ཕར་ཕྱིན་མདོ་ལུགས་མ།

བརྟག་པ་བཞི་ནི། ཤེར་ཕྱིན་འདི་ནི་གང༌། འདི་ནི་གང་གི འདི་ནི་ཅིའི་ཕྱིར། འདི་ནི་ཅི་ཞིག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་རིམ་པ་ལྟར་ཤེར་ཕྱིན་གྱི་ངོ་བོ་དང༌། གང་གི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེར་ཕྱིན་ཟེར་བའི་རྒྱུ་མཚན་དང༌། ཤེར་ཕྱིན་གྱི་བྱེད་པ་འདྲི་པའི་ལན་དུ། ཤེར་ཕྱིན་ངོ་བོ་ནི་རྟོགས་པའོ། །ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། ཇི་ལྟ་བ་ཉིད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར་རོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འབྱིན་པའི་ཕྱིར་རོ། །ཞེས་བརྗོད་པར་བྱའོ། །ཞེས་པར་སློབ་དཔོན་དབྱིག་གཉེན་དང༌། འབུམ་ཊིཀ་མཁན་པོ་དག་གསུང་སོ། །རིན་ཆེན་སྡུད་པ་ལས། བྱེད་པ་མ་གཏོགས་པ་གསུམ་གསུངས་སྟེ། ཇི་སྐད་དུ། ཡང་འདི་ཤེས་རབ་འདི་ནི་གང་ཡིན་སུ་ཡི་ཡིན། གང་ལས་ཡིན་ཞེས་ཆོས་འདི་ཐམས་ཅད་སྟོང་པར་རྟོག ཅེས་སོ། །དེས་ན་འདིར་ཡང༌། ཤེས་རབ་ཉིད་ལ་ཡོངས་རྟོག་པ། ཞེས་པར་བསྒྱུར་དགོས་སོ། །བཟོད་པ་ཆུང་ངུ་ནི། ཆོས་ཉིད་ཀྱི་གཟུགས་སོགས་དངོས་པོའི་ངོ་བོ་ཉིད་མེད་པ་ཉིད་གང་ཡིན་པ་དེ་ནི་བཏགས་པའི་མཚན་ཉིད་མེད་པ་ཉིད་ཀྱི་ངོ་བོ་ཉིད་དུ་གྱུར་པའི་ཡེ་ཤེས་སོ། །བཟོད་པ་འབྲིང་ནི། གཤིས་ལ་མེད་པའི་ཕྱིར་བཏགས་པའི་ཆོས་དེ་དག་སྐྱེ་བ་མེད་ཅིང༌། དེ་ལ་ངེས་པར་འབྱུང་བ་མེད་པ་དང༌། རང་བཞིན་གྱི་རྣམ་པར་དག་པའི་ཕྱིར་ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་དྲི་བཅས་ཀྱི་གནས་སྐབས་ན་སྐྱེ་བ་མེད་ཅིང་དྲི་མེད་ཀྱི་གནས་སྐབས་ན། གློ་བུར་གྱི་ངེས་པར་འབྱུང་བ་མེད་པས་མི་དམིགས་པར་སྦྱོད་པའི། བྱང་སེམས་དེ་ལུས་ངག་སེམས་མཚན་ཡོངས་སུ་དག་པ་དང་ལས་ཀྱི་དབང་གིས་ངན་སོང་དུ་མི་སྐྱེའོ། །བཟོད་པ་ཆེན་པོ་ནི་ཆོས་ཉིད་གཟུགས་སོགས་ལ་དེ་དག་གཟུགས་སོགས་ལ་འཛིན་རྟོག་གིས་སྦྱོད་པའི་མཚན་མ་མེད་ཅིང་སེམས་ཕྱིན་ཅི་ལོག་གིས་གཟུགས་ལ་གནས་པའི་ཚུལ་གྱིས། དེའི་མཚན་མར་མི་རྟེན་པས། ལྟ་བ་ཕྱིན་ཅི་ལོག་གིས་གཟུགས་སོགས་ལ་མོས་པ་མིན་ཅིང༌། འདུ་ཤེས་ཕྱིན་ཅི་ལོག་མེད་པའི་ཡེ་ཤེས་ཡིན་ནོ། །ཇི་སྐད་དུ། གནས་ཞེས་བྱ་བ་ནི། སེམས་ཕྱིན་ཅི་ལོག་གིས་སོ། །ཀུན་ཤེས་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གིས་སོ། །མོས་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་ལོག་གིས་སོ། །ཞེས་སློབ་དཔོན་དབྱིག་གཉེན་དང༌། འབུམ་ཊིཀ་མཁན་པོ་དག་གསུངས་སོ། ། འདིར་ཕྱིན་ཅི་ལོགས་གསུམ་མེད་པར་བསྟན་པ་འདིས་ཀྱང་བཟོད་པ་འཛིན་རྟོག་ཡིན་པ་བསལ་བ་ཡིན་ནོ། །སྐབས་འདིར་མདོ་ལས་ཐབས་ལ་མི་མཁས་པ་དང། མཁས་པ་དག་གིས་རིམ་ལྟར་བཟློགས་ཕྱོགས་དང་དེའི་གཉེན་པོ་སྦྱོར་ལམ་བཟོད་པ་གཉིས་ཀ་བསྟན་ཏོ། ། ཆོས་མཆོག་ཆུང་ངུ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང། ཏིང་ངེ་འཛིན་དེའི་བྱེད་པ་ཉིད་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་གྱི་དབྱེ་བ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང། དཔའ་བར་འགྲོ་བ་དང༌། རིན་ཆེན་ཕྱག་རྒྱའི་ཏིང་ངེ་འཛིན་ལ་སོགས་པ་བརྒྱ་ཉེར་གཅིག་གོ། ཏིང་ངེ་འཛིན་གྱི་བྱེད་པ་ནི་ཏིང་ངེ་འཛིན་དེ་དང་དེས་གནས་པའི་བྱང་སེམས་མྱུར་དུ་འཚང་རྒྱ་བ་ཡིན་ནོ། །མདོ་ལས་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ་ཏིང་ངེ་འཛིན་དེས་གནས་པའི་བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་སོ། །སྡུད་པ་ལས་སྐྱེ་མེད་བློ་ལྡན་ཏིང་ངེ་འཛིན་ཞི་བ་མཆོག་ལ་རེག། ཅེས་ཏིང་ངེ་འཛིན་གྱི་བྱེད་པ་ཞི་བ་རྣམས་ཀྱི་ནང་ནས་ཞི་མཆོག་ལ་རེག་པ་གང་ཡིན་དེ་ཉིད་ཡིན་པར་གསུངས་སོ་ཆོས་མཆོག་འབྲིང་ནི་བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དེ་དག་གིས་གནས་པ་དེ། དེ་བཞིན་གཤེགས་པས་ཟླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པ་དང༌། བདག་ནི་དུས་གསུམ་དུ་སྙོམ་པར་ཞུགས་སོ། །འཇུག་གོ །འཇུག་པར་འགྱུར་རོ། །ལངས་སོ་སྙམ་དུ་ཏིང་ངེ་འཛིན་དེ་ནི་རློམ་སེམས་སུ་འགྱུར་བ་ཟད་པ་ཡིན་ནོ། །ཇི་སྐད་དུ། བྱང་ཆུབ་སེམས་དཔའ་གང་དེ་འདིར་བདག་ཞིར་གནས་པ། འདི་ནི་སྔོན་གྱི་དེ་བཞིན་གཤེགས་པས་ལུང་བསྟན་ཡིན། །བདག་ནི་མཉམ་པར་བཞག་གམ་ལངས་ཞེས་རློམ་སེམས་མེད། །ཅི་ཕྱིར་ཞེ་ན་ཆོས་ཀྱི་རང་བཞིན་ཡོངས་ཤེས་ཕྱིར། །ཞེས་གསུངས་སོ། །ཆོས་མཆོག་ཆེན་པོ་ནི་གནས་སྐབས་འདིར་གཉིས་འཛིན་ནུབ་པས་ཡུལ་དང་ཡུལ་ཅན་མཉམ་པ་ཉིད་ཀྱི་ཕྱིར་ཤེར་ཕྱིན་དང༌། ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་གསུམ་པོ་ཕན་ཚུན་གཞི་མཐུན་ཡིན་པའི་ཚུལ་གྱི་ངོ་བོ་གཅིག་གོ །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །མདོ་ལས། ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ་ཏིང་ངེ་འཛིན་ཀྱང་གཞན་ཞེང་བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱི་བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཡིན་ལ། ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པའི་ཕྱིར་རོ། །ཞེས་སོ། །དེའི་བཤད་པར་སློབ་དཔོན་དབྱིག་གཉེན་གྱིས་ཆོས། ཐམས་ཅད་ནི་དེ་བཞིན་ཉིད་ཙམ་དུ་བདག་ཉིད་གཅིག་པའི་ཕྱིར། དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །ཞེས་གསུངས་སོ། །དེས་ན་འདིར་ཡང་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཞེས་གསུངས་ཀྱི་ཏིང་ངེ་འཛིན་འདི་དག་འཛིན་རྟོག་ཡིན། ཤེས་ནི་མ་གསུངས་པའི་ཕྱིར་ཆོས་མཆོག་གི་ངོ་བོ་དེ་འཛིན་རྟོག་ཡིན་པ་བསལ་པ་ཡིན་ནོ། །གོང་དུ་བཤད་པ་དེ་ལྟར་ཐམས་ཅད་ཀྱི་མཇུག་བསྡུ་བ་ངེས་འབྱེད་ཆ་མཐུན་དྲོད་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་བཞི་པོ་ནི་རེ་རེ་ཡང་ཆུང་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་ཕྱེ་བས་རྣམ་པ་བཅུ་གཉིས་ཡིན་ནོ། །གང་དག་གཟུགས་སོགས་འདུ་འགོད་གནས་བྲལ་དང་ཞེས་པ་ནས།ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཞེས་བྱ་བའི་བར་དྲོད་འབྲིང་བོ་ལ་སོགས་པ་རེ་རེ་ཡང་དམིགས་པ་དང་རྣམ་པ་གཉིས་གཉིས་སུ་འཆད་པ་ལ་ནི། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། ཆུང་དང་འབྲིང་དང་ཆེན་པོ་ཡིན། ཞེས་པ་འདིས་དངོས་སུ་གནོད་ཅིང༌། མདོར་བསྟན་ཏུ་དམིགས་རྣམ་དང་ཆུང་འབྲིང་ལ་སོགས་སོ་སོར་བྱུང་བ་ལྟར་རྒྱས་བཤད་དུ་ཡང་སོ་སོར་འཆད་པར་རིགས་པས་ཀྱང་གནོད་དོ། །དེས་ན་རྒྱལ་བ་དང༌། རྒྱལ་ཚབ་དག་ལ་དཔང་དུ་བྱས་ནས་གཟུ་བོར་གནས་པའི་བློས་གསེར་བཞིན་དུ་ལེགས་པར་བརྟགས་དགོས་སོ། །དེ་རྣམས་ཀྱིས་ཆུང་དང་འབྲིང་དང་ཆེན་པོར་དེ་དབྱེ་བ་བཤད་ཟིན་ཏོ། ། ༥ རྣམ་རྟོག་བཞི་པོ་བཤད་པ། ད་ནི་ལྔ་པ་རྣམ་རྟོག་བཞི་པོ་འཆད་པ་ནི། ངེས་འབྱེད་ཡན་ལག་བཞི་པོའི་རྣམ་པའི་དགག་བྱ་མངོན་ཞེན་ལ་སོགས་ཕྱིན་ཅི་ལོག་གསུམ་པོའི་ངོ་བོར་གྱུར་པའི་རྣམ་རྟོག་ནི། གཟུང་རྟོག་དང་འཛིན་རྟོག་གཉིས་སོ། །དེ་ལ་གཟུང་བར་འཛིན་པ་ནི། གཟུང་རྟོག་དང༌། འཛིན་པར་འཛིན་པ་ནི་འཛིན་རྟོག་གོ། གཟུང་རྟོག་ལ་ཡང་ལྡོག་པའི་གཟུང་རྟོག་དང༌། འཇུག་པའི་གཟུང་རྟོག་གཉིས་སོ། །དེ་ལ་གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་ལྡོག་པའི་གཟུང་རྟོག་དང༌། གང་གཟུང་བྱའི་་ཡུལ་ཡོན་ཏན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་འཇུག་པའི་གཟུང་རྟོག་གོ། གཉིས་པོ་དེ་དག་སྟོན་པ་ནི། གཞི་དང་དེའི་གཉེན་པོ་ཡིས། གཟུང་བར་རྟོག་པ་རྣམ་པ་གཉིས། ཞེས་པ་ལ་གཞི་ཀུན་ནས་ཉོན་མོངས་པ་སྐྱོན་ཅན་དུ་འཛིན་པ་དང༌། ཀུན་ནས་ཉོན་མོངས་པ་དེའི་གཉེན་པོ་རྣམ་བྱང་ཡོན་ཏན་ཅན་དུ་འཛིན་པའི་ཁྱད་པར་དེ་ཡིས་རིམ་པ་ལྟར་ལྡོག་པའི་གཟུང་བར་རྟོག་པར་དང༌། འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་བསྟན་ཏོ། །དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རྨོངས་དང་ཕུང་སོགས་བྱེ་བྲག་གིས། དེ་ནི་སོ་སོར་རྣམ་པ་དགུ ཞེས་པ་ལ་རྨོངས་པ་སྟེ་མ་རིག་པ་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བྱེ་བྲག་གིས་གཟུང་རྟོག་གཉིས་པོ་དེ་ནི་སོ་སོར་དབྱེ་བ་རྣམ་པ་དགུ་དགུ་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་ལྟ་བུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། ཆོས་འདི་དག་ཇི་ལྟ་བུར་ཡོད་པ་ལགས། བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ལ་དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མ་རིག་པ་ཞེས་བྱའོ། །ཞེས་སོགས་དང་དེ་ལ་བྱིས་པ་གང་དག་མ་རིག་པ་དང་སྲེད་པ་དག་གི་མངོན་པར་ཞེན་པ་དེ་དག་གིས་ཡོད་པ་མ་ཡིན་པ་ལ་བཏགས་ཏེ། ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་ནམ། འདི་ལྟ་སྟེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་པ་ནས། དེ་དག་ནི་མི་ཤེས་མི་མཐོང་བ་སྟེ། དེ་དག་གིས་ཆོས་གང་དག་ཡོད་པ་མ་ཡིན་པའི་ཆོས་དེ་དག་ཡོངས་སུ་བཏགས་པ་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང༌། ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་ཡང་མངོན་པར་ཞེན་ཏོ། །ཞེས་སོགས་གསུངས་སོ། །འདིར་ཡང༌། རྟོག་པ་འདི་དག་མ་རིག་པ་དང༌། སྲེད་པ་མཐའ་གཉིས་ལ་ཞེན་པ་དང༌། ཡོད་པ་མ་ཡིན་པ་ལ་ཡོད་པར་ཞེན་པའི་ངོ་བོ་ཡིན་པར་གསུངས་པ། འདིས་ཀྱང་ངེས་འབྱེད་ཡན་ལག་བཞི་པོ་རྟོག་པ་འདི་དག་ཡིན་པ་དང༌། དགག་རྟོག་ཡིན་པ་བསལ་བ་ཡིན་ནོ། །གཉིས་པ་འཛིན་རྟོག་ལ་ཡང༌། སེམས་ཅན་རྫས་སུ་ཡོད་པར་ཞེས་པ་རྫས་འཛིན་དང༌། སེམས་ཅན་བཏགས་པར་ཡོད་པར་ཞེན་པ་བཏགས་འཛིན་གཉིས་སོ། །གཉིས་པོ་དེ་དག་སྟོན་པ་ནི། རྫས་དང་བཏགས་པའི་རྟེན་ཅན་གྱི། འཛིན་པའང་རྣམ་པ་གཉིས་སུ་འདོད། ཞེས་པ་ལ་སེམས་ཅན་རྫས་སུ་ཡོད་པའི་རྟེན་གྱི་འཛིན་པ་དང༌། སེམས་ཅན་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་རྣམ་པ་གཉིས་སུ་འདོད་དེ་བསྟན་ཏོ། །འང་གི་སྒྲ་ནི་སྔ་མ་ལྟར་གཉིས་སུ་སྟོན་པའོ། །འཛིན་རྟོག་དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རང་དབང་བདག་སོགས་ངོ་བོ་དང༌། ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་ལ་རང་དབང་ཅན་དང༌། བདག་དང་སོགས་པའི་སྒྲས་སེམས་ཅན་ལ་སོགས་ངོ་བོ་རྟེན་གྱི་དབྱེ་བ་དགུ་ལས་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་རྟེན་གྱི་དབྱེ་བ་དགུ་ལས། རྟེན་ཅན་འཛིན་རྟོག་གཉིས་པོ་ཡང་སོ་སོར་དགུ་དགུར་དབྱེ་བ་ནི་ཇི་ལྟར་གཟུང་རྟོག་དབྱེ་བ་དེ་བཞིན་ནོ། །མདོ་ལས་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེར་ཕྱིན་ལ་བསླབས་ནས་རྣམ་མཁྱེན་དུ་ངེས་པར་འབྱུང་བར་འགྱུར་རམ། ཞེས་པ་ནས། སྒྱུ་མ་ཡང་གཞན་ལ་གཟུགས་ཀྱང་གཞན་ཞིག་ཡིན་སྙམ་མམ། ཞེས་སོགས་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་མིང་དང་བརྡས་ཐ་སྙད་དུ་གདགས་སུ་ཡོད་དམ། ཞེས་པ་ནས། བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་གང་དག་ལགས་པ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ་ལགས་པའི་སླད་དུའོ། ཞེས་པ་ལ་སོགས་གསུངས་པ་ནི་འཛིན་རྟོག་འདི་དག་གཞན་དབང་ཡིན་པའི་ཕྱིར། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། གཞན་གྱི་དབང་ནི་ཡང་དག་བསྟན་ཞེས་པའི། དོན་ཏོ། །སྡུད་པ་ལས། གཟུང་རྟོག་གི་སྐབས་སུ། གང་ཞིག་ཡོད་པ་མ་ཡིན་དེ་ནི་མེད་ཅེས་བྱ། བྱིས་པ་རྣམས་ཀྱིས་དེ་བཏགས་ཡོད་དང་མེད་པར་བྱེད། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། བྱང་ཆུབ་སེམས་དཔའ་གང་གིས་འདི་ཤེས་ངེས་པར་འབྱུང༌། ཞེས་གསུངས་པ་ནི་ཆོས་ཐམས་ཅད་གཤིས་ལ་མེད་ཀྱང་ཐ་སྙད་དུ་གཟུང་རྟོག་གིས་ཡོད་པ་དང་མེད་པའི་ཆོས་སུ་འདོགས་པར་བྱེད་པས་ཆོས་ཐམས་ཅད་བཏགས་པ་ཙམ་དུ་དྲོད་རྩེ་ལ་གནས་པའི་བྱང་སེམས་གང་གིས་ཤེས་ཤིང་ཆོས་ཉིད་གཤིས་ལ་གནས་པར་མཐོང་བས་རྣམ་མཁྱེན་དུ་ངེས་པར་འབྱུང་ཞེས་པའི་དོན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། ཇི་ལྟར་རི་བོང་མགོ་ཡི་རྭ། བཏགས་པ་ཉིད་དེ་མེད་པ་ལྟར། དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་བཏགས་པ་ཉིད་དེ་ཡོད་མ་ཡིན། ཞེས་གསུངས་པ་དེ་ཡིན་ནོ། །སྡུད་པ་ལས། འཛིན་རྟོག་གི་སྐབས་སུ་ཡང༌། གང་འདིར་ཕུང་པོ་ལྔ་དག་སྒྱུ་མ་འདྲར་ཤེས་ཤིང༌། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞི་སྤྱོད་པ། དེ་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་གསུངས་པ་ནི་བཟོད་པ་དང༌། ཆོས་མཆོག་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཛིན་རྟོག་གི་ངོ་བོ་གཞན་དབང་སྒྱུ་མ་ལྟ་བུར་ཤེས་ཤིང་དེ་གཉིས་ཐ་དད་དུ་ཡིད་ལ་མི་བྱེད་པ་ལ་རྫས་དང་བཏགས་པའི་སེམས་ཅན་སྣ་ཚོགས་པའི་འདུ་ཤེས་བྲལ་ཞིང་འཛིན་རྟོག་ཉེ་བར་ཞི་བ་སྦྱོད་པ་དེ་ཤེར་ཕྱིན་མཆོག་སྤྱོད་པ་ཡིན་ཞེས་པའི་དོན་ཏོ། །ཉི་ཁྲི་སྣང་པས། གཟུང་རྟོག་གཉིས་པོའི་ཡུལ་ཀྱི་ཁྱད་པར་འཆད་ལུགས་ལྟར་ན། གཞི་དང་དེ་ཡི་གཉེན་པོ་ཡིས། །ཞེས་པ་འདིས་རྣམ་བྱང་དེ་དངོས་པོ་ཐམས་ཅད་ཀྱི་གཉེན་པོར་བྱས་སྣང་ངོ༌། །གཟུང་རྟོག་དང་འཛིན་རྟོག་གཉིས་ལ་ཡང་མུ་བཞིའི་བཤད་པར་བྱས་ཏེ། ཡུལ་གཅིག་ལ་མ་ལྟོས་པར་ཡུལ་ཐ་དད་པའི་སྒོ་ནས་ཀྱང༌། གཟུང་རྟོག་དང་འཛིན་རྟོག་གཉིས་ཡིན་དུ་འཇོག་ན། རྗེས་དཔག་ལ་སོགས་རྟོག་པ་ཐམས་ཅད་ལ་ཡང༌། ཡུལ་ཐ་དད་པའི་སྒོ་ནས་ལ་ལ་ལ་ལྟོས་ནས་མངོན་སུམ་དུ་འགྱུར་བའི་ཕྱིར་མངོན་སུམ་དང་རྟོག་པ་གཉིས་ཡིན་སྲིད་པར་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་ཡུལ་གང་ལ་གཟུང་བར་ཞེན་པ་དེ་འཛིན་རྟོག་མ་ཡིན་ཞིང་གང་ལ་འཛིན་པར་ཞེན་པ་དེ། གཟུང་རྟོག་མ་ཡིན་ནོ། །ཞེས་བྱ་བར་རིགས་སོ་སུམ་ཅུ་པའི་རབ་ཏུ་བྱེད་པར་གཟུང་རྟོག་དང་འཛིན་རྟོག་གཉིས་ལ་འཛིན་པ་གཉིས་ཞེས་གསུངས་པ་ནི་གཟུང་པར་འཛིན་པ་དང་འཛིན་པར་འཛིན་པ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱིས་རྣམ་རྟོག་བཞི་པ་བཤད་ཟིན་ཏོ། ། ༦ ཡོངས་འཛིན་རྒྱས་པར་བཤད་པ།