་ཞེས་པ་དེ་བཤད་ཟིན་ཏོ།། ༦༽ཆེད་དུ་བྱ་བ་སྟོན་པ། ད་ནི་ཆེད་དུ་བྱ་བ་སྟོན་པ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི ཆེད་དུུ་བྱ་བ་འདུ་ཤེས་བྱ། དེ་ལ་ཆེད་ནི་གང་བྱ་བ་ནི་གང་ཞེ་ན། ཆེད་ནི་ཆེན་པོ་གསུམ་གྱི་ཆེད་ཡིན་ལ། །བྱ་བ་ནི་སེམས་དཔའ་ཆེན་པོ་ཞེས་པ་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལ་དོན་གང་གིས་ཆེད་དུ་སེམས་དཔའ་ཆེན་པོ་ཞེས་ཟེར་བའི་རྒྱུ་ནི། སེམས་ཅན་ཀུན་གྱི་མཆོག་ཉིད་དུ་གྱུར་པའི་སེམས་ཆེན་པོ་དང༌། སྤོང་བ་ཆེན་པོ་དང༌། རྟོགས་པ་ཆེན་པོ་སྟེ། གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་གསུམ་གྱི་རང་བྱུང་དེ། རང་བཞིན་གྱི་ཆེད་དུ་བྱ་བ། སེམས་དཔའ་ཆེན་པོ་ཞེས་སྨོས་པ་འདི་ཤེས་པར་བྱའོ། །དེས་ན་ཅིའི་ཆེད་དུ་ཞེས་པ་དང༌། ཅིའི་སླད་དུ་ཞེས་པ་དང༌། ཅིའི་དོན་དུ་ཞེས་པ་དང༌། ཅིའི་ཕྱིར་དུ་ཞེས་པ་རྣམས་དོན་གཅིག་གོ །གཅིག་པ་དེའི་ཕྱིར་སྐབས་འདིའི་ཆེད་དུ་བྱ་བའི་དགོས་པ་ནི་དེ་ཡིན་དེ་ཡོན་ཏན་རིན་སྡུད་པ་ལས། ཅི་ཕྱིར་དེ་ནི་སེམས་དཔའ་ཆེ་ཞེས་བྱ་ཞེ་ན། །སེམས་ཅན་ཚོགས་རྣམས་མང་པོའི་མཆོག་ཏུ་གྱུར་པ་དང༌། །སེམས་ཅན་ཁམས་ཀྱི་ལྷ་རྣམས་ཆེན་པོ་གཅོད་པ་སྟེ། །དེ་ཕྱིར་འདི་ནི་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །གཏོང་བ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་དང༌། །རྒྱལ་བ་རྣམས་ཀྱི་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །གོ་ཆ་ཆེན་པོ་བགོས་ཤིང་བདུད་ཀྱི་སྒྱུ་འདུལ་བ། ། དེ་ཡི་ཕྱིར་ན་སེམས་དཔའ་ཆེ་ཞེས་བརྗོད་པ་ཡིན། །ཞེས་དང༌། མདོ་ལས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བགྱི་བ། ཅིའི་སླད་དུ། སེམས་དཔའ་ཆེན་པོ་ཞེས་བགྱི། བཀའ་སྩལ་པ། རབ་འབྱོར། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་རིས་ཕལ་མོ་ཆེའམ་ཕལ་བྱེད་པར་འགྱུར་བས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་པ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སེམས་ཆེན་པོ་གསུངས་ཤིང༌། ཤཱ་རིའི་བུས་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་སྤོང་བ་ཆེན་པོ་གསུངས་ལ། རབ་འབྱོར་གྱིས་སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་རྟོགས་པ་ཆེན་པོ་གསུངས་པ་དེ་ཉིད། རྗེ་བཙུན་བྱམས་པ་མགོན་པོས་སྐབས་འདིར་ཆེད་དུ་བྱ་བ་ཞེས་པའི་ཚིག་གིས་གསུངས་སོ། །དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་ཅིའི་སླད་དུ་སེམས་དཔའ་ཆེན་པོ་ཞེས་བགྱི ཞེས་བྱ་བ་ནི་ཅིའི་ཕྱིར་སེམས་དཔའ་ཆེན་པོའི་མིང་དུ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །སེམས་དཔའ་ཆེན་པོ་ཞེས་བརྗོད་པའི་རྒྱུ་མཚན་གཏོང་བ་དང་མཐུ་ཆེ་བ་ལ་སོགས་ལྷག་མ་རྣམས་ཀྱིས་འཕགས་པ་གང་པོས་གོ་ཆའི་བསྒྲུབ་པ་ལ་སོགས་པ་གསུངས་སོ། །གནོད་འཇོམས་ལས་སེམས་བསྐྱེད་མདོར་བསྟན་གྱི་སྐབས་སུ། རྒྱུུ་མཚན་བཅུ་གཅིག་གསུངས་པ་འདི་ལྟ་སྟེ། འབྲས་བུ་དང་མཐུན་པའིརིགས་དང༌། རིགས་དང་མཐུན་པའི་མོས་པ་དང༌། མོས་པ་དང་མཐུན་པའི་བསམ་པ་དང༌། བསམ་པ་དང་མཐུན་པའི་སྨོན་ལམ་དང༌། སྨོན་ལམ་དང་མཐུན་པའི་སྤྱོད་པ་དང༌། སྤྱོད་པ་དང་མཐུན་པའི་བརྩོན་འགྲུས་དང༌། བརྩོན་འགྲུས་དང་མཐུན་པའི་དུས་དང༌། དུས་དང་མཐུན་པའི་ཚོགས་དང༌། ཚོགས་དང་མཐུན་པའི་ཡང་དག་པར་འགྲུབ་པ་དང༌། ཡང་དག་པར་འགྲུབ་པ་དང་མཐུན་པའི་འབྲས་བུ་དང༌། འབྲས་བུུ་དང་མཐུན་པའི་སེམས་ཅན་གྱི་དོན་དང༌། ཆེན་པོ་རྣམ་པ་བཅུ་གཅིག་པོ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་སོ། །དེ་རྣམས་ཀྱིས་ནི་ཆེད་དང་ནི་ཞེས་པ་དེ་བཤད་ཟིན་ཏོ། ། ད་ནི་བསྒྲུབ་པ་བཤད་པར་བྱ་སྟེ། མདོ་སྡེའི་རྒྱན་ལས་གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །རྒྱལ་སྲས་རྣམས་ཀྱི་བསྒྲུབ་པ་ཡིན་པར་འདོད། །རྟག་ཏུ་ལེན་པ་ཆེ་དང་བཟོད་བ་ཆེ། ། དོན་ཆེན་ཡང་དག་སྒྲུབ་པའི་བྱ་བ་བྱེད། །དེ་ལ་གནས་ཆེན་པོ་ནི། སེམས་བསྐྱེད་ལ་གནས་པའི་ཕྱིར་དེ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར། རྩོམ་པ་ཆེན་པོ་ནི་རང་བཞིན་གྱི་དོན་རྩོམ་པའི་ཕྱིར་དེ་ནི་སྡུག་བསྔལ་ཐམས་ཅད་དང་དུ་ལེན་པས་བཟོད་པ་ཆེ་བའི་ཕྱིར་རོ། ། འབྲས་བུ་འབྱུང་བ་ཆེ་བ་ནི། བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་དེ་ནི་སེམས་ཅན་མང་པོའི་དོན་ཆེ་ཡང་དག་བསྒྲུབ་པའི་བྱ་བ་བྱེད་པའི་ཕྱིར་རོ། །དེ་ལ་གོ་ཆ་དང༌། འཇུག་པ་དང༌། ཚོགས་དང་ངེས་པར་འབྱུང་བའི་བསྒྲུབ་པ་སྟེ། བཞི་ཡོད་པ་ལས། ༧༽གོ་སྒྲུབ་བཤད་པ།