ཕར་ཕྱིན་མདོ་ལུགས་མ།

༣ རྒྱུ་བཤད་པ། གསུམ་པ་ནི། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། ཞེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཡིན་པར་བསྟན་ཏོ། །མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་ཤེར་ཕྱིན་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་རྣམས་ཀྱིས་བརྩོན་པའི་ཕན་ཡོན་བཤད་ཟིན་ཏོ། ། ༤ ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་བཤད་པ། ད་ནི་བརྩོན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཅིང་བཞི་པ་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་འཆད་པ་ནི་འདི་ལྟ་སྟེ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། ཞེས་པས་དྲོད་ཆུང་ངུ་དང༌། གནས་དང་བརྟགས་དང་བརྗོད་དུ་མེད། ཅེས་པས་དྲོད་འབྲིང་པོ་དང༌། གཟུགས་སོགས་མི་གནས་དེ་དག་ནི། དེ་ཡི་ངོ་བོར་རང་བཞིན་མེད། དེ་དག་གཅིག་གི་རང་བཞིན་གཅིག ཅེས་པས་དྲོད་ཆེན་པོ་རྣམས་བསྟན་ཏོ། དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག། ཅེས་པས་རྩེ་མོ་ཆུང་ངུ་དང༌། །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པས་རྩེ་མོ་འབྲིང་དང༌། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་རྩེ་མོ་ཆེན་པོ་རྣམས་བསྟན་ཏོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པས་བཟོད་པ་ཆུད་ངུ་དང༌། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་ཞེས་པས་བཟོད་པ་འབྲིང་དང༌། །དེ་དག་མཚན་མེད་དེའི་མཚན་མར་མི་རྟེན་པས། མོས་མིན་འདུ་ཤེས་མེད་པ་ཡིན། ཞེས་པས་བཟོད་པ་ཆེན་པོ་རྣམས་བསྟན་ཏོ། །ཏིང་ངེ་འཛིན་དེའི་བྱེད་པ་ཉིད། ཅེས་པས་ཆོས་མཆོག་ཆུང་ངུ་དང༌། ལུང་སྟོན་པ་དང་རློམ་པ་ཟད། ཅེས་པས་ཆོས་མཆོག་འབྲིང་དང༌། གསུམ་པོ་ཕན་ཚུན་ངོ་བོ་གཅིག། ཏིང་འཛིན་རྣམ་པར་མི་རྟོག་པ། ཞེས་པས་ཆོས་མཆོག་ཆེན་པོ་རྣམས་བསྟན་ཏོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པས་རེ་རེ་ཡང་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡིན་པར་མཇུག་བསྡུས་དེ་བསྟན་པ་ཡིན་ནོ། །དེ་རྣམས་རིམ་པ་ལྟར་བཤད་པ་ནི། གཟུགས་སོགས་ཡང་དག་པར་ཡོད་པ་ལ་མིང་ཙམ་གྱིས་སྐུར་པ་འདེབས་པ་ནི་འདུ་འགོད་པ་སྟེ། འགྲུབ་པ་དང་ཡང་དག་པར་མེད་པ་ལ་མིང་ཙམ་གྱིས་སྒྲོ་འདོགས་པ་ནི་འདུ་འགོད་པ་སྟེ། འཕེལ་བའོ། །ཡང་དག་པར་དྲོད་ཆུང་དུའི་ཡེ་ཤེས་དེས་བཏགས་པའི་ཆོས་ཐམས་ཅད་མ་མཐོང་ཞིང་མིང་དེ་ཡང་མེད་པའི་ཕྱིར་གཟུགས་སོགས་འདུ་འགོད་བྲལ་བ་དང་མིང་གནས་པ་དང་བྲལ་བའི་ཡེ་ཤེས་འདི་དྲོད་ཆུང་དུ་ཡིན་ནོ། །འདི་འགོད་ཅེས་པ་འདི་མདོ་ལས། འཕེལ་འགྲིབ་ཅེས་པར་འབྱུང་བ་སློབ་དཔོན་དབྱིག་གཉེན་དང༌། འབུམ་ཊི་ཀ་མཁན་པོས་སྒྲོ་སྐུར་དུ་བཤད་ཅིང་ཉི་ཁྲི་སྣང་བས་སྐྱེ་འགག་ཏུ་བཤད་དེ། མདོ་ལས། མིང་ཙམ་གྱིས་ཇི་ལྟར་འཕེལ་བ་དང་འགྲུབ་པར་བགྱི་སྟེ། ཞེས་གསུངས་པས་འདི་འགོད་ཀྱིས་དོན་སྒྲོ་སྐུར་དུ་འཆད་པ་ཉིད་མདོ་དང་འབྱོར་རོ། །དེས་ན་མིང་གིས་འདི་འགོད་དང་འཕེལ་འགྲིབ་བྱེད་པ་ནི་མིང་གིས་སྒྲོ་སྐུར་བྱེད་ཅེས་པའི་དོན་ཏོ། ། ཉི་ཁྲི་སྣང་བ་ལྟར་ན་མིང་ཙམ་གྱིས་གཟུགས་སོགས་སྐྱེ་འགག་བྱེད་ཅེས་པར་འགྱུར་བས་དེ་ཉིད་ནི་མི་རིགས་སོ། །མདོ་ལས་རབ་འབྱོར་གྱིས། བཅོམ་ལྡན་འདས། འདི་ལྟར་བདག་གིས་ཆོས་ཐམས་ཅད་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས། བགྱི་བའི་མིང་ཙམ་གྱིས། ཇི་ལྟར་འཕེལ་བ་དང་འགྲིབ་བར་བགྱི་སྟེ། འདི་ཉིད་བདག་གི་འགྱོད་པར་འགྱུར་རོ། ། བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་སོ། །དེ་ཅི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་པ་ལགས་སོ་ཞེས་པ་འདི་ལ། སློབ་དཔོན་དབྱིག་གཉེན་གྱིས། ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་བཏགས་པ་ནི་འཕེལ་བ་ཞེས་བྱའོ། །ཡང་དག་པར་ཡོད་པ་ལ་སྐུར་པ་བཏབ་པ་ནི་འགྲིབ་བ་ཞེས་བྱའོ། །ཞེས་དང༌། འདིར་འགྱོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་ལ་མི་བྱའི། ཉེས་པ་བྱས་པའི་དངོས་པོ་ལ་འགྱོད་པ་ཞེས་བྱ་སྟེ། མི་ཤེས་པར་བྱས་པའི་སྐྱོན་དུ་འགྱུར་རོ། །སྙམ་དུ་དགོངས་པའོ་ཞེས་དང༌། དེ་ནས་མིང་དེ་ཉིད་ཀྱང་དངོས་པོ་མེད་པར་བསྟན་པའི་ཕྱིར། ཞེས་གསུངས་སོ། །དེ་བཞིན་དུ་འབུམ་འགྲེལ་ལས་ཀྱང་གསུངས་སོ། །དེས་ན་དྲོད་ཆུང་ངུ་ནི་གཟུགས་སོགས་ལ་སྒྲོ་སྐུར་མེད་ཅིང༌། མིང་ཐམས་ཅད་གནས་པ་མེད་པའི་ཡེ་ཤེས་སོ། །ཞེས་པའི་དོན་ཏོ། །དྲོད་འབྲིང་བོ་ནི་ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་པ་དང༌། ཕུང་ཁམས་ནས་མ་འདྲེས་བར་ཆོས་སུ་བཏགས་པ་ཙམ་དང༌། དེ་ལྟར་འདོགས་པའི་མིང་ནི་དགེ་མི་དགེ་ལ་སོགས་ཆོས་གང་གིས་ཀྱང་བརྗོད་དུ་མེད་པའི་ཡེ་ཤེས་སོ། །ཞེས་པའི་དོན་ཏོ། །མིང་དམིགས་སུ་མེད་པའི་ཕྱིར་དགེ་མི་དགེ་ལ་སོགས་སུ་སྡུར་མེད་པ་ལ་དེ་དང་དེས་བརྗོད་དུ་མེད་ཅེས་གསུངས་སོ། ། མདོའི་གོ་རིམ་ལྟར་ན། བཏགས་དང་བརྗོད་དུ་མེད་གནས་དང༌། ཞེས་པར་འབྱུང་ངོ༌། །དྲོད་ཆེན་པོའི་གནས་སྐབས་ཀྱི་བྱང་སེམས་ནི་ཀུན་བཏགས་པ་དང༌། གཞན་དབང་གིས་གཟུགས་སོགས་ལ་གཟུང་བའི་རྣམ་རྟོག་གིས་མི་གནས་ཏེ། ཀུན་བཏགས་དང་གཞན་དབང་གི་གཟུགས་སོགས་དེ་དག་ནི་ཆོས་ཉིད་ཀྱི་གཟུགས་སོགས་དེའི་ངོ་བོར་གྱུར་བ་་ཡོངས་སུ་གྲུབ་པའི་རང་བཞིན་དང་གཅིག་པ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཉིད་ངོ་བོ་ཐ་དད་དུ་འགྱུར་རོ། །ཞེ་ན། ཆོས་ཅན་གཟུགས་སོགས་དེ་དག་གཅིག་གི་ཆོས་ཉིད་དང༌། རང་བཞིན་སྟོང་པ་ཉིད་ནི་གཅིག་པ་ཉིད་དོ། །ཇི་སྐད་དུ། གནོད་འཇོམས་ལས། དེ་ལྟར་ཆོས་དང་ཆོས་ཉིད་དག་ཐ་དད་པ་མེད་པར་གྱུར་པས། གང་གི་ཚེ་ཆོས་ཉིད་ཀྱི་ཆོས་བརྗོད་པར་གྱུར་པ་དེའི་ཚེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱའོ། །གང་གི་ཚེ་ཆོས་ཀྱིས་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ། སྟོང་པ་ཉིད་ཀྱང་གཟུགས་ཞེས་བྱའོ། །ཞེས་གསུངས་སོ། །རྩེ་མོ་ཆུང་ངུའི་གནས་སྐབས་ཀྱི་བྱང་སེམས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་སྤྱོད་པ་དེ་གཟུགས་སོགས་དེ་མི་རྟག་པ་དང་སོགས་པའི་སྒྲས་སྡུག་བསྔལ་བ་དང་བདག་མེད་པ་དང་ཞི་བ་དང་སྟོང་པ་དང་མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང་དབེན་པར་གཟུང་བའི་རྣམ་རྟོག་གིས་མི་གནས་སྟེ ། སྟོང་པ་ཉིད་ཀྱི་གཟུགས་མི་རྟག་པ་ལ་སོགས་པ་དེ་རྣམས་བཏགས་པའི་གཟུགས་མི་རྟག་པ་སོགས་དེའི་ངོ་བོས་སྟོང་པའི་ཕྱིར་དང༌། གཟུགས་མི་རྟག་པ་སོགས་དེ་དག་གཅིག་གི་ཆོས་ཉིད་དང་རང་བཞིན་སྟོང་པ་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། ། དེས་ན་འདིར་དྲི་བཅས་དང་དྲི་མེད་ལ་རིམ་པ་ལྟར་གཟུགས་སོགས་དང༌། སྟོང་པ་ཉིད་ཅེས་པར་བསྟན་ཅིང་ཆོས་དང་ཆོས་ཉིད་དེ་དག་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་གཟུགས་ལས་གུད་ན་སྟོང་པ་ཉིད་མེད་ཅིང༌། སྟོང་པ་ཉིད་ལས་གུད་ན་གཟུགས་མེད་པ་དང༌། སྟོང་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་པར་སློབ་དཔོན་དབྱིག་གཉེན་གྱིས་གསུངས་སོ། །རྩེ་མོ་འབྲིང་ནི་གཟུང་བའི་རྣམ་རྟོག་གིས་ཆོས་རྣམས་མི་འཛིན་པ་གང་ཡིན་པ་དེ་ཡིན་ཏེ། ཆོས་དེ་དག་མཚན་པར་མི་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར་དང༌། ཡོངས་གྲུབ་གཟུགས་སོགས་ནི་ཡོངས་སུ་གཟུང་བ་མེད་ཅིང༌། མཚན་མ་ཡང་མ་ཡིན་པའི་ཕྱིར་རོ། །རྩེ་མོ་ཆེན་པོ་ནི། བརྟག་པ་བཞིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་ཡོངས་སུ་རྟོག་པ་ན། ཆོས་ཐམས་ཅད་དམིགས་སུ་མེད་པར་མཐོང་བའི་ཡེ་ཤེས་སོ། །དམིགས་སུ་མེད་པའི་དོན་ནི། དངོས་པོ་མེད་པར་གནོད་འཇོམས་སུ་གསུངས་སོ། །