ཕར་ཕྱིན་མདོ་ལུགས་མ།

གཉིས་པ་རྒྱས་པར་བཤད་པ་ལ་དང་པོ་རིགས་ཐ་དད་པ་ཡོད་པའི་རྒྱུ་མཚན་བཞི་ནི་པ་རུ་རའི་མདོར་བཤད་པ་ལྟ་བུ་སྦྱིར་སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པས། ཁམས་ཀྱི་དབྱེ་བ་ཐ་དད་པ་དམིགས་པའི་ཕྱིར་དང༌། ཐེག་པ་སོ་སོ་ལ་མོས་པ་ཐ་དད་པ་དམིགས་པའི་ཕྱིར་དང༌། མོས་སུ་ཟིན་ཀྱང་ངེས་པར་བསྒྲུབས་པ་དང༌། མ་ངེས་པར་བསྒྲུབ་པ་ཐ་དད་ཀྱི་དབྱེ་བ་དམིགས་པའི་ཕྱིར་དང༌། འབྲས་བུ་བྱང་ཆུབ་དམན་དང་མཆོག་ཀྱང་དམིགས་པའི་ཕྱིར་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །ཇི་སྐད་དུ། ཁམས་རྣམས་དང་ནི་མོས་པ་དང༌།བསྒྲུབ་པ་ཐ་དད་དབྱེ་བ་དང༌། འབྲས་བུ་ཐ་དད་དམིགས་པའི་ཕྱིར། རིགས་ཡོད་ཉིད་དུ་ངེས་པར་བརྗོད། ཅེས་སོ། ། ༢ རིགས་མཆོག་བཤད་པ། གཉིས་པ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པ་དེའི་ནང་ནས། བྱང་ཆུབ་སེམས་དཔའ་རིགས་མཆོག་ཉིད་དུ་བྱེད་པའི་རྒྱུ་མཚན་བཞི་ནི། རིགས་དེ་ཉན་ཐོས་རྣམས་ལས་དགེ་བའི་རྩ་བའི་ཁྱད་པར་དུ་འཕགས་པའི་ཕྱིར་དང༌། ཉན་རང་ལ་མེད་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོད་པས་ཐམས་ཅད་ཡོད་པའི་ཕྱིར་དང༌། ཉན་རང་ལ་མེད་པའི་གཞན་གྱི་དོན་ཆེན་པོ་ཡོད་པའི་ཕྱིར་དང༌། ཉན་རང་གི་ལྟར་ཡོན་ཏན་དེ་དག་མ་ཡིན་པས་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའི་རྒྱུ་མཚན་བཞི་པོ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་རིགས་དེ་མཆོག་ཉིད་དུ་བསྟན་པ་ཡིན་ནོ། །ཇི་སྐད་དུ། དེ་དག་ཁྱད་པར་འཕགས་པ་དང༌། །ཐམས་ཅད་དང་ནི་དོན་ཆེན་དང༌། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོ། ། ༣ རིགས་ཀྱི་མཚན་ཉིད་བཤད་པ། གསུམ་པ་བྱང་ཆུབ་སེམས་དཔའི་རིགས་དེའི་ངོ་བོའམ། མཚན་ཉིད་བཞི་ནི། རང་བཞིན་དུ་གནས་པ་དང༌། ཡང་དག་པར་སྒྲུབ་པ་དང༌། གཉིས་པོ་དེ་ནི་རིམ་པ་ལྟར་རྟེན་གྱི་ངོ་བོ་ཉིད་དང༌། རྟེན་པའི་ངོ་བོ་ཉིད་དང་བཞིའོ། །དེ་ནི་རྒྱུའི་དངོས་པོ་ཡོད་དོ། །འབྲས་བུའི་དངོས་པོ་མེད་དོ། ། རིགས་འདིས་ཡོན་ཏན་སྒྲོལ་ཞིང་འབྱུང་བའི་ཕྱིར་རོ། །དེ་ལ་སེམས་ཅན་ཀུན་ལ་ཡོད་པའི་རང་བཞིན་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མེད་པ་རྒྱས་པའི་རིགས་གཉིས་སུ་ས་པཎ་སོགས་ཀྱང་བཞེད་པ་ནི། ཇི་སྐད་དུ། རང་བཞིན་དང་ནི་རྒྱས་པ་དང༌། །དེ་ཡི་རྟེན་དང་རྟེན་པ་དང༌། །ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་སོ། །དེ་ཡང་སྒྲ་དོན་ནི། ཡོན་ཏན་ལ་བརྟེན་འཁོར་བའི་ཕུལ་དུ་སྒྲོལ་པའི་ཕྱིར་རིགས་སོ། །ཞེས་སོ། ། ༤ རིགས་ཀྱི་རྟགས་བཤད་པ། བཞི་པ་བྱང་ཆུབ་སེམས་དཔའི་རིགས་དེའི་རྟགས་བཞི་ནི། སྦྱོར་བའི་སྔོན་དུ་སེམས་ཅན་ལ་སྙིང་རྗེ་དང༌། ཐེག་ཆེན་གྱི་ཆོས་ལ་མོས་པ་དང༌། དཀའ་སྤྱད་ལ་བཟོད་པ་དང༌། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དགེ་བ་ཡང་དག་པར་སྦྱོད་པའོ། །ཇི་སྐད་དུ༌། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་སོ།། ༥ རིགས་ཀྱི་དབྱེ་བ་བཤད་པ། ལྔ་པ་བྱང་ཆུབ་སེམས་དཔའི་རིགས་ཀྱི་དབྱེ་བ་བཞི་ནི། ངེས་པ་དང༌། མ་ངེས་པ་དང༌། དེ་དག་རིམ་པ་ལྟར་རྐྱེན་གྱིས་མི་འཕྲོགས་པ་དང༌། འཕྲོགས་པ་དེ་བཞིའོ། །ཇི་སྐད་དུ། རིགས་ནི་ངེས་དང་མ་ངེས་དང༌། །རྐྱེན་རྣམས་ཀྱིས་ནི་མི་འཕྲོག་དང༌། །འཕྲོག་པ་ཉིད་དེ་མདོར་ན་རིགས། །དབྱེ་བ་འདི་ནི་རྣམ་པ་བཞི། །ཞེས་སོ། ། ༦ རིགས་ཀྱི་ཉེས་དམིགས་བཤད་པ། དྲུག་པ་བྱང་ཆུབ་སེམས་དཔའི་རིགས་ཀྱི་ཉེས་དམིགས་རིགས་ལ་གནས་ཀྱང་ཡོན་ཏན་ལ་མི་འཇུག་པ་བཞི་ནི། ཉོན་མོངས་པ་མང་བ་དང༌། མི་དགེ་བའི་གྲོགས་པོ་དང༌། ཡོ་བྱད་ཀྱིས་ཕོངས་པ་དང༌། གཞན་གྱི་དབང་དུ་གྱུར་པ་དང་བཞིའོ། །ཇི་སྐད་དུ༌། ཉོན་མོངས་གོམས་དང་གྲོགས་ངན་དང༌།། ཕུངས་དང་གཞན་གྱི་དབང་ཉིད་དེ། །མདོར་ན་རིགས་ཀྱི་ཉེས་དམིགས་ནི། །རྣམ་པ་བཞི་རུ་ཤེས་པར་བྱ་ཞེས་སོ། ། ༧ རིགས་ཀྱི་ཕན་ཡོན་བསྟན་པ། བདུན་པ་བྱང་ཆུབ་སེམས་དཔའི་རིགས་ཀྱི་ཕན་ཡོན་བཞི་ནི། རིང་མོ་ཞིག་ན་ངན་སོང་དུ་འགྲོ་བ་དང༌། དེ་ནས་མྱུར་དུ་ཐར་པ་དང༌། དེ་དག་ཏུ་སྐྱེས་ན་འང་སྡུག་བསྔལ་ཆུང་ངུ་མྱོང་བ་དང༌། སེམས་བསྐྱོ་བ་དང་བཅས་ཤིང་དེར་སྐྱེས་པའི་སེམས་ཅན་རྣམས་སྙིང་རྗེས་སྨོན་པར་བྱེད་པ་དང་བཞིའོ། །ཇི་སྐད་དུ། རིང་མོ་ཞིག་ན་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང། །དེ་ན་འང་སྡུག་བསྔལ་ཆུང་དུ་མྱོང། །སྐྱོ་བཅས་སེམས་ཅན་སྨིན་པར་བྱེད། །ཅེས་སོ། ། ༨ རིགས་ཀྱི་དཔེ་བཤད་པ། བརྒྱད་པ་དཔེ་གཉིས་ལས་དང་པོ་གསེར་གྱི་རིགས་ཆེན་པོ་ནི། མང་པོ་དང་འོད་གསལ་བ་དང། དྲི་མ་མེད་པ་དང། ལས་སུ་རུང་སྟེ། གསེར་རྣམ་པ་བཞིའི་གནས་ཡིན་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་རིགས་ཀྱང༌། དགེ་བའི་རྩ་བ་དཔག་ཏུ་མེད་པའི་གནས་དང༌། ཡེ་ཤེས་ཀྱི་གནས་དང༌། ཉོན་མོངས་ཀྱི་དྲི་མ་མེད་པའི་གནས་དང༌། མངོན་ཤེས་སོགས་མཐུ་རྣམས་ཀྱི་ཡང་གནས་སུ་ཤེས་པར་བྱའོ། །ཇི་སྐད་དུ། གསེར་གྱི་རིགས་བཞིན་ཤེས་པར་བྱ། །དགེ་བ་དཔག་ཏུ་མེད་པའི་གནས་དང༌། ཡེ་ཤེས་དང་ནི་དྲི་མེད་ལྡན། །མཐུ་རྣམས་ཀྱི་ཡང་གནས་ཡིན་ནོ། །ཞེས་སོ། །དཔེ་གཉིས་པ་རིན་པོ་ཆེ་མཆོག་གི་རིགས་ཆེན་པོ་ནི། རིགས་དང་ལྡན་པ་དང༌། ཁ་དོག་ཕུན་སུམ་ཚོགས་པ་དང་དབྱིབས་ཕུན་སུམ་ཚོགས་པ་དང༌། ཚད་ཕུན་སུམ་ཚོགས་པ་སྟེ་རིན་པོ་ཆེ་བཞིའི་གནས་ཡིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་ཀྱང༌། བྱང་ཆུབ་ཆེན་པོའི་རྒྱུ་དང༌། ཡེ་ཤེས་ཆེན་པོའི་རྒྱུ་དང༌། འཕགས་པའི་ཏིང་ངེ་འཛིན་གྱི་རྒྱུ་དང༌། སེམས་ཅན་མང་པོ་སྨིན་པར་བྱེད་པའི་རྒྱུ་མཚན་དེ་བཞི་པོ་དེའི་ཕྱིར་རོ། །ཇི་སྐད་དུ། རིན་ཆེན་མཆོག་རིགས་བཞིན་ཤེས་བྱ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཕྱིར། །ཡེ་ཤེས་ཆེ་དང་འཕགས་ཏིང་འཛིན། །སེམས་ཅན་མང་པོའི་དོན་གནས་ཕྱིར། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའི་རིགས་མེད་པ་ལ་གནས་པ་ནི། ཇི་སྐད་དུ། ལ་ལ་གཅིག་ཏུ་ཉེས་པར་སྦྱོད་ངེས་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཀུན་ཏུ་བཅོམ། །ལ་ལ་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་པ་འདི་ལ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་སྟོན་ཅིང༌། དེ་ཡང་གཉིས་དེ། དེའི་དུས་དང༌། གཏན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། ། དང་པོ་ཡང་རྣམ་པ་བཞི་སྟེ། གཅིག་ཏུ་ཉེས་པར་སྦྱོད་པ་དང༌། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང༌། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མེད་པ་དང༌། དགེ་བའི་རྩ་བ་དམན་པ་ཡོད་པ་མ་རྫོགས་པ་སྟེ། བཞི་ནི་དེའི་དུས་གསུམ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ནོ། །གཉིས་པ་ནི་རྒྱུ་དང་བྲལ་བ་སྟེ་གང་ལ་མྱ་ངན་ལས་འདའ་བའི་རིགས་ཉིད་མེད་པའོ། །དེ་ཡང་ཡུན་རིང་པོར་མྱང་འདས་མི་ཐོབ་པ་ལ་དགོངས་སོ། །རིགས་ཆད་པ་འདི་རྣམས་སེམས་ཙམ་པའི་ཁྱད་པར་ཆོས་དང་དབུ་མ་པའི་གཞུང་ལ་མེད་པར་འདོད་པ་ནི་དེ་ལྟར་མི་བདེན་ནོ། །བྱང་ཆུབ་སེམས་དཔའི་རིགས་རང་བཞིན་དང་རྒྱས་པ་ལ་གནས་པའི་ཆེ་བ་ཇི་ལྟ་བུ་ཞེ་ན། ཟབ་ཅིང་རྒྱ་ཆེར་བཤད་པ་གཞན་ལ་ཕན་ཕྱིར་བསྟན་པའི་ཆོས་ཆེན་ལ། མི་ཤེས་བཞིན་དུ་མོས་པ་ཤིན་ཏུ་རྒྱ་ཆེན་འབྱུང་ཞིང་བསྒྲུབ་ལ་བཟོད། དེ་དག་ཐ་མར་རྣམ་པ་གཉིས་མཆོག་ཕུན་སུམ་ཚོགས་འགྱུར་གང་ཡིན་ཏེ། བྱང་ཆུབ་སེམས་དཔའ་རང་བཞིན་ཡོན་ཏན་ལྡན་དེ་རྒྱས་པའི་རིགས་ལས་ཤེས། ཞེས་པ་འདི་ལ་ཆོས་ནི་ཐེག་པ་ཆེན་པོའི་ཆོས་ཆེན་པོ། །རྣམ་པ་གཉིས་ནི་འཇིག་རྟེན་པ་དང། ཉན་ཐོས་སོ། །དེ་གཉིས་ཀྱི་མཆོག་བྱང་ཆུབ་ཆེན་པོ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་གང་ཡིན་པ་དེ། བྱང་ཆུབ་སེམས་དཔའི་རིགས་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་དང༌། རྒྱས་པའི་ཆེན་པོ་ཡིན་པར་དག་པའོ། །འབྲས་བུའི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་རིགས་ཁྱད་པར་དུ་གྱུར་པ་འདི་ལྟ་སྟེ། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་སྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཞི་བ་ཆེན་པོ་ཐོབ་བྱའི་ཕྱིར། ། བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་པ་འདིས་ཐེག་པ་གསུམ་གྱི་རིགས་ཐ་དད་པའི་ནང་ནས་མཆོག་བྱང་ཆུབ་སེམས་དཔའི་རིགས་ནི་བྱང་ཆུབ་ཀྱི་ཤིང་རང་གཞན་ལ་ཕན་པ་དང་བདེ་བ་བྱེད་པའི་རྒྱུ་རྩ་བ་བཟང་པོ་ཉིད་ཡིན་པར་བསྟན་ཏོ། །དེ་ལྟར་མདོ་སྡེའི་རྒྱན་ལས། ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པ་དང༌། གསུམ་པོ་དེའི་ནང་ནས་བྱང་ཆུབ་སེམས་དཔའི་རིགས་ནི་བྱང་ཆུབ་མཆོག་ཉིད་དང༌། མཆོག་དེའི་ངོ་བོ་དང༌། མཆོག་འདིའི་རྟགས་དང༌། མཆོག་དེའི་དབྱེ་བ་དང༌། མཆོག་དེའི་ཉེས་དམིགས་དང༌། མཆོག་དེའི་ཕན་ཡོན་དང༌། མཆོག་དེ་དཔེ་གཉིས་ཀྱིས་བསྟན་པ་དང༌། མཆོག་དེ་ཆད་པ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་དང༌། མཆོག་དེའི་ཆེ་བ་དང༌། འབྲས་བུའི་སྒོ་ནས་ཀྱང་དེ་མཆོག་ཉིད་དུ་བསྟན་པ་རྣམས་ཀྱིས་རིགས་ཀྱི་སྐབས་རྫོགས་པར་གསུངས་པ་ཡིན་ནོ། །