ད་ནི་དྲུག་པ་ཡོངས་འཛིན་རྒྱས་པར་བཤད་པ་ནི། འདིར་ཉན་རང་གི་ཡོངས་འཛིན་ལས་ཁྱད་པར་དུ་འཕགས་པ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་སངས་རྒྱས་གཅིག་ཉིད་ཀྱང་ཉན་རང་དང་བྱང་ཆུབ་སེམས་དཔས་ཐམས་ཅད་ཀྱི་དགེ་བའི་བཤེས་གཉེན་དུ་འགྱུར་ཏེ། སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་ཞིང༌། འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་གསུངས་པའི་ཕྱིར། དགེ་བའི་བཤེས་གཉེན་གཅིག་ཉིད་བཟང་ངན་གཉིས་ཇི་ལྟར་དབྱེ། གཞན་ཡང་རྩེ་སྦྱོར་གྱི་སྐབས་སུ་མདོ་ཉིད་ལས། ཉན་ཐོས་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དུ་གསུངས་པ་དང་འགལ་བའི་ཕྱིར་རོ། །དེས་ན་ཐབས་ལ་མཁས་ཉིད་ཡོངས་འཛིན་ཡིན་ནོ། །འདི་ཉིད་ནི་རྣམ་པ་བཞི་སྟེ། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཐབས་ལ་མཁས་པ་དེ་ཡང་རྣམ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང༌། ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང༌། སྡིག་པའི་གྲོགས་པོ་སྤོང་པའི་ཐབས་ལ་མཁས་པའོ། །ཞེས་གསུངས་སོ། །འབུམ་ཊིཀ་ལས་ཀྱང་དེ་བཞིན་ནོ། །ཐབས་ལ་མཁས་པ་སྔ་མ་གཉིས་ནི་ལྷག་མཐོང་ཡིན་ལ། ཕྱི་མ་གཉིས་ནི་དགེ་བའི་བཤེས་གཉེན་དང་ལྡན་པ་སྟེ། དེས་ཟིན་པ་ཡིན་ཞིང༌། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པའི་ཡུམ་ཐོས་ནས་སྐྲག་པར་མི་འགྱུར་བ་ནི་བཞི་པོ་དེའི་ཕན་ཡོན་ཡིན་ནོ། ། ཐབས་ལ་མི་མཁས་པ་ནི་བཟློག་པའོ། །སྡུད་པ་ལས། དགེ་བའི་བཤེས་གཉེན་ལྡན་ཞིང་ལྷག་མཐོང་ལྡན་གྱུར་པ། །རྒྱལ་བ་རྣམས་ཀྱིས་ཡུམ་ཐོས་སྐྲག་པར་ཡོད་མི་འགྱུར། །གང་ཞིག་སྡིག་པའི་གྲོག་ལྡན་གཞན་གྱི་དྲིང་འཇོག་པ། །དེ་ནི་སྣོད་སོ་མ་བཏང་ཆུས་རེག་ཞིག་པ་བཞིན། །ཞེས་གསུངས་པའི་དོན་ཏོ། །ལྷག་མཐོང་ནི་མི་དམིགས་པའི་ཚུལ་གྱིས་སོ་སོར་རྟོག་པ་དང་ཆོས་སྟོན་པ་ལ་སོགས་པ་ཡིན་ནོ། །རྩེ་སྦྱོར་གྱི་སྐབས་ཀྱི་མདོ་ལས་ཀྱང་ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་གསུངས་པ་ཡང་དེ་དང་དེས་ཡོངས་སུ་ཟིན་པ་ཡིན་ལ། ཡོངས་སུ་ཟིན་པའི་ངོ་བོ་ནི་ཐབས་ལ་མཁས་པ་ཡིན་ནོ། །འདིར་ཡང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་པ་ཡིན་ཞིང༌། དེས་མི་འགོང་པ་ལ་སོགས་པར་འགྱུར་ལ། དེ་ཉིད་ཉན་རང་ལས་ཁྱད་པར་གྱི་ཆོས་སུ་འགྱུར་གྱི། དགེ་བའི་བཤེས་གཉེན་གྱི་གང་ཟག་ཡོད་པ་ཙམ་ནི་ཐུན་མོང་པ་ཡིན་པའི་ཕྱིར། ཁྱད་པར་གྱི་ཆོས་སུ་མི་འགྱུར་ལ། དེ་ཙམ་གྱིས་མི་སྐྲག་པར་ཡང་མི་འགྱུར་རོ། །མདོ་ལས་ཡོངས་སུ་འཛིན་པ་པོའི་བཤེས་གཉེན་དང༌། འཛིན་བྱའི་བྱང་སེམས་དང༌། ཡོངས་སུ་འཛིན་པ་གསུམ་སོ་སོར་གསུངས་པ་འདི་ལྟ་སྟེ། བཅོམ་ལྡན་འདས་དགེ་བའི་བཤེས་གཉེན་གང་དག་གིས་ཡོངས་སུ་འཛིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་བའི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དག་གང་ལགས་ཞེས་དང༌། རབ་འབྱོར་དེ་དག་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དག་སྟེ། དེ་དག་གིས་ཡོངས་སུ་ཟིན་པ་ནི། བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་ཞིང་དངངས་བར་མི་འགྱུར་རོ། །ཞེས་པ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཙམ་གྱིས་མི་སྐྲག་པར་མ་གསུངས་ལ། དེ་ཡོངས་སུ་འཛིན་པ་ཉིད་མི་སྐྲག་པར་གསུངས་པས། ཡོངས་སུ་འཛིན་པའི་ངོ་བོ་ནི། ཐབས་ལས་མཁས་པ་ཡིན་ཞིང༌། དེས་མི་སྐྲག་པར་འགྱུར་ཏེ། མདོ་ལས། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པའི་ཐབས་ལ་མཁས་པ་སྟེ། ཐབས་དེ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་ཞིང་དངང་བར་མི་འགྱུར་རོ། །ཞེས་སོ། །དེས་ཡོངས་སུ་འཛིན་པ་ནི་འཛིན་པ་པོ་མ་ཡིན་ཞིང༌། ཡོངས་སུ་འཛིན་པ་ནི་གཟུང་བྱ་མ་ཡིན་ཏེ། འཛིན་པ་དང་ཟིན་པ་གཅིག་ཡིན་ལ་དེའི་ངོ་བོ་ཐབས་ལ་མཁས་པ་ཡིན་ཞིང་ཐབས་དེའི་ངོ་བོ་བཤེས་གཉེན་དམ་པས་བསྟན་པ་ལྟར་བྱེད་པའི་ཉམས་ལེན་ཡིན་ནོ། །དེས་ན་བཤེས་གཉེན་བཟང་ཡང༌། དེས་བསྟན་པ་ལྟར་བྱེད་པ་མ་ཡིན་ན་དེས་ཡོངས་སུ་ཟིན་པ་མ་ཡིན་ལ་ཟིན་པ་མ་ཡིན་ནོ། །བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་མ་ཡིན་ཞིང་ཐབས་ལ་མཁས་ན་སྐྲག་པ་དང་དངང་བ་དང་དངང་བར་འགྱུར་བའི་ཕྱིར་ཡོངས་སུ་འཛིན་པ་པོ་བཤེས་གཉེན་དང༌། ཡོངས་སུ་འཛིན་བྱའི་ངོ་བོ་བྱང་སེམས་དང་ཡོངས་སུ་འཛིན་པའི་བདག་ཉིད་ཐབས་ལ་མཁས་པ་གསུམ་ཐ་དད་དུ་ཕྱིར་དགོས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་འཛིན་ནི་འདི་ལྟ་སྟེ། སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། ཞེས་པ་ལ་སེམས་མི་འགོང་པ་སྟེ་སྐྲག་པ་ཉིད་དང་སོགས་པའི་སྒྲས་དངང་བ་དང་དངང་བར་འགྱུར་བ་ནི་རིམ་པ་ལྟར་སྐྲག་པ་ཆུང་དང་འབྲིང་དང་ཆེན་པོའི་ངོ་བོར་གནོད་འཇོམས་ལས་གསུངས་སོ། །ཐབས་ལ་མི་མཁས་པ་སྐྲག་པ་ལ་སོགས་པར་འགྱུར་བའི་རྒྱུ་ནི་སྐབས་འདིར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཤེར་ཕྱིན་ཟབ་མོའི་ཐེག་ཆེན་བསྟན་པ་འདི་ཐོས་པ་ཡིན་ནོ། །རྒྱུ་གཞན་ཡང་མེད་པ་ནི་མ་ཡིན་ཏེ། རིགས་མེད་པ་དང་གྲོགས་ངན་པ་དང༌། སྔོན་དགེ་བ་མ་བསགས་པ་དང༌། ཐེག་ཆེན་གྱི་ཆོས་ལ་བློ་གྲོས་མ་སྦྱངས་པ་སྟེ། བཞི་པོ་འདི་ཡང་ངོ༌། ཉེས་དམིགས་ཡང་ཆེ་སྟེ། སྐྲག་མི་དགོས་པ་འདི་ལ་སྐྲག་པ་ནི། སྡིག་པའི་ཕུང་པོ་ཆེན་པོ་བསགས་པའི་ཕྱིར་དུས་ཡུན་རིང་དུ་ངན་སོང་དུ་གདུང་བར་བྱེད་པར་འགྱུར་རོ། །ཇི་སྐད་དུ། འགྲོ་བ་དེ་གནས་མིན་ལ་སྐྲག་པ་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྷུང། ཞེས་གསུངས་སོ། ། ཉེས་དམིགས་གཞན་ཡང་བྱང་ཆུབ་ཆེན་པོའི་ཚོགས་ཀྱི་དོན་ཐོབ་པ་ལས་ལྷུང་བ་སྟེ། མི་འཐོབ་པའི་ཕྱིར་སྐྲག་པར་མི་རིགས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་ཤེར་ཕྱིན་བསྟན་པ་འདི་ཐོས་ན་སེམས་མི་འགོང་བ་ཉིད་ལ་སོགས་པའི་རྒྱུ་ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་དང༌། སོགས་པའི་སྒྲས་ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་དང༌། ཐེག་ཆེན་ཕྱིན་ཅི་མ་ལོག་པར་སྟོན་བྱེད་ཀྱི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་དང༌། བཤེས་གཉེན་དེའི་མི་མཐུན་ཕྱོགས། སྡིག་པའི་གྲོགས་པོ་བོར་བའི་ཐབས་ལ་མཁས་པ་སྟེ། དུས་དང་རྣམ་པ་ཀུན་ཏུ་ཡོངས་འཛིན་གྱི་ངོ་བོར་གྱུར་པ་ནི་དེ་ཡིན་ནོ། །དེས་ན་དགེ་བའི་བཤེས་གཉེན་གྱི་ངོ་བོ་ཡོངས་སུ་འཛིན་པ་པོ་ཐུན་མོང་པ་ཡིན་ཡང༌། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཡོངས་འཛིན་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཡིན་ནོ། །དེ་རྣམས་ཀྱིས་དྲུག་པ་ཡོངས་སུ་འཛིན་པ་རྒྱས་པར་བཤད་པ་སོང་ངོ༌། །དེ་ལྟར་ཆོས་དྲུག་མདོར་བསྟན་པ་དང༌། རྒྱས་པར་བཤད་པའི་ཚུལ་གྱིས་སྐབས་དང་པོའི་སྐབས་ཀྱི་ཆོས་བཅུ་ལས། གསུམ་པ་ངེས་འབྱེད་ཡན་ལག་རྣམས་བཞི་དང༌། ཞེས་པ་དེ་བཤད་ཟིན་ཏོ། །འབྲིང་དུ་བསྟན་པ་ལ་ཆོས་བརྒྱད་ལས་བརྩོན་པའི་དབྱེ་བ་གང་ཡིན་པ་དེ་བསྟན་ཟིན་ཏོ། ། ༤༽སྒྲུབ་པའི་རྟེན་རིགས་བཤད་པ། ད་ནི་འདི་ནས་བརྩམས་ཏེ། སྐབས་དང་པོ་ཡོངས་སུ་རྫོགས་པའི་བར་གྱིས་བཤད་པ་འདི་གཏན་ལ་དབབ་པ་ཞེས་བྱ་བ་ཆོས་བརྒྱད་པ་གང་ཡིན་པ་དེ་སྟོན་ཅིང༌། འདིའི་སྐབས་ཀྱི་ཆོས་བཅུ་ལས་སྒྲུབ་པའི་རྟེན་རིགས་གང་ཡིན་པ་དེ་སྟོན་ཏེ། དེ་ལ་མདོ་སྡེ་རྒྱན་ལས། རིགས་ཡོད་པ་དང༌། རིགས་མཆོག་དང༌། རིགས་ཀྱི་མཚན་ཉིད་དང༌། རྟགས་དང༌། དབྱེ་བ་དང༌། ཉེས་དམིགས་དང༌། ཕན་ཡོན་དང༌། དཔེ་རྣམ་པ་གཉིས་དེ་ཆོས་བརྒྱད་མདོར་བསྟན་ཅིང་དེ་དག་རེ་རེ་ཞིང༌། ངོ་བོ་དང༌། རྒྱུ་མཚན་བསྟན་པའི་སྒོ་ནས་རྒྱས་པར་བཤད་པ་གཉིས་ཀྱི་ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པ་དང༌། ཆོས་ལྷག་མ་བདུན་གྱིས། བྱང་ཆུབ་སེམས་དཔའི་རིགས་མཆོག་དང༌། དེའི་མཚན་ཉིད་དང༌། དེའི་རྟགས་ལ་སོགས་པ་བསྟན་ཏོ། ། དེ་ལ་དང་པོ་མདོར་བསྟན་པ་ནི་འདི་ལྟ་སྟེ། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམ་གཉིས་དེ་རྣམ་པ་བཞི། །ཞེས་པས། དེ་དག་རེ་རེ་ཡང་བཞི་བཞིའི་སྒོ་ནས་རྒྱས་པར་འཆད་ཅེས་པའི་དོན་ནོ། ། ༡ ཐེག་པ་གསུམ་གྱི་རིགས་ཐ་དད་པ་ཡོད་པར་བསྟན་པ།