ཕར་ཕྱིན་མདོ་ལུགས་མ།

༣༽ངེས་འབྱེད་ཡན་ལག་བཤད་པ། ད་ནི་བརྩོན་པའི་ཕན་ཡོན་ཞེས་བྱ་བ་དྲུག་པ་སྟོན་ཅིང༌། སྐབས་འདིའི་ཆོས་གསུམ་པ་ངེས་འབྱེད་ཡན་ལག་རྣམ་པ་བཞི་པོ་གང་ཡིན་པ་དེ་འཆད་པ་ལ་གཉིས་དེ། ཆོས་དྲུག་མདོར་བསྟན་པའི་སྒོ་ནས་ཁྱད་པར་གྱི་ཆོས་བཞིས་ཉན་རང་ལས་འཕགས་པར་བསྟན། ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པའོ། ། ༡ ཁྱད་པར་གྱི་ཆོས་བཞིས་ཉན་རང་ལས་འཕགས་པར་བསྟན་པ། དེ་ལ་དང་པོ་ནི་འདི་ལྟ་སྟེ། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབས་པ་ཡིས། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་པོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང༌། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་པ་འདིས་བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་མཐུན་པ་རྣམས་ཉན་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལས་ཆོས་སྤྱོད་བཞིས་ཁྱད་པར་དུ་འཕགས་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུའི་ངེས་འབྱེད་ཆ་མཐུན་ནི་ཅི་འདྲ་བ་ཞིག་ཆོས་བཞི་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བསམ་པ་ཅན་དེའི་སྦྱོར་ལམ་དྲོད་དང་སོགས་པའི་སྒྲས་བསྡུས་པ་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་བདག་ཉིད་བཞི་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་ལྡོག་པའི་གཟུང་རྟོག་དང་འཇུག་པའི་གཟུང་རྟོག་དང་རྗེས་སུ་འཛིན་པའི་རྣམ་རྟོག་དང༌། བརྟགས་པར་འཛིན་པའི་རྣམ་རྟོག་བཞི་པོ་སྤང་བྱར་ལྡན་ཅིང༌། དེའི་གཉེན་པོ་བྱང་ཆུབ་སེམས་དཔའི་རྒྱུད་ལ་བརྟེན་པ་དྲོད་སོགས་རེ་རེ་ཡང་ཆུང་དང་འབྲིང་དང་ཆེན་པོར་ཕྱེ་བ་བཅུ་གཉིས་པོ་རྣམས་འཕགས་སོ། །ཁྱད་པར་གྱི་ཆོས་དམིགས་པ་དང་རྣམ་པ་དང་རྒྱུ་དང་ཡོངས་སུ་འཛིན་པ་བཞི་བོ་དེ་ཡིས་སོ། །གལ་ཏེ་དེ་ལྟ་ན་ཉི་ཁྲི་སྣང་བ་ལས་རྟོག་པ་བཞི་པོ་རིམ་པ་ལྟར་དྲོད་སོགས་བཞི་པོ་ཡིན་པར་བཤད་པ་དང་འགལ་ལོ། །ཞེ་ན། འགལ་བར་འདོད་ལ་རག་མོད། རྒྱལ་ཚབ་མི་ཕམ་མགོན་པོའི་དགོངས་པ་ནི། མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་འགྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ༌། །ཞེས་ཚོགས་ལམ་གྱི་རྗེས་དེ་ནས་དྲོད་ཀྱི་གནས་སྐབས་དེ་འདྲར་འགྱུར་བའི་བྱང་ཆུབ་སེམས་དཔའ་མཉམ་པར་བཞག་པ་དེས་ཡིད་ཀྱི་བརྗོད་པ་རང་དང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་མ་གཏོགས་པ་གཟུང་བའི་དོན་ཀུན་རབ་ཏུ་མི་མཐོང་བ་ནི་དྲོད་ཀྱི་ཡེ་ཤེས་སོ། ། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པ་ཀུན་ཏུ་རྩོམ། ཞེས་རྩེ་མོའི་གནས་སྐབས་ན་ཆོས་ཀྱི་སྣང་བ་སྟེ་ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ཉིད་འཕེལ་བར་བྱ་བའི་ཕྱིར་གཟུང་བའི་དོན་ལ་མི་གནས་པའི་བྱེད་བས་བརྩོན་འགྲུས་བརྟན་པ་རྩོམ་པར་བྱེད་དོ། །ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡིས། །རྣམ་པ་གཡེང་བ་དེ་སྤངས་འགྱུར། དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་བཟོད་པའི་གནས་སྐབས་ན་ཆོས་ཀྱི་སྣང་བ་འཕེལ་ནས་སེམས་ཙམ་ལ་གནས་པ་དེ་ནས་དོན་དུ་སྣང་བ་ཀུན་སེམས་སུ་སྣང་བ་དེའི་ཚེ། གཟུང་བའི་རྣམ་རྟོག་སྤངས་པ་དེ་ནས་བཟོད་པ་ལ་གནས་པའི་བྱང་སེམས་དེ་ལ་འཛིན་པའི་རྣམ་རྟོག་འབའ་ཞིག་ལུས་སོ། །དེ་ཚེ་བར་ཆད་མེད་པ་ཡིས། །ཏིང་ངེ་འཛིན་ལ་མྱུར་དུ་རེག། འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །ཞེས་འཇིག་རྟེན་པའི་ཆོས་མཆོག་གི་གནས་སྐབས་ན་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་མྱུར་དུ་རེག་ལ་བར་ཆད་མེད་པའི་དོན་ནི་འདི་ལྟར་ཏིང་ངེ་འཛིན་དེའི་མཇུག་ཐོགས་སུ་འཛིན་པའི་རྣམ་རྟོག་སྤོང་བའི་ཕྱིར་རོ། །གོང་དུ་བཤད་པ་དེ་ལྟར། འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཤེས་བྱ། །ཞེས་གསུངས་པ་འདི་དང༌། ཉི་ཁྲི་སྣང་བ་གཉིས་གང་ལ་དཔང་དུ་བྱ་བར་རིགས་སོམས་ཤིག དེ་གཉིས་ཀྱི་དགོངས་པ་གཅིག་ཏུ་མི་རུང་སྟེ། དྲོད་གཟུང་རྟོག་ཡིན་ན་དེའི་སྐབས་སུ་བྱང་སེམས་དེས་གཟུང་དོན་མི་མཐོང་བར་འགལ་ལ། བཟོད་པའི་གནས་སྐབས་ན་གཉེན་པོ་མེད་པར་གཟུང་རྟོག་སྤངས་པར་ཐལ་ཏེ། བཟོད་པ་ནི་དྲོད་རྩེ་གཉིས་པོའི་གཉེན་པོ་ཡིན་པ་དང༌། རྫས་འཛིན་གྱི་རྣམ་རྟོག་གཟུང་རྟོག་གཉིས་པོའི་གཉེན་པོ་ཡིན་པ་ནི་གང་ནས་ཀྱང་མ་གསུངས་ཤིང་སྐབས་དེར་གཉེན་པོ་གཞན་ཡང་མ་གསུངས་པའི་ཕྱིར་དང༌། ཆོས་མཆོག་འཛིན་རྟོག་ཡིན་ནོ། །དེ་མཐོང་ལམ་བར་ཆད་མེད་ལམ་ལ་མྱུར་དུ་རིག་པར་འགལ་བའི་ཕྱིར་རོ། ། དེས་ན་ངེས་འབྱེད་ཡན་ལག་རྣམ་བཞི་པོ་འདི་ནི་རྣམ་པར་རྟོག་པ་མ་ཡིན་ནོ། །འོ་ན། རྗེས་སུ་མཐུན་ལ་ཕྱིན་ཅི་ལོག །རྗེས་སུ་འབྲེལ་བཅས་བཟློག་པ་དང༌། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག རྗེས་སུ་འབྲེལ་མེད་བསྒོམ་བའོ། །ཞེས་གསུངས་པ་ཅི་ཞེ་ན། འདིའི་གཉེན་པོ་བསྒོམ་པའི་གང་ཟག་གསུམ་གྱི་དབྱེ་བ་སྟོན་པ་ཡིན་གྱི། སོ་སྐྱེའི་རྒྱུད་ལ་ཡོད་པའི་སྤངས་རྟོགས་ཀྱི་ངོ་བོ་ཕྱིན་ཅི་ལོག་ཏུ་སྟོན་པ་ནི་མ་ཡིན་ཏེ། །འདིའི་འགྲེལ་བར་གཉེན་པོ་བསྒོམ་པ་དེ་མདོར་བསྡུས་ན། རྣམ་པར་གསུམ་དུ་རིག་པར་བྱ་སྟེ། ཕྱིན་ཅི་མ་ལོག་པའི་རྗེས་སུ་མཐུན་ལ། ཕྱིན་ཅི་ལོག་པ་དང༌། ཕྱིན་ཅི་ལོག་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་དང༌། ཕྱིན་ཅི་ལོག་ཀྱང་མེད་ལ་ཕྱིན་ཅི་ལོག་རྗེས་སུ་འབྲེལ་པ་མེད་པ་སྟེ། སོ་སོའི་སྐྱེ་བོ་ཉིད་དང༌། སློབ་པ་དང་མི་སློབ་པ་དང༌། གོ་རིམ་བཞིན་ནོ་ཞེས་སོ། །དེས་ན་འཕགས་པ་སློབ་པ་ཡན་ཆད་ལ་ལྟོས་དེ། གཉེན་པོ་བསྒོམ་པའི་སོ་སྐྱེ་དེ་ཕྱིན་ཅི་ལོག་ཡིན་ཀྱང་དེའི་མངོན་པར་རྟོགས་པ་ནི་ཕྱིན་ཅི་མ་ལོག་པ་དང་རྗེས་སུ་མཐུན་ཞེས་པའི་ཏོན་ཏོ། །མདོ་སྡེ་རྒྱན་རྩ་འགྲེལ་དུ་ཡང༌། ཡང་དག་མི་རྟོག་ཡང་དག་མིན། །ཡང་དག་མ་ཡིན་མིན་མི་རྟོག། རྟོག་མིན་མི་རྟོག་མ་ཡིན་པ༌། །ཤེས་བྱ་ཐམས་ཅད་ཡིན་པར་བརྗོད། །ཡང་དག་མ་ཡིན་པའི་རྟོག་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པ་མ་ཡིན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ཡང་དག་པ་ཡང་མ་ཡིན་ལ་ཡང་དག་པ་མ་ཡིན་པ་ཡང་མ་ཡིན་པ་ནི་དེའི་རྗེས་སུ་མཐུན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་པར་གང་ཡིན་པའོ། མི་རྟོག་པ་ནི་དེ་བཞིན་ཉིད་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ། །རྟོག་པ་ཡང་མ་ཡིན་མི་རྟོག་པ་ཡང་མ་ཡིན་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་འཇིག་རྟེན་པའི་ཡེ་ཤེས་སྟེ། ཤེས་བྱ་ཐམས་ཅད་ནི་དེ་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །དེས་ན་དྲན་པ་ཉེར་བཞག་ནས་ངེས་འབྱེད་ཆ་མཐུན་གྱི་པར་གྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱང་མ་ཡིན་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཁམས་གསུམ་གྱིས་བསྡུས་པའི་སེམས་བྱུང་ཡང་མ་ཡིན་ཞིང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྗེས་མཐུན་པ་ཡིན་པར་གསུངས་པ་འདིས་ནི། སྐབས་འདིའི་ངེས་འབྱེད་ཆ་མཐུན་རྣམས་ཕྱིན་ཅི་ལོག་འབའ་ཞིག་ཡིན་པ་དང༌། གཟུང་རྟོག་དང་འཛིན་རྟོག་ཡིན་པ་བསལ་བ་ཡིན་ནོ། །དེས་ན་འདི་རྣམས་ནི་དོན་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པ་ངེས་པར་རྟོག་པ་ཞེས་བྱ་བ་ཡིན་ཏེ། ཇི་སྐད་དུ། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། དེ་ལ་ངེས་པར་རྟོག་པ་ནི། ཐེག་པ་ཆེན་པོ་མདོ་སྡེ་ལ་བརྟེན་པའི་ཚུལ་བཞིན་ཡིད་བྱེད་པས། བསྡུས་པ་སྦྱོར་ལམ་ཐམས་ཅད་དོ། །ཞེས་སོ། །གཟུང་རྟོག་དང་འཛིན་རྟོག་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པས་བསྡུས་པར་འགལ་ཏེ། དགུ་ཡི་བདག་ཉིད་ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཤེས་བྱ། །ཞེས་སོགས་ཀྱིས་སོ། །འདི་ཡི་རྟོག་པའི་སྐབས་ཀྱི་མདོ་འདི་ཉིད་ལས་ཀྱང༌། ཆོས་འདི་དག་ནི་ཇི་ལྟར་བྱས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་ལྟ་བུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་སྐབས་འདིའི་རྟོག་པ་ནི་ཚུལ་བཞིན་མ་ཡིན་པར་མངོན་པར་ཞེན་པའི་བདག་ཉིད་ཡིན་པར་གསུངས་སོ། ། དེ་རྣམས་ཀྱིས་མདོར་བསྟན་པ་བཤད་ནས། ༢ ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་རྒྱས་པར་བཤད་པ། ད་ནི་གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། དམིགས་པ་དང༌། རྣམ་པ་དང༌། རྒྱུ་དང༌། ཆུང་འབྲང་ཆེ་གསུམ་དུ་དབྱེ་བ་དང༌། རྣམ་རྟོག་བཞི་པོ་དང༌། ཡོངས་སུ་འཛིན་པ་རྒྱས་པར་བཤད་པའོ།། འདི་དག་གོ་རིམ་ཡང༌། སྔར་མདོར་བསྟན་དུ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ། རྒྱས་བཤད་ནི་མདོ་ལས་བྱུང་བའི་རིམ་པ་བཞིན་དུ་མཛད་པའོ། ། ༡ དམིགས་པ་བཤད་པ། དེ་ལ་དང་པོ་ནི། དམིགས་པ་མི་རྟག་ལ་སོགས་པ། བདེན་པའི་བརྟེན་ཅན། ཞེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་དམིགས་པ་བསྟན་ཏོ། །དམིགས་པའི་ངོ་བོ་གང་ཞེ་ན། དྲོད་སོགས་བཞི་པོའི་དམིགས་པ་གཟུགས་སོགས་མི་རྟག་པ་དང་ལ་སོགས་པའི་སྒྲས་བསྡུས་པ། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། འཕགས་པའི་བདེན་པ་བཞིའི་རྟེན་ཅན་གྱི་ཆོས་རྣམས་སོ། ། ༢ རྣམ་པ་བཤད་པ། གཉིས་པ་ནི། དེས་ནི་རྣམ་པ་མངོན་ཞེན་ལ་སོགས་འགོགས། ཅེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་རྣམ་པ་བསྟན་དོ། །རྣམ་པའི་ངོ་བོ་གང་ཞེ་ན་བདེན་པའི་ཆོས་མི་རྟག་པ་ལ་སོགས་པ་དེ་ཡིན། རྣམ་པ་མི་རྟག་ལ་སོགས་ལ་མངོན་པར་ཞེན་པ་དང༌། ལ་སོགས་པའི་སྒྲས་བསྡུས་པ། གནས་པ་དང༌། ཀུན་ཏུུ་ཤེས་པ་སྟེ། རིམ་པ་ལྟར་ལྟ་བ་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། འདུ་ཤེས་ཕྱིན་ཅི་ལོག་གསུམ་པོ་ཡིན་པས། དེ་གསུམ་འགོག་ཅིང་མེད་པའི་རྣམ་པ་གང་ཡིན་པ་དེ་ཡིན་ནོ། །དབུ་མ་བ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས༌། མངོན་པར་ཞེན་ཅིང་གནས་དེ་ཀུན་ཏུ་ཤེས་པ་ཞེས་བྱ་བ་ནི། ཆེན་པོར་གྱུར་པའི་གནས་སྐབས་ན། རྣམ་པར་རྟོག་པ་བཅས་པའི་ལྟ་བས་མངོན་པར་ཞེན་པར་བྱེད་དོ། །འབྲིང་གི་གནས་སྐབས་ན་སེམས་ཀྱི་གནས་པར་བྱེད་དོ། །ཆུང་ངུའི་གནས་སྐབས་ན་འདུ་ཤེས་ཀྱིས་ཀུན་ཏུ་ཤེས་པར་བྱེད་དོ། ། ཆོས་རྣམ་པ་གསུམ་ནི་ཕྱིན་ཅི་ལོག་དང་མཐུན་པ་སྟེ། ལྟ་བ་ཕྱིན་ཅི་ལོག་དང༌། སེམས་ཕྱིན་ཅི་ལོག་དང༌། འདུ་ཤེས་ཕྱིན་ཅི་ལོག་གོ །ཆོས་ལ་སྲེད་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། ཡང་དག་པ་ཇི་ལྟ་བཞིན་དུ་རྣམ་པར་བལྟ་བའི་ཆོས་ཉིད་དང༌། སྒྲུབ་པའི་ཆོས་ཉིད་དོ། །སྐྱོན་མེད་པ་ཞེས་བྱ་བའི་སྒྲ་ནི། མེད་པའི་དོན་དེ། སྐྱོན་ཀྱི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྐྱོན་མེད་པ་ཞེས་བྱའོ། །ཞེས་གསུངས་སོ། །འབུམ་ཊིཀ་ལས་ཀྱང༌། དེ་བཞིན་དུ་གསུངས་སོ། །མདོ་ལས་ཀྱང༌། དམིགས་པ་དང༌། རྣམ་པའི་དགག་བྱ་ལྷན་གཅིག་ཏུ་གསུངས་པ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཟུགས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་མཐུན་པའི་ཆོས་ལ་སྲིད་པ་སྟེ་སྐྱོན་ནོ། ། ཞེས་གསུངས་སོ། །མངོན་ཞེན་ལ་སོགས་འགོག་པ་ཡང་མདོ་ལས། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་གང་ཡིན་ཞེས་པའི་ལན་དུ་སྟོང་ཉིད་ཐམས་ཅད་མི་མཐོང་བ་དང༌། ཆོས་ཐམས་ཅད་ཤེས་པར་བྱ་སྟེ་ངེས་རློམ་སེམས་སུ་མི་བྱའོ། །ཞེས་པས་གསུངས་སོ། །དེས་ན་ངེས་འབྱེད་ཡན་ལག་བཞི་པོའི་རྣམ་པ་ཕྱིན་ཅི་ལོག་གསུམ་བཀག་པ་ཡིན་པར་གསུངས་པ་འདིས་ཀྱང་རྣམ་རྟོག་ཡིན་པ་བསལ་བ་ཡིན་ནོ། །