ཕར་ཕྱིན་མདོ་ལུགས་མ།

། ཉན་རང་རྣམས་ནི་རང་གཅིག་པུ་གྲོལ་བ་དང༌། ཞི་བ་དང༌། མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་འཁོར་འདས་ལ་བླང་དོར་གྱི་མཚན་མར་བཟུང་ནས་ཤིན་ཏུ་ཡིད་འབྱུང་བའི་བློས་བར་མ་དོར་འདུ་བྱེད་ཐམས་ཅད་ཉེ་བར་ཞི་བ་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་ཅིང་འཁོར་པའི་མཚམས་བཅད་པ་ཡིན་པར་གསུངས་ཤིང༌། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་གྲོལ་བ་དང༌། མྱ་ངན་ལས་འདས་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་མཐུས་ཐམས་ཅད་མཉམ་པ་ཉིད་དུ་གོམས་ཤིང་འདྲིས་པར་བྱེད་པ་དང༌། ཇི་སྲིད་དུ་བླ་མེད་བྱང་ཆུབ་ཀྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་ཤིང་སྨིན་པར་མ་གྱུར་པ་དེ་སྲིད་དུ་བར་མ་དོར་ཡང་དག་པའི་མཐའི་དེ་བཞིན་ཉིད་མངོན་སུམ་དུ་མི་བྱེད་དོ། །དེ་ལྟར་བྱས་ནས་ས་འོག་མ་གཉིས་པོ་གང་རུང་གི་འབྲས་བུ་མངོན་དུ་གནས་བྱས་པར་འགྱུར་བའི་ཕྱིར་དེ་ལྟར་མི་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་འདྲིས་པ་ཤེས་པའི་ཡེ་ཤེས་ཀྱིས་དུས་དང་དུས་མ་ཡིན་པ་ཤེས་པ་ལ་མཁས་པའི་ཕྱིར་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་ལ་གནས་ཤིང་བསྒོམ་པར་བྱེད་ཀྱང༌། ཆོགས་གཉིས་ཡོངས་སུ་རྫོགས་ཤིང་མ་སྨིན་པ་དེ་སྲིད་དུ་སྟོང་པ་ཉིད་དམ་པ་དེ་ལ་གནས་ཀྱང་དེ་མངོན་སུམ་དུ་མི་བྱེད་དོ། ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བ་ཡང་ནམ་མཁའ་དེ་ཉིད་ལ་བརྟེན་ནས་མི་སྟོང་ཅིང་ས་ལ་ཡང་མི་ལྷུང་བ་བཞིན་ནོ། ། དེ་ལྟར་མཁྱེན་པ་གསུམ་གྱི་ངོ་བོ་དང༌། དབྱེ་བ་བསྟན་ནས། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་པུ་འདིས་ནི་ངོ་བོ་ཐ་དད་པའི་མཁྱེན་གསུམ་སོ་སོ་དང༌། ངོ་བོ་གཅིག་པའི་ཡུམ་གཞི་ཤེར་ཕྱིན་ཉིད་ཀྱི་བྱེད་ལས་རྣམས་གཙོ་བོར་སྟོན་པ་སྟེ་རིམ་པ་ལྟར། ཉན་ཐོས་ཞེས་པ་ནི་བྱང་སེམས་ཀྱི་སྡེ་སྣོད་ལས། ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ། ཞེས་པའི་ཚུལ་གྱིས་ཉན་ཐོས་དེ་སྲིད་པ་ཐ་མའི་ཚེ་འང་གཞན་གྱི་སྒྲ་ཕྱིར་འབྲང་བའི་ཕྱིར་ཐོས་སྒྲོགས་དེ་ཉན་ཐོས་སོ། །ཐེག་པ་དམན་པ་ཉིད་དུ་མཚུངས་པའི་རང་སངས་རྒྱས་རྣམས་ཀྱང་དེའི་ཕྱོགས་སུ་བསྡུའོ། །རང་སངས་རྒྱས་ཞེས་པ་ནི། སྲིད་པ་ཐ་མའི་ཚེ་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་བསྒོམས་པས་ཉོན་མོངས་པ་ཐམས་ཅད་སྦངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཉན་རང་དེ་རྣམས་ཞི་བ་མྱང་འདས་ཚོལ་བས་ན་ཞི་བ་ཚོལ་རྣམས་སོ། །མྱ་ངན་འདས་ཀྱང་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པ་གཉིས་ལས། ཉན་རང་དེ་དག་གི་ལུགས་ནི་ཚེ་ཕྱི་མའི་ཕུང་པོ་སྐྱེད་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་ཕུང་པོ་མ་སྤངས་པ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། ཟད་དུ་ཉེ་བའི་དངོས་པོ་ལ་ལྷག་མ་ཞེས་པ་བཞིན་ནོ། །དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་འབྲས་བུ་སྡུག་བསྔལ་སྤངས་པའི་ཕྱིར་ཕུང་པོ་ལྔ་ཟད་པ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། ། དེ་སྐད་དུ་ཆེད་དུ། བརྗོད་པའི་ཚོམས་ལས། མ་འགགས་པའི་ལུས་ཀྱི་སུ། །ཚོར་བ་དང་དུ་ལེན་པ་དང༌། །དེ་ཡི་སེམས་ནི་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་དང༌། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་བྱེད་ཉེ་བར་ཞི་བ་དང༌། །འདུ་ཤེས་ཐམས་ཅད་བྲལ་གྱུར་ཅིང༌། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲས་འདི་ནི་སྡུག་བསྔལ་མཐའ། །ཞེས་སོ། །རྣམས་ཞེས་པ་ནི་མང་པོའི་ཚིག་སྟེ་དེ་ལས་དེ་དག་གི་དབྱེ་བ་འགྱུར་བ་འདི་ལྟ་སྟེ། ལྟ་བ་ཁས་ལེན་པའི་དང༌། སྤྲུལ་བའི་དང༌། རིགས་མ་ངེས་པའི་དང༌། ངེས་པའི་ཉན་ཐོས་སོ། །དང་པོ་ནི་སེམས་བསྐྱེད་དང་ལྡན་ལ་ཉན་ཐོས་དང་ལྟ་བ་མཐུན་པ་ཕྱི་རོལ་གྱི་གཟུང་འཛིན་བདེན་པར་འདོད་པའོ། །གཉིས་པ་ནི་གདུལ་བྱའི་དོན་དུ་སྤྲུལ་པ་གནས་བརྟན་རབ་འབྱོར་ལྟ་བུ་རྣམས་དེ། འདོགས་པའི་རྒྱུ་ནི་དམ་ཆོས་པད་དཀར་ལས། ཇི་སྐད་དུ། མགོན་པོ་དེ་རང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པའི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་དང༌། དགོས་པ་ནི་མདོ་ལས་ཇི་སྐད་དུ། ཐེག་པ་རླབས་པོ་ཆེས་ནི་སྐྲག་འགྱུར་ཞིང༌། ། འདི་ནི་སེམས་ཅན་དམན་ལ་མོས་རིག་ནས། །བྱང་ཆུབ་སེམས་དཔའ་དེ་དག་ཉན་ཐོས་འགྱུར། ། རང་རྒྱལ་བྱང་ཆུབ་པར་ཡང་རབ་ཏུ་སྟོན། །ཞེས་སོ། །དངོས་ལ་གནོད་བྱེད་ཀྱང་དེ་དག་ལས་གསལ་ལོ། །གསུམ་པ་ནི་མདོ་སྡེའི་རྒྱན་ལས་ཇི་སྐད་དུ། ཉན་ཐོས་མ་ངེས་རྣམ་གཉིས་དེ། །ཐེག་དོན་མཐོང་དང་མ་མཐོང་བའོ། དོན་མཐོང་འདོད་ཆགས་བྲལ་བ་དང༌། །འདོད་ཆགས་བྲལ་མིན་འདི་དམན་པའོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ། སྲིད་པ་དག་ཏུ་བསྒྱུར་བའི་ཕྱིར། །བསམ་གྱིས་མི་ཁྱབ་བསྒྱུར་བ་ཡི། །སྐྱེ་བ་དང་ནི་ཡང་དག་ལྡན། །གཅིག་ནི་སྨོན་ལམ་དབང་གིས་ནི། །སྐྱེ་བ་རབ་ཏུ་བསྒྲུབ་པར་བྱེད། །གཅིག་ཤོས་ཕྱིར་མི་འོང་བ་དང༌། །ལྡན་ཕྱིར་སྤྲུལ་པས་རབ་ཏུ་བསྒྲུབ། ། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པས་དབུལ་བ་ཡིན་པར་འདོད། །དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བརྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ད་ལྟ་ཉན་ཐོས་ཀྱི་ལམ་ལ་གནས་ཀྱང་ཕྱིས་ལམ་དེ་བོར་ནས་སངས་རྒྱས་སམ་རང་རྒྱལ་དུ་འགྱུར་རོ། །དེ་ལ་འཕགས་པ་དང་སོ་སྐྱེ་གཉིས་ཏེ། སོ་སྐྱེ་དྲོད་རྩེ་ལ་གནས་པ་སངས་རྒྱས་སུ་འགྱུར་བ་དང༌། བཟོད་པ་འབྲིང་ལ་གནས་པ་རང་རྒྱལ་དུ་འགྱུར་བ་གཉིས་སོ། །མཛོད་ལས་ཇི་སྐད་དུ། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་སོ། །འཕགས་པ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་བྲལ་བ་གཉིས་སོ། །དང་པོ་ནི་རྒྱུན་ཏུ་ཞུགས་དང་ལན་ཅིག་ཕྱིར་འོང་སྟེ་སྨོན་ལམ་གྱི་དབང་གིས་འདོད་པར་སྐྱེ་བ་འཛིན་ནོ། །གཉིས་པ་ཕྱིར་མི་འོང་ནི་འདོད་པར་སྐྱེ་བའི་རྒྱུ་འདོད་པའི་ཉོན་མོངས་པ་དགུ་པོ་སྤངས་ཀྱང༌། སྤྲུལ་པའི་སྟོབས་ཀྱིས་སྐྱེ་བ་འཛིན་ནོ། །དེ་གཉིས་འཕགས་པའི་ལམ་ཐོབ་པ་དེ་སྲིད་པའི་སྐྱེ་བ་དག་ཏུ་བསྒྱུར་བའི་ཕྱིར་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྐྱེ་བ་དང་ཡང་དག་པར་ལྡན་ནོ། །དེ་གཉིས་རང་སེམས་ཡང་དང་ཡང་དུ་འཁོར་བ་ལ་ཡིད་ཀུན་ཏུ་འབྱུང་བ་དང་ལྡན་པ་ལ་གོམས་པ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བའི་བསམ་པ་ཡང་ཡང་སྐྱེ་བས་གེགས་བྱས་པའི་ཕྱིར། རྟོགས་པ་དབུལ་བ་ཡིན་པར་བསྟན་ཏོ། །བདེན་པ་མཐོང་བ་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ལམ་གྱི་དོན་མ་བྱས་པ་ནི་སངས་རྒྱས་མེད་པའི་ཞིང་དུ་སྐྱེས་ནས་སྤྲུལ་པ་དོན་དུ་གཉེར་བས་བསམ་གཏན་ལ་བརྩོན་ཞིང་སྤྲུལ་པ་དེ་བརྟེན་ནས་རང་རྒྱལ་ལམ་སངས་རྒྱས་སུ་འགྱུར་རོ། །དཔལ་འཕྲེང་གི་མདོར། ཇི་སྐད་དུ། ཉན་ཐོས་སུ་གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །ཕྱིས་ནི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་གསུངས་སོ། །རིགས་ངེས་པའི་ཉན་ཐོས་ནི། རང་གི་ལམ་འབའ་ཞིག་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པའོ། །དེ་ལྟར་ཉན་ཐོས་ཀྱི་དབྱེ་བ་རྣམ་པ་བཞིའོ། །རང་སངས་རྒྱས་ལ་ཡང་བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པ་ལ་སོགས་པའི་དབྱེ་བའོ། །ཐེག་པ་བླ་ན་མེད་པ་ལྟར་ན་གནས་སྐབས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཞིང་ཐམས་ཅད་ཀྱང་མཐར་ཐུག་ཐེག་པ་གཅིག་གི་འབྲས་བུར་གནས་པར་བཞེད་པ་ནི་ངེས་པའོ། །ཀུན་ཤེས་ཉིད་ཅེས་པ་ནི་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ། ། ཞེས་པ་གསུམ་དང་བདེན་པ་བཞིའི་སྒོ་ནས་ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཤེས་པ་ནི་ཉན་རང་གི་ཡེ་ཤེས་ཏེ། ཀུན་ཤེས་དེ་ཉིད་ཀྱིས་འདུ་བྱེད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པར་ཁྲིད་པར་མཛད་པ་གང་ཡིན་པའོ། །དང་ཞེས་པ་ནི་སྡུད་པའི་ཏོན་ཏོ། །འགྲོ་ལ་ཕན་པར་བྱེད་ཅེས་པ་ནི། བྱང་ཆུབ་སེམས་དཔའོ། །ཇི་སྐད་དུ། གཞུང་འགྲེལ་གནོད་འཇོམས་ལས། བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །གང་གི་ཕྱིར། ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། སེམས་ཅན་ལ་དམིགས་ནས་སྐྱེས་པའི་སེམས་དང་པོ་ནི་བྱང་ཆུབ་དང་སེམས་ཅན་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དེ་གང་ལ་ཡོད་པ་དེ་ལ་ཡང་ཆུབ་སེམས་དཔའ་ཞེས་བྱའོ། །ཨེ་མའོ། །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ། །སྙམ་དུ་བསམ་སྟེ། བྱང་ཆུབ་དང་སེམས་ཅན་ལ་དམིགས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་གནས་ཏེ། ཤེས་རབ་དང་སྙིང་རྗེ་དེ་གཉིས་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། ། རབ་ཏུ་དགའ་བ་ལ་སོགས་པ་སེམས་བསྐྱེད་པ་བཅུ་ལ་ནི། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། རིགས་ཀྱི་སྐབས་སུ་འཆད་པར་འགྱུར་ཞིང༌། བྱང་ཆུབ་སེམས་དཔའ་ཆེན་པོའི་རྒྱུ་མཚན་ནི། ཆེད་དུ་བྱ་བའི་སྐབས་ཀྱིས་འཆད་པར་འགྱུར་རོ། །རྣམས་ཞེས་པས་དེ་དག་གི་དབྱེ་བ་མང་པོ་སྟོན་ཏོ། །མདོ་སྡེའི་རྒྱན་ལས་ཇི་སྐད་དུ། གཅིག་ནི་མོས་དང་ལྡན་པ་དང༌། ལྷག་པའི་བསམ་པ་དག་པ་གཞན། མཚན་མ་དང་ནི་མཚན་མེད་དང༌། མངོན་པར་འདུ་བྱེད་མེད་སྤྱོད་པ། ལྔ་པོ་འདི་དག་ས་ཀུན་ལ། བྱང་ཆུབ་སེམས་དཔའ་ཡིན་ཞེས་བྱ། ཞེས་སོ། །གནོད་འཇོམས་ལས། ཇི་སྐད་དུ། གླེང་གཞིའི་སྐབས་སུ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང༌། རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དང༌། མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང༌། སྤྱོད་པ་ངེས་པ་ལ་ཞུགས་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དེ་དེ་དག་ནི་འདིར་གཏོགས་སོ། །ས་དང་པོ་ལ་གནས་པ་རྣམས་ནི་ལྷག་པའི་བསམ་པ་དག་པའོ། །