འདིར་ཡང་རིགས་གསུམ་གྱི་ནང་ནས་མཆོག་གང་ཡིན་པ་བྱང་ཆུབ་སེམས་དཔའི་རིགས་དེ་ཉིད་སྟོན་པ་འདི་ལྟ་སྟེ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །གཉེན་པོ་དང་ནི་སྤོང་བ་དང༌། །དེ་དག་ཡོངས་སུ་གདུག་པ་དང༌། །ཤེས་རབ་སྙིང་བརྩེར་བཅས་པ་དང༌། །སློབ་མ་ཐུན་མོང་མིན་ཉིད་དང༌། །གཞན་གྱི་དོན་གྱི་གོ་རིམ་དང༌། །ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་པ་འདི་ལ་སྔར་སེམས་བསྐྱེད་བསྡུས་པའི་སྒོ་ནས་བརྗོད་པ་ལ་མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཞེས་པ་དེ་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་བརྗོད་བྱའི་དོན་ནི་གང་ཡིན་ཞེ་ན། མ་དག་དང་དག་པའི་གནས་སྐབས་ཀྱི་ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། དེ་ཉིད་བྱང་ཆུབ་སེམས་དཔའི་རིགས་མཆོག་ཡིན་ཞིང། དེ་ལ་བྱང་ཆུབ་སེམས་དཔའི་དངོས་པོ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་དངོས་པོའི་གཞི་མེད་པའི་དེ་བཞིན་ཉིད་ཡིན་ནོ། །ཁྲི་བརྒྱད་སྟོང་པ་ལས་རབ་འབྱོར་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ཀྱང་སྐྱེ་བ་མེད། སེམས་དཔའ་ཡང་སྐྱེ་བ་མེད་དོ། །རབ་འབྱོར་བྱང་ཆུབ་དང་སེམས་དཔའ་ལ་སྐྱེ་བ་དང་ཡོད་པ་ཉིད་མེད་ཅིང་མི་དམིགས་སོ། །རབ་འབྱོར་བྱང་ཆུབ་ལ་ཡང་གཞི་མེད། སེམས་དཔའ་ལ་ཡང་གཞི་མེད་དོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་གཞིའི་དོན་ནི་གཞི་མེད་པའི་དོན་ཏོ་ཞེས་གསུངས་སོ། ། སངས་རྒྱས་གཉིས་པ་ལྟར་གྲགས་པ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ལ་དོན་རྣམ་པ་བཞི་ཡོད་དེ། བྱང་ཆུབ་དང༌། སེམས་དཔའ་དང༌། ཕུང་པོའི་བདག་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་འོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་དོན་གྱི་གཞི་མེད་པ་ཡིན་ཏེ། གཞི་མེད་པ་ནི་གནས་མེད་པ་ལ་བྱའོ། །ཚིག་མེད་པ་ལ་དེ་ཡིན་པས། ཚིག་གི་དོན་མེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོ་བདག་ཉིད་འགའ་ཞིག་ཡོད་པར་གྱུར་ན་དེའི་ཚིག་གི་དོན་གཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ན། འདི་ལྟར་བྱང་ཆུབ་དང་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་དོན་གྱི་གཞི་མེད་དེ་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ།། དེ་བཞིན་ཉིད་ཀྱི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་ཞེས་པ་ཡང༌། རྒྱུད་བླ་མ་ནས། མ་དག་མ་དག་དག་པ་དང༌། །ཤིན་ཏུུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་སོ། །དེའི་འགྲེལ་བར། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། མ་དག་པ་དང་དག་པའི་གནས་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང༌། ཞེས་གསུངས་སོ། །དེ་ལ་རང་བཞིན་གྱི་རིགས་དང་རྒྱས་པའི་རིགས་གཉིས་ཀྱི་ངོ་བོ་སྟེ། དང་པོ་ནི་ཅུང་ཟད་དག་པའི་གནས་སྐབས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་དཔའི་ཚེ་རབས་གཅིག་ནས་གཅིག་ཏུ་རྒྱུད་ནས་འོངས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་སྙིང་རྗེ་དང་ཤེས་རབ་ཀྱི་བདག་ཉིད་ཡིན་ནོ། །གཉིས་པ་ནི་དགེ་བའི་རྩ་བ་ལ་གོམས་པའི་རྐྱེན་གྱིས། ཆོས་ཀྱི་དབྱིངས་དེ་ཉིད་དག་པའི་སྙིང་རྗེ་ཆེར་འཕེལ་ཞིང་རྒྱས་པ་ལ་ཡང་དག་པར་བསྒྲུབས་པ་འམ་བླངས་པའི་རིགས་ཞེས་བསྟན་ཏོ། །བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་རང་བཞིན་གྱིས་གནས་པའི་རིགས་ནི། བྱང་ཆུབ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ། །དེ་ལ་ཡང་དག་པར་བསྒྲུབས་པ་རིགས་ནི། སྔོན་དགེ་བའི་རྩ་བ་གོམས་པར་བྱ་བ་ལས་ཐོབ་པ་གང་ཡིན་པ་སྟེ། དོན་གྱི་སྐབས་འདིར་ནི། རྣམ་པ་གཉིས་ཀ་ཡང་འདོད་དོ། །ཞེས་སོ། །རྒྱུད་བླར། དེ་རིགས་དེ་བཞིན་ཐོབ་པ་དང༌། །ཞེས་པའི་འགྲེལ་པར། མདོ་དྲང་པ་ལས་ཀྱང༌། དེའི་རིགས་རང་བཞིན་གྱིས་བསམ་གྱིས་མི་ཁྱབ་པའི་རྣམ་པ་ཐོབ་པའི་དོན་ནི་གང་གིས་དབང་དུ་མཛད་ནས་བརྒྱུད་ནས་འོངས་པ། ཐོག་མ་མེད་པའི་ཆོས་ཉིད་ཐོབ་པ་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དེ་འདྲ་བ་ཡིན་ནོ། ། ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་སོ། ། དེས་ན་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པ། ཐོག་མ་མེད་པའི་ཆོས་ཉིད་དག་པའི་གནས་སྐབས་རང་གིས་འཐོབ་པ་ནི་རང་བཞིན་དུ་གནས་པའི་རིགས་ཡིན་ལ། དེ་ཉིད་བརྩེ་བ་དང་ཤེས་རབ་ཀྱི་བདག་ཉིད་ཡིན་ཏེ། བརྒྱད་སྟོང་དོན་བསྡུས་ལས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན་གསུངས་སོ། །རྒྱས་པའི་རིགས་ནི་ཕར་ཕྱིན་དྲུག་གི་དབྱེ་བ་ལ་གོམས་པའི་རྐྱེན་གྱི་དབང་གིས་ཆོས་ཀྱི་དབྱིངས་དེ་མ་རིག་སྒོ་ངའི་སྤུབས་ལས་འཐོན་ནས་འཕེལ་ཞིང་རྒྱས་པ་ཉིད་ཡིན་ནོ། །དོན་འདི་ཉིད་རྒྱུད་བླ་མ་རྩ་འགྲེལ་དུ་ཤིན་ཏུ་གསལ་ཏེ། དེར་དཔེ་དགུ་དང༌། དོན་དགུ་ནི། པད་མ་སྲོག་ཆགས་བུང་བ་དང༌། སྤུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ན་ཡང༌། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། ། རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་པ་འདི་རྣམས་ཀྱིས་ཆོས་ཀྱི་དབྱིངས་ཉིད་གསལ་བར་བསྟན་ལ། དཔེ་རྣམས་ཀྱི་ནང་ནས་གཏེར་གྱི་དཔེས་རང་བཞིན་གྱི་རིགས་དང༌། ལྗོན་པའི་དཔེས་རྒྱས་པའི་རིགས་བསྟན་ཏོ། །ལྗོན་པའི་དཔེ་དོན་ཉིད་རྒྱས་པར་བཤད་པའི་སྐབས་སུ་ཡང༌། རྒྱུད་བླ་རྩ་འགྲེལ་ལས་ཇི་སྐད་དུ། ཉོན་མོངས་པ་ནི་ཤུན་པའི་སྦུབས་དང་འདྲ་བ་ལ་དེ་བཞིན་གཤེགས་པའི་ཁམས་ནི་ས་བོན་གྱི་མྱུ་གུ་ལྟ་བུ་སྟེ། ཇི་ལྟར་ཨ་མྲ་ལ་སོགས་པའི་ཤིང་འབྲས་ལ། །ཡོད་པའི་ས་བོན་མྱུ་གུ་འཇིག་མེད་ཆོས། །ས་རྨོས་ཆུ་སོགས་ལྡན་ལས་ལྗོན་ཤིང་གི །རྒྱལ་པོའི་དངོས་པོར་རིམ་གྱིས་འགྲུབ་པ་ལྟར། །སེམས་ཅན་རྣམས་ཀྱི་མ་རིགས་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ཁམས་དགེ་བ་ཡང༌། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར། །ཆུ་དང་ཉི་མའི་འོད་དང་རླུང་དང་ས་དང་དུས་མཁའི་རྐྱེན་རྣམས་ཀྱིས། །ཏ་ལ་དང་ནི་ཨ་མྲའི་འབྲས་སྦུབས་གསེབ་ནས་ཤིང་སྐྱེ་ཇི་ལྟ་བར། །སེམས་ཅན་ཉོན་མོངས་འབྲས་ལྤགས་ནང་ཆུད་རྫོགས་སངས་ས་བོན་མྱུ་གུ་ཡང༌། །དེ་བཞིན་དགེ་རྐྱེན་དེ་དང་དེའི་ས་ཆོས་འཐོན་འཕེལ་བར་གྱུར་པ་ཡིན། །ཞེས་པ་འདི་ཉིད་ཀྱིས་རྒྱས་པའི་རིགས་གསལ་བར་བསྟན་ཏོ། །སྐབས་འདིའི་ཆུ་དང་ཉི་མའི་འོད་ལ་སོགས་པ་དཔེ་དྲུག་གིས་བསྟན་པའི་དགེ་བའི་རྐྱེན་དེ་དང་དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ཏེ། གོང་དུ་རི་མོ་མཁན་གྱི་དཔེ་ཕར་ཕྱིན་དྲུག་གིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་གཟུགས་རྫོགས་པར་བྱེད་པ་ཉིད་དུ་གསུངས་པའི་ཤེས་པར་བྱེད་པ་ལ་སོགས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཤེར་ཕྱིན་བཅུའི་དགེ་བའི་རྐྱེན་གྱིས་རིགས་རྒྱས་པ་གསུངས་པ་འདི་ལྟ་སྟེ། དཀའ་སྦྱོད་སྣ་ཚོགས་སྦྱིན་པ་དང༌།། ཚུལ་ཁྲིམས་སེམས་ཅན་དོན་སྡུད་དང༌། །སེམས་ཅན་ཕན་བྱེད་བཟོད་པ་སྟེ། །གསུམ་པོ་འདིས་ནི་ཁམས་རྒྱས་འགྱུར། །ཆོས་རྣམས་ཀུན་ལ་བརྩོན་འགྲུས་དང༌། །བསམ་གཏན་ལ་སེམས་འཇུག་པ་དང༌། །རྟག་ཏུུ་ཤེས་རབ་བསྟེན་པ་སྟེ། །འདི་ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང༌། །སྨོན་ལམ་རྣམ་པར་སྦྱངས་པ་དང༌། །སྟོབས་ལ་གནས་དང་ཡེ་ཤེས་ཏེ། །ཁམས་རྒྱས་བྱེད་པའི་ཆོས་བཞི་པོ། །ཞེས་སོ། །རྒྱུད་བླ་མར། དཔེ་དོན་ཆོས་མཚུངས་པར་སྟོན་པའི་སྐབས་སུ་ཡང་རྒྱུས་པའི་རིགས་དེ་ཉིད་ཇི་སྐད་དུ། ཇི་ལྟར་མྱུག་སོགས་རིམ་སྐྱེ་བས། །ས་བོན་ཤུན་པ་གཅོད་པར་ལྟར། །དེ་བཞིན་དེ་ཉིད་མཐོང་བ་ཡིས། །མཐོང་སྤང་རྣམས་ནི་ལྡོག་པར་འགྱུར། ། ཞེས་གསུངས་སོ། དེ་ནས་འདིར་དོན་དགུ་པོ་དེ་ཉིད་ཆོས་སྐུའི་རང་བཞིན་དང་དེ་བཞིན་ཉིད་ཀྱི་རང་བཞིན་དང༌། རིགས་ཀྱི་རང་བཞིན་དེ། རང་བཞིན་རྣམ་པ་གསུམ་དུ་བསྡུས་ནས་དཔེ་གསུམ་དང༌། གཅིག་དང༌། ལྔ་རྣམས་ཀྱིས་རིམ་པ་ལྟར་བསྟན་པ་ནི་ཇི་སྐད་དུ། འདི་ཡིའི་རང་བཞིན་ཆོས་སྐུ་དང༌། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་གསུངས་པའི་དོན་རང་བཞིན་སྔ་མ་གཉིས་ནི་དཔེ་གསུམ་དང༌། གཅིག་གིས་བསྟན་པ་ལ། གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང༌། འཁོར་ལོ་བསྒྱུར་བ་དང༌། གསེར་གྱི་གཟུགས་དེ་དཔེ་ལྔས་རིགས་ཀྱི་རང་བཞིན་བསྟན་ཏོ། །གཏེར་དང་རིན་པོ་ཆེའི་སྐུ་གཉིས་ཀྱིས་རང་བཞིན་དུ་གནས་པའི་རིགས་ཀྱི་རང་བཞིན་བསྟན་ཅིང༌། ལྷག་མ་གསུམ་པོས་རྒྱས་པའི་རིགས་ཀྱི་རང་བཞིན་བསྟན་ཏེ་རྒྱུད་བླ་རྩ་འགྲེལ་དུ། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་ནི། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིས་ནི་བྱས་མིན་དང༌། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་བསྒྱུར་བཞིན་ནོ། །གཟུགས་བརྙན་གྱི་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །དེ་ཕྱིར་དེ་ལྟར་གཏེར་དང་ལྗོན་ཤིང་དང་རིན་པོ་ཆེའི་སྐུ་དང་འཁོར་ལོས་བསྒྱུར་བ་དང་གསེར་གྱི་གཟུགས་ཏེ། དཔེ་ལྷག་མ་ལྔ་པོ་འདི་དག་གིས་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་སྐྱེ་བའི་རིགས་ཡོད་པའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་པའི་ཁམས་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཉིད་ནི་སངས་རྒྱས་ཀྱི་སྐུ་རྣམ་པ་གསུམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། དེས་ན་དེ་བཞིན་གཤེགས་པའི་ཁམས་ཐོབ་པའི་རྒྱུ་ཡིན་པས་འདིར་ཁམས་ཀྱི་དོན་ནི་རྒྱུའི་དོན་ཏོ། །ཞེས་གསུངས་སོ། །དེས་ན་ཆོས་དབྱིངས་ཉིད་སྔོན་རྒྱུའི་གནས་སྐབས་ན་རིགས་རྣམ་པ་གཉིས་དང༌། ཕྱིས་འབྲས་བུའི་གནས་སྐབས་ན་སྐུ་རྣམ་པ་གསུམ་དུ་གསུངས་པའི་ཕྱིར་རང་བཞིན་དང་རྒྱས་པའི་རིགས་ཀྱི་དོན་ནི་དེ་ཡིན་ནོ། །སྔོན་རྒྱུའི་ཞེས་པ་ལམ་གྱི་གནས་སྐབས་སོ། །དེའི་ཕྱིར་ཆོས་ཀྱི་དབྱིངས་ཉིད་སློབ་པའི་གནས་སྐབས་ན་ལམ་དང༌། རྒྱུ་དང་ས་བོན་དང་རིགས་སུ་གསུངས་པ་འདིས་ཀྱང་སྔར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལམ་ཞེས་པའི་དོན་ཉིད་ལེགས་པར་ཕྱེ་བ་ཉིད་དུ་བསྟན་པར་བྱའོ། །སྐབས་འདིར་ནི་ཁམས་དང་དབྱིངས་དང་རྒྱུ་དང་ས་བོན་དང་རིགས་ཞེས་པ་རྣམས་དོན་གཅིག་ཡིན་ནོ། །ཇི་སྐད་དུ། མངོན་པའི་མདོ་ཐེག་བསྡུས་དང་རྒྱུད་བླའི་འགྲེལ་པར་དྲང༌། ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང༌། །མྱ་ངན་འདས་པའང་ཐོབ་པ་ཡིན། ། ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཆོས་དབྱིངས་བསྟོད་པར། ས་བོན་གྱུར་པ་དབྱིངས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །དེ་ཉིད་སྦྱང་བ་བྱས་པ་ལས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས་པ་རྣམས་དོན་གཅིག་པུ་འདི་ཉིད་ཡིན་ནོ། །དེས་ན་ཆོས་ཀྱི་དབྱིངས་ཉིད་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་དང་གནས་དང་རྟེན་ཡིན་ལ། ཁྱད་པར་སེམས་ཅན་གྱི་དུས་ན་འཁོར་བའི་ཆོས་ཐམས་ཅད་ཀྱི་རྟེན་ཡིན་ཅིང༌། སངས་རྒྱས་ཀྱི་དུས་ན་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྟེན་དང༌། ལམ་གྱི་དུས་ན་སྒྲུབ་པའི་རྟེན་ཡིན་ནོ། །བླ་མེད་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཀྱི་དྲི་མ་སྦྱང་བར་བྱ་བའི་གཞི་ཡིན་པའི་ཕྱིར་ཆོས་དབྱིངས་ཉིད་དག་པ་གཉིས་ལྡན་གྱི་བྱང་ཆུབ་ཆེན་པོའི་ས་བོན་དང་རྒྱུ་ཡིན་པར་བསྟན་ཏོ། །ཆོས་ཀྱི་དབྱིངས་ཉིད་ལམ་གྱི་དུས་སུ་ཐེག་ཆེན་གྱི་རིགས་དང༌། བྱང་ཆུབ་སེམས་དཔའི་རིགས་སུ་བསྟན་ལ། དེ་ཉིད་ཐེག་པ་གསུམ་གྱི་རིགས་ཐ་དད་པ་རྣམས་ཀྱི་ནང་ནས་རིགས་མཆོག་ཉིད་དུ་བསྟན་ཞིང༌། མཆོག་དེ་ཉིད་ཀྱི་ངོ་བོ་རང་བཞིན་དང་རྒྱས་པའི་རིགས་སུ་བསྟན་ཏེ། ཇི་སྐད་དུ། ཐོག་མེད་རང་བཞིན་གནས་པ་དང༌། །ཡང་དག་གནས་པ་མཆོག་ཉིད་དོ། །ཞེས་པ་དང་མདོ་སྡེ་རྒྱན་དུ་ཡང༌། རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། ཞེས་དང༌། རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན་ནོ། ། ཞེས། དེས་ན་སངས་རྒྱས་ཀྱི་སྐུ་གསུམ་པོ་རིགས་གཉིས་པོ་འདིའི་འབྲས་བུར་གསུངས་པའི་ཕྱིར་འདི་གཉིས་ཐེག་ཆེན་གྱི་རིགས་དང༌། བྱང་ཆུབ་སེམས་དཔའི་རིགས་སུ་འཆད་པ་ནི་དགོངས་པ་ཡང་དག་ཡིན་པར་སྣང་ངོ༌། །ཉན་རང་གི་རིགས་ནི་སྐུ་གསུམ་གྱི་རྒྱུར་མ་གསུངས་ཤིང༌། མཆོག་ཡིན་པར་ཡང་མ་གསུངས་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་འབའ་ཞིག་གི་རིགས་ཡིན་པར་མི་འཐད་དོ། །ཞེ་ན། སྐྱོན་མེད་དེ་འདིར་ནི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་པའི་ཆོས་ཉིད་ངང་གིས་ཐོབ་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ལ། དེ་ཉིད་རང་བཞིན་དུ་གནས་པའི་རིགས་སུ་གསུངས་ཀྱི། ཆོས་ཀྱི་དབྱིངས་ཡོད་པ་ཙམ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་ཤིང་རིགས་མཆོག་ཉིད་དུ་ཡང་མ་གསུངས་པའི་ཕྱིར་དང༌། ཆོས་ཉིད་ཐོབ་པ་ཡང་མ་ཡིན་པའི་ཕྱིར་རོ། ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་ཀྱི། སེམས་ཅན་ཐམས་ཅད་རང་བཞིན་གྱི་རིགས་ལ་གནས་པར་མ་གསུངས་པའི་ཕྱིར་དང༌། རང་བཞིན་དུ་གནས་པ་རིགས་ཏེ། སེམས་ཅན་རྣམས་སྐྱེ་མཆེད་དྲུག་གི་ཁྱད་པར་དུ་ཡང་མ་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཀྱི་དབྱིངས་གཅིག་ཉིད་ལ་ཁྱད་པར་མེད་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་རང་བཞིན་གྱི་རིགས་སུ་འགྱུར་བ་དང༌། སེམས་ཅན་གཞན་རྣམས་ལ་མི་འགྱུར་བའི་ཁྱད་པར་ནི་དེ་ཡིན་ནོ། །ཁྱད་པར་འདི་ཉིད་ཀྱིས་རང་བཞིན་གྱི་རིགས་ཆད་པ་ཡོད་པར་གསུངས་པའི་དོན་ཡང་རྟོགས་པར་བྱའོ། །དེས་ན་ཐེག་པ་ཆེན་པོའི་རིགས་དང༌། བྱང་ཆུབ་སེམས་དཔའི་རིགས་དང་སངས་རྒྱས་ཀྱི་རིགས་ཞེས་པ་འདིར་རྣམས་གྲངས་ཡིན་ལ་འདི་ཉིད་རིགས་མཆོག་གང་ཡིན་པ་དེ་ཡིན་ཞིང་འདི་ལ་གནས་པ་ལ་མངོན་འགྱུར་བའི་ཆོས་ཐེག་ཆེན་ལ་མོས་པ་དང༌། ཤེས་རབ་དང༌། བསམ་གཏན་དང༌། སྙིང་རྗེ་བཞི་ཚང་དགོས་དེ། ཇི་སྐད་དུ། རྒྱུད་བླ་མར་ཐེག་ཆེན་ལ་མོས་ས་བོན་ཤེས་རབ་ནི། ། སངས་རྒྱས་ཆོས་སྐྱེད་མ་དང་བསམ་གཏན་གྱི། །བདེ་བའི་མངལ་གནས་སྙིང་རྗེའི་མ་མ་ཅན། ། གང་ཡིན་དེ་དག་ཐུབ་པའི་རྗེས་སྐྱེས་ལས། །ཞེས་ཏེ་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་གང་ཟག་ནི་དེ་ལྟ་བུ་ཡིན་ནོ། །ཞེས་པའི་དོན་ཏོ། །གང་གི་ཕྱིར་རིགས་མཆོག་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའི་སྒྲུབ་པའི་རྟེན་ཡིན་པ། དེའི་ཕྱིར་འདིར་ཡང་རྟོགས་པའི་ཆོས་དྲུག་ལ་སོགས་པ་འཇུག་པའི་རྟེན་ནི་ཐེག་ཆེན་གྱི་རིགས་ཡིན་ནོ། །རྟོགས་པའི་ཆོས་དྲུག་ནི། སེམས་བསྐྱེད་དང༌། གདམས་ངག་དང༌། ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཡིན་པར་འོས་སོ། །གཞན་དག་ནི། སྔ་མ་གཉིས་ཀྱི་ཚབ་ཏུ་མཐོང་བསྒོམ་གཉིས་འཆད་དོ། །རིགས་དང་མི་ལྡན་ན་བྱང་ཆུབ་ཀྱི་སེམས་མི་སྐྱེ་བས་དེའི་སྔོན་དུ་རིགས་ལ་གནས་དགོས་དེ་དབུས་མཐའ་རྩ་འགྲེལ་དུ། བྱང་ཆུབ་ཀྱི་སེམས་སྐྱེ་བའི་སྒྲིབ་པ་གསུམ་གསུངས་པ་འདི་ལྟ་སྟེ། རིགས་དང་བཤེས་གཉེན་མི་ལྡན་དང༌། །སེམས་ནི་ཡོངས་སུ་སྐྱོ་བ་དང༌། །ཞེས་དང༌། ཡང་དག་པར་འཛིན་པ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྟེ། དེའི་སྒྲིབ་གསུམ་ནི། རིགས་དང་མི་ལྡན་པ་དང་དགེ་བའི་བཤེས་གཉེན་དང་མི་ལྡན་པ་དང༌། སེམས་ཡོངས་སུ་སྐྱོ་བའོ། །ཞེས་གསུངས་སོ། །དེས་ན་རིགས་དང་མི་ལྡན་པར་བྱང་ཆུབ་ཀྱི་སེམས་བསྐྱེད་ཅེས་སྨྲ་བ་ལ་ལུང་རིགས་ཀྱིས་གནོད་དོ། །གཉེན་པོ་ནི་བར་ཆད་མེད་པའི་ལམ་མོ། །དེས་སྤང་བྱ་སྤོང་བཞིན་པ་ནི་སྤོང་བ་དང་ཞེས་སོ། །དེ་དག་ཡོངས་སུ་གདུགས་པ་ནི། རྣམ་པར་གྲོལ་བའི་ལམ་མོ། །དེ་རྣམས་འཇུག་པའི་རྟེན་ནི་རིགས་ཡིན་ནོ། །བྱང་སེམས་ཀྱི་ཤེས་རབ་སྙིང་བརྩེར་བཅས་པ་འཇུག་པའི་རྟེན་དང༌། སློབ་མ་ཉན་རང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉིད་འཇུག་པའི་རྟེན་དང༌། བྱང་སེམས་ཀྱི་གཞན་གྱི་དོན་གྱི་གོ་རིམ་འཇུག་པའི་རྟེན་དང༌། ས་བརྒྱད་པ་ལ་སོགས་པ་གསུམ་གྱི་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ལ་རིགས་ཞེས་བྱའོ། །འདི་རྣམས་ཀྱི་འཚམས་དང་པོ་དྲུག་སྦྱོར་མཐོང་བསྒོམ་ལམ་ན་ཡོད་འོག་ཏུ་གསུམ་དང་ཡང་གསུམ་དག་ས་གསུམ་ལ་རིམ་པ་བཞིན་ཡོད་ཐ་མས་བཅུ་པའི་ཁྱད་པར་ལམ་ལ་ཡོད་པར་བུདྷ་ཤྲིས་བཤད། དྲི་བཅས་དྲི་མེད་དུ་འགྱུར་བཞིན་པའི་དེ་བཞིན་པའི་དེ་བཞིན་ཉིད་དེ་བྱང་ཆུབ་སེམས་དཔའ་ཡིན་པར་གསུངས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཉིད་སེམས་བསྐྱེད་ལ་སོགས་བསྒྲུབ་བ་ཐམས་ཅད་ཀྱི་རྟེན་ཡིན་ལ། དེ་ཉིད་ཆགས་པ་གཅོད་བྱེད་དང༌། ཆགས་པ་ཟད་པར་འདོད་པ་དང༌། བླ་མེད་བྱང་ཆུབ་རིག་པ་ཡིན་ཏེ། སྡུད་པ་ལས། ཅི་ཕྱིར་འདི་ནི་བྱང་ཆུབ་སེམས་དཔའ་བྱ་ཞེ་ན། །ཆགས་པ་གཅོད་བྱེད་ཀུན་ལ་ཆགས་པ་ཟད་པར་འདོད། །རྒྱལ་བ་རྣམས་ཀྱི་བྱང་ཆུབ་ཆགས་མེད་གྱུར་ལ་རེག། དེས་ན་འདི་ནི་བྱང་ཆུབ་སེམས་དཔའི་མིང་ཐོབ་པོ། །ཞེས་པ་ནི་ཡུམ་རྒྱས་པ་ལ་སོགས་པའི་སྐབས་འདིའི་མདོ་ཐམས་ཅད་ཀྱི་དོན་བསྡུས་པར་སྣང་ངོ༌། །གལ་ཏེ་སེམས་བསྐྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཆོས་ཀྱི་དབྱིངས་ཡིན་ན་ཐོག་མར་ཐར་པའི་ས་བོན་དང་དེ་ནས་རིམ་གྱིས་རྣམ་བྱང་གི་བག་ཆགས་ཐམས་ཅད་ཀུན་གཞི་རྣམ་པར་ཤེས་པ་ལ་འཇོག་ཅིང་དེ་ལ་རྟེན་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྣང་བ་དང་མུན་པའི་རྟེན་གཅིག་ཏུ་མི་རུང་བ་བཞིན་དུ་སྤང་བྱ་དང༌། གཉེན་པོའི་ཆོས་དག་འཇུག་པའི་རྟེན་ཀུན་གཞི་གཉིས་ཡོད་པའི་ཕྱིར་རོ། །